Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜ཟླ་བའི་དཀྱིལ་འཁོར་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜ཟླ་བའི་དཀྱིལ་འཁོར་ཚོམ་བུ།next

༜ཟླ་བའི་དཀྱིལ་འཁོར་ཚོམ་བུ།


GTN003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༣༥༜ ནུབ་གླིང་གི་གླུ་མའི་མདུན་གྱི་སྟེང་གི་ནམ་མཁར་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་ཞིག་བསམ་སྟེ། དེ་ཡང་མཛོད་ལས། ཉི་ཟླ་ལྷུན་པོའི་ཕྱི་ནའོ། །ཞེས་པས་གླིང་འདི་ནས་ཉི་ཟླ་དག་གི་བར་དུ་ཐག་ཇི་ཙམ་ཞིག་ཞེ་ན། ཉི་ཟླ་དག་ལྷུན་པོ་ཆུ་མཚམས་ནས་གྱེན་དུ་འཕགས་པའི་ཕྱེད་དཔག་ཚད་བཞི་ཁྲིའི་མཚམས་རི་གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པ་ནས་རྒྱུ་སྟེ། སེམས་ཅན་ཐུན་མོང་གི་ལས་ལས་གྲུབ་པའི་རླུང་གིས་ཉི་ཟླ་སྐར་མ་རྣམས་ཕུལ་ནས་རི་རབ་ལ་རླུང་གི་འཁོར་ལོ་བཞིན་དུ་འཁོར་བ་ཡིན་ནོ། །


GTN003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཉི་མའི་དཀྱིལ་འཁོར་ནི་འོག་གཞི་མེ་ཤེལ་ལས་གྲུབ་པའི་ཞེང་དཔག་ཚད་ལྔ་བཅུ་ང་གཅིག །ཤིན་ཏུ་ཚ་ཞིང་འོད་ཆེ་བ་དཔངས་སུ་དཔག་ཚད་ཕྱེད་དང་དྲུག །དཔག་ཚད་གཅིག་ནས་བཅོ་བརྒྱད་ཆ་གཅིག་ཡོད་པའི་སྟེང་དུ་གསེར་གྱི་ར་བ་དཔག་ཚད་ཕྱེད་པས་ཟླུམ་པོར་བསྐོར་བ། རིན་ཆེན་སྣ་བཞི་ལས་བྱས་པའི་ལྕོག་སྣ་ཚོགས་པས་སྤྲས་པ། ས་གཞི་ཐམས་ཅད་ཚོན་སྣ་བརྒྱད་བཀྲ་བ་རྐང་པས་མནན་ན་ནེམ་བྱེད་ཅིང་། བཏེགས་ན་འཕར་བ། མེ་ཏོག་མནྡ་ར་བས་པུས་མོ་ནུབ་པ་ཙམ་དུ་ཁེངས་པ་ལས་རྙིང་པ་རླུང་གིས་གཏོར་ནས་གསར་པ་འགྲམས་པ། ནང་གི་ལམ་སྲོང་མཆུར་དཔག་ཚད་ལྔ་དང་། ཞེང་དུ་ཕྱེད་དང་གཉིས་པ་མཛེས་ཤིང་བལྟ་ན་སྡུག་པ། ཕྱོགས་ཕྱོགས་སུ་ཐམ་རྒྱུག་ཏུ་ཡོད་པར་གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡན་གྱི་ཆུས་བཏབ་པ། ལམ་དེའི་འགྲམ་གཉིས་ན་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་རྫིང་བུ་བཟང་པོ་དཔག་བསམ་གྱི་ཤིང་ལ་སོགས་པའི་སྡོང་པོ་མང་པོས་གང་བ། དེ་དག་གི་དབུས་སུ་རིན་པོ་ཆེའི་ཕོ་བྲང་རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པའི་ངོ་མཚར་གྱིས་འཕགས་པའི་ནང་ན། ལྷའི་བུ་ཉི་མ་ལྷ་དང་ལྷ་མོ་མང་པོས་བསྐོར་ཏེ་འདོད་ཡོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་རོལ་ཞིང་གནས་སོ། ། ཟླ་བ་ནི་འོག་གཞི་ཆུ་ཤེལ་ལས་གྲུབ་པ་ཤིན་ཏུ་བསིལ་བ་ཁ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པ་སྟེ། སྟེང་དུ་དངུལ་གྱི་ར་བས་ཟླུམ་པོར་བསྐོར་བ་སོགས་ཁྱད་ཆོས་གཞན་རྣམས་ནི་ཉི་མ་དང་འདྲ་ཞིང་། ཕོ་བྲང་གི་དབུས་སུ་ལྷའི་བུ་ཟླ་བ་འཁོར་


GTN003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་བསྐོར་ཏེ་གནས་སོ། །དེ་ཡང་གླིང་བཞི་པོའི་འཇིག་རྟེན་གཅིག་ཏུ་ནི་ཟླ་བ་དང་། ཉི་མ་གཅིག་ཁོ་ནས་བྱ་བ་བྱེད་ལ། དེའི་ཚུལ་ཡང་། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པས་གླིང་བཞི་པོ་དག་ཏུ་ཉི་མས་ཅིག་ཅར་བྱ་བ་བྱེད་དམ་ཞེ་ན། མི་བྱེད་དེ། བྱང་སྒྲ་མི་སྙན་དུ་ནམ་ཕྱེད་པའི་ཚེ་ཤར་གླིང་དུ་ཉི་མ་ནུབ་པ་དང་། ལྷོ་གླིང་འདིར་ཉི་མ་ཕྱེད་པའི་ཚེ་ནུབ་གླིང་དུ་ཉི་མ་ཤར་བ་རྣམས་དུས་མཉམ་པའི་ཕྱིར། དེ་བཞིན་གཞན་ལའང་སྦྱར་ཏེ་ཤར་དུ་ནམ་ཕྱེད། ལྷོ་ཉི་མ་ནུབ། ནུབ་ཏུ་ཉིན་ཕྱེད། བྱང་དུ་ཉི་ཤར་རྣམས་དུས་མཉམ་པ་སོགས་རིགས་འདྲ་བ་ཡིན་ལ། དེ་ལ་བརྟེན་པའི་དུས་ཚིགས་ཀྱི་རྣམ་བཞག་སོགས་སྤྲོར་ཡོད་ཀྱང་རེ་ཞིག་མི་སྤྲོ་ལ། ཉི་ཟླའི་ཞོར་དུ་རྒྱུ་སྐར་དང་རི་རབ་ཀྱི་སྟེང་གི་ལྷ་གནས་སོགས་བཤད་ན་འོས་བདེ་བས། དེ་ཡང་སྐར་མ་རྣམས་ཀྱང་སྔར་བཞིན་ལྷུན་པོའི་ཕྱེད་ནས་འཆར་ཏེ། སྐར་མ་ཆེ་བ་ལ་ཞེང་དུ་རྒྱང་གྲགས་བཅོ་བརྒྱད་ནས་ཆུང་བ་རྣམས་ལ་གཅིག་དང་གསུམ་ལ་སོགས་པ་ཡོད་ཅིང་ཕལ་ཆེ་བར་བཅུ་དང་བཅུ་གཉིས་ཏེ། རྒྱུ་ནི་གསེར་དང་། ཟངས་དང་། མཁར་བ་གསུམ་ཅི་རིགས་པ་ལ་གྲུབ་པར་པཎྜི་ཏ་རྒྱལ་བཤེས་སོགས་ཀྱིས་བཞེད་ལ། ཁ་ཅིག་སྐར་མའི་ཚོགས་ཀུན་ཆུ་ཤེལ་ལས་གྲུབ་པ་སྟེ། ཆེ་བ་རྣམས་རྒྱང་གྲགས་དྲུག་ཆུང་བ་རྣམས་ལ་གཅིག་སྟེ་བར་གྱི་ཚད་ནི་བར་མ་རྣམས་ལའོ། །ཞེས་ཀྱང་བཞེད་ལ་དེ་དག་གི་སྟེང་གི་མཐའ་ཐམས་ཅད་ནི་རིན་པོ་ཆེའི་ར་བས་ཟླུམ་པོར་བསྐོར་ཞིང་གྲོང་ཁྱེར་གྱི་བཀོད་པ་ལ་སོགས་པ་ཟླ་བ་དང་


GTN003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཚུངས་པར་ཡོད་ལ། ཡང་སྐར་མ་སྨེ་བདུན་ཏེ། ཏམ་ལང་དང་། ཀུན་མིན་དང་། ལུ་སུན་དང་། ཀུན་ཁུ་དང་། ལིམ་ཚིག་དང་། ཝུན་གུ་དང་། བུ་ཀུན་ཏེ་དེ་རྣམས་ནི། ད་ལྟ་བྱང་ནས་ཤར་ཏེ་བྱང་ཕྱོགས་སུ་བཞུད་འགྲོ་བ་འདི་ནི་རི་རབ་ཀྱི་རྩེར་སུམ་ཅུ་རྩ་གསུམ་གྱི་ཕོ་བྲང་གི་སྟེང་དུ་རྒྱུ་བར་སྨེ་བདུན་ཞེས་པ་སྐར་མའི་མདོ་ལས། ས་ཡི་སྙིང་པོའི་སྟེང་ནས་དཔག་ཚད་བརྒྱད་ཁྲི་འཕགས་པ་ལྷུན་པོའི་རྩེར་གནས་པ། །གླིང་བཞི་པ་ཡི་འཇིག་རྟེན་འདིར་ནི་དབང་དང་ལྡན་པ་ཁྱོད་ཉིད་བདག་གི་ལྷ། །སྐྱེ་གནས་བཞི་དང་ལས་ལྔ་དང་ལྡན་སེམས་ཅན་སྐྱབས་དང་སྐྱོབ་པ་ཁྱོད་ཡིན་ཏེ། །ཕྲེང་བ་བརྒྱུད་ལྟར་ལྷ་ཡི་རྒྱལ་པོ་བརྒྱ་བྱིན་གྱིས་ནི་དབུ་རྒྱན་གྱུར་པ་ཉིད། །ཉི་ཟླ་གཟའ་བདུན་རྒྱུ་སྐར་རྣམས་དང་དུང་ཕྱུར་ཁྲི་ཕྲག་སུམ་ཅུའི་སྐར་མས་མཆོད། །ཅེས་གསུངས་ལ། པ་སངས། སྤེན་པ། ལྷག་པ། མིག་དམར། ཕུར་བུ་སོགས་གཟའ་རྣམས་ཀྱང་སྐར་མ་དང་འདྲ་ལ། སྨེ་བདུན་མ་གཏོགས་པའི་ཉི་ཟླ་གཟའ་སྐར་འདི་དག་ཐམས་ཅད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་སོ། །རི་རབ་ཀྱི་སྟེང་། སུམ་ཅུ་རྩ་གསུམ་པའི་གནས་ཡོད་དོ། །ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ལས། རི་རབ་སྟེང་ན་སུམ་ཅུ་རྩ་གསུམ་གནས། །མ་འདྲེས་འཕྲེང་འབར་གཟི་བརྗིད་མཆོག་ལ་སོགས། །ཉེ་དབང་གནས་རིགས་སུམ་ཅུ་རྩ་གཉིས་དང་། །གཙོ་བོ་གནས་ཏེ་རྩ་གསུམ་མཐོ་རིས་ཡུལ། །ཞེས་གསུངས་ལ། དེ་ཡང་སུམ་ཅུ་རྩ་གསུམ་པའི་གནས་ཞེས་བྱ་བའི་རྩེ་ན། ནོར་ལྷ་བརྒྱད་དང་། དྲག་པོ་བཅུ་གཅིག་དང་། ཉི་མ་བཅུ་གཉིས་དང་། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་


GTN003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། ། ཡང་ན་དབང་པོ་ཉེ་དབང་གི་གནས་མ་འདྲེས་པ་དང་། ནོར་བུ་དང་། ཡོངས་འདུས་གནས་པ་དང་། རྣམ་མཛེས་གནས་པ་དང་། དགའ་བའི་ཚལ་གནས་པ་དང་། ཕྲེང་བ་འབར་བ་དང་། གཟི་བརྗིད་མཆོག་དང་། མཐོང་བར་སྤྱོད་པ་དང་། འཁོར་ན་གནས་པ་དང་། རིགས་མཐུན་པ་དང་། ནོར་བུ་འཆང་བ་དང་། མདོག་བཟང་ཆེ་བ་དང་། ས་ལ་ཤིང་ཟུག་དང་། ནོར་བུ་སྣང་བ་དང་། ཆོས་བཟང་འདུན་ས་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་ན། གཙོ་བོ་ཉེ་དབང་སུམ་ཅུ་རྩ་གཉིས་ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བྱ་ལ། རི་དབང་དེའི་རྩེ་མོའི་ཚད་ནི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་པ་དེའི་སྟེང་གི་ཟུར་བཞིར་རིན་པོ་ཆེའི་ཁང་པ་ངོས་རེ་ལ་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ། དཔངས་སུ་དཔག་ཚད་ཕྱེད་དང་ལྔ་པར་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའི་ལྷའི་རིགས་རྣམས་གནས་ཤིང་བག་མེད་པའི་ལྷ་རྣམས་སྲུང་བར་བྱེད་དོ། ། ཁང་བརྩེགས་བཞི་པོའི་བར་མཚམས་སུ་རི་རབ་ཀྱི་རྩེའི་ཁ་ཆག་ལ་རིན་པོ་ཆེའི་ར་བ་དཔག་ཚད་གསུམ་པས་བསྐོར་བ། དེའི་དབུས་སུ་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ་ཡོད་པར་དཔངས་སུ་དཔག་ཚད་ཕྱེད་གཉིས་པ་གསེར་གྱི་རང་བཞིན་ལས་གྲུབ་པ། དེའི་འོག་གི་ས་གཞི་ཆེན་པོ་སྣ་བརྒྱས་ཁ་དོག་གིས་བཀྲ་བར་བྱས་པ། ས་གཞི་དེ་ཡང་རས་བལ་གྱི་འདབ་བུ་བཀོད་པ་བཞིན་དུ་འཇམ་ཞིང་མཉེན་པ། བཏེགས་ན་སྤར་དང་མནན་


GTN003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནེམ་བྱེད་པ་སྟེ། མདོ་ལས། གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། དཔག་ཚད་ཕྱེད་དང་གཉིས་གསེར་གྱི་རང་བཞིན་གཞི་གྲ་མཉམ་པ་ཡོད། ཅེས་འབྱུང་ལ། དེ་ལ་སྒོ་ཆེན་པོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བཙུགས་པ་ཐམས་ཅད་ཀྱང་དཔངས་ཚད་ཕྱེད་གསུམ་ཞེང་དཔག་ཚད་ཕྱེད་གཉིས་ཡོད་པར་ནོར་བུ་སྣ་ཚོགས་ཀྱི་སྒོ་རྒྱབ། སྐར་མའི་གཟུགས་སུ་བྱས་པ་བཞི་བཞི་དང་། ཟླ་བ་ཚེས་པ་ལྟ་བུ། བ་ལང་གི་རྨིག་པ་ལྟ་བུ་དང་། མེ་ལོང་ལྟ་བུས་བརྒྱན་ཞིང་སྒོ་རེ་རེ་ལ་ལྷ་རྣམས་སྲུང་བར་བྱེད་པས་སྲུང་བ། མཚོན་ཆ་སྣ་ཚོགས་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་འཁོད་པ། གྲོང་ཁྱེར་དེའི་ལམ་སྲང་གི་རིང་ཚད་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། ཞེང་དུ་བཅུ་གཉིས། དབྱིབས་ལེགས་ཤིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གཡས་གཡོན་ན་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རྫིང་བུ། སྦྲང་རྩིའི་ཆུ་བསིལ་བས་གང་བ། ཨུཏྤལ་དང་པདྨ་ཆེན་པོ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། ཆུ་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོགས་པ། རྫིང་བུའི་འགྲམས་ན་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལས་རིན་པོ་ཆེའི་གོས་ལ་སོགས་པ་འབྱུང་ཞིང་། སྤྲུལ་པའི་བྱ་སྣ་ཚོགས་ཀྱིས་སྐད་སྙན་པར་སྒྲོགས་པ། གྲོང་ཁྱེར་གྱི་ཕྱི་རོལ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ར་བ་རིམ་པ་བདུན་དུ་བསྐོར་བའི་བར་བར་ན་འོབས་རིམ་པ་བདུན་བདུན་གྱིས་བསྐོར་བ་ཐམས་ཅད་ཀྱི་ཟབས་དང་། ཁ་ཁྱེར་ལ་དཔག་ཚད་རེ་རེ་ཡོད་པ་སྟེ། ལྟ་ན་སྡུག་གི་གྲོང་ཁྱེར་དེའི་དབུས་སུ་ལྷའི་དབང་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་


GTN003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རེ་ཡོད་པ། མཐའ་བསྐོར་ལ་དཔག་ཚད་སྟོང་། དཔངས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཆ་གཅིག་ཡོད་པ། ནང་གི་རྨང་རྟེན་དང་ཐེམ་སྐས་དང་། ཀ་བ་རྣམས་རིན་པོ་ཆེ་སྣ་བཞི་ལས་བྱས་པ། ཀ་རྟེན་དང་། ཀ་གཞུ་དང་། ཅམ་གདུང་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རིན་པོ་ཆེའི་དྲྭ་བ་དང་། ཆུན་འཕྱང་དང་། མཛེས་བྱེད་དུ་མས་སྤྲས་པ། ཁང་བཟང་དེ་ལ་བ་གམ་བརྒྱད་ཡོད་པ་རེ་རེ་ལའང་ཁང་པ་བརྩེགས་པ་བདུན་བདུན་གྱིས་བརྒྱན་པ་སྟེ། མངོན་པ་ལས། བ་གམ་བརྒྱད་དང་། བ་གམ་རེ་རེ་ལ་ཁང་པ་བརྩེགས་པ་བརྒྱད་བརྒྱད་དེ་རེ་རེ་ལ་གནས་ཁང་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་པར་གསུངས་སོ། ། ལྟ་ནའི་ཕྱི་རོལ་དཔག་ཚད་ཉི་ཤུར་ཕྱིན་པ་ན། ཤར་ན་ཤིང་རྟ་སྣ་ཚོགས་ཀྱི་ཚལ་ཞེས་བྱ་བ་རིན་པོ་ཆེའི་ཤིང་རྟ་དང་། རྫིང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་པས་གང་བ། རྫིང་བུ་དེ་དག་ཀྱང་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་རེ་ཡོད་པ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་ཤེལ་ལས་བྱས་པའི་ཕ་གུས་རྩིག་ཅིང་ཐེམ་སྐས་ཡོད་པ། ལན་ཀན་རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པའི་སྦྲང་རྩི་ལྟ་བུའི་ལྷའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བ། ཤིང་རྟ་རྣམས་ཀྱང་ལྷའི་བུ་མོ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་རྣམས་ཀྱིས་ཁྱད་པར་དུ་བགྱིས་ཏེ་མཆིས་པས་ཤིང་རྟ་སྣ་ཚོགས་པའི་ཚལ་ཞེས་བྱའོ། ། ལྷོ་ཕྱོགས་ན་རྩུབ་འགྱུར་གྱི་ཚལ་ཞེས་པ་ལ་རིན་པོ་ཆེའི་གོ་ཆ་ཤིན་ཏུ་སྲ་


GTN003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། རལ་གྲི་དང་། འཁོར་ལོ་དང་། མདུང་དང་། མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་གང་འདོད་དུ་འབྱུང་བའི་ལྗོན་ཤིང་གིས་གང་བ། གནས་དེར་ཕྱིན་པ་ཙམ་གྱིས་ཁོང་ཁྲོ་ལངས་སེམས་རྩུབ་པར་འགྱུར་ཞིང་། ལྷ་མ་ཡིན་དང་གཡུལ་འགྱེད་པ་ལ་སྤྲོ་བ་དེར་ཡོད་པའི་རྫིང་བུའི་ཆུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རྒྱན་ལ་སོགས་པ་གང་ལ་ལོངས་སྤྱོད་ཀྱང་སེམས་ཤིན་ཏུ་རྩུབ་མོར་འགྱུར་བས་ན་རྩུབ་འགྱུར་གྱི་ཚལ་ཞེས་བྱའོ། ། ནུབ་ཕྱོགས་སུ་འདྲེས་པའི་ཚལ་ཞེས་བྱ་བ་དེར་རྫིང་བུ་འདྲེས་པ་ཞེས་བྱ་བ་འདོད་དགུ་ཐམས་ཅད་འདྲེས་པར་འབྱུང་བ་དང་། རིན་པོ་ཆེའི་ཤིང་དང་། མེ་ཏོག་དང་། གོས་རྒྱན་ལ་སོགས་པ་རྣམས་འདྲེས་ཤིང་ལྷའི་བུ་དང་བུ་མོ་རྣམས་ཀྱང་འདྲེས་པར་གནས་པས་ན་འདྲེས་པའི་ཚལ་ཞེས་བྱའོ། ། བྱང་ཕྱོགས་ན་དགའ་བའི་ཚལ་ཞེས་བྱ་བ་རྫིང་བུ་བཟང་པོ་དགའ་བར་ཞེས་པ་དང་། ཤིང་དང་། མེ་ཏོག་དང་། ལྷའི་བུ་མོ་ལ་སོགས་པས་མཛེས་པར་བརྒྱན་པ། དེར་ཕྱིན་པ་ཙམ་གྱིས་དགའ་བ་ལྷག་པར་འཕེལ་བ། རིན་པོ་ཆེའི་ལྗོན་ཤིང་གི་ནང་ན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་གཟིམ་ཁྲི་འོད་ཟེར་འཕྲོ་བ་ཡོད་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བལྟས་ན་བལྟ་བར་ནུས་པ་ཡོད་དེ། དེའི་ལོགས་ལ་ཚེ་རབས་སྔ་ཕྱི་དང་། སྐྱེ་བ་འདིའི་ལེགས་ཉེས་དང་། གཡུལ་རྒྱལ་ཕམ་གྱི་མཚན་མ་ཐམས་ཅད་གཟུགས་བརྙན་ལྟར་གསལ་བར་ཡོད་པ། སྐྱེད་མོས་ཚལ་དེ་དག་གི་ཆུ་དང་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་


GTN003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་སྟོང་ཡོད་པ། གསེར་གྱི་ར་བ་དཔག་ཚད་གཅིག་པས་ཡོངས་སུ་བསྐོར་བ། ར་བ་ལ་རིན་པོ་ཆེ་སྣ་བཞིའི་ལྕོག་གིས་མཛེས་པ། ནང་གི་ས་གཞི་དང་ལམ་སྲང་ལ་སོགས་པ་ཉི་ཟླའི་གཞལ་ཡས་ཁང་དང་འདྲ་བ་ལ། དེ་བས་ཀྱང་ཁྱད་པར་དུ་འཕགས་པ། དེ་དག་གི་ཕྱོགས་བཞིར་དཔག་ཚད་ཉི་ཤུ་རེས་བཅད་པའི་སར་ས་གཞི་བཟང་པོ་བཞི་ཡོད་དེ། ཤར་དུ་ཤིང་རྟ་སྣ་ཚོགས་པའི་ས་གཞི། ལྷོར་རྩུབ་འགྱུར་གྱི་ས་གཞི། ནུབ་ཏུ་འདྲེས་པའི་ས་གཞི། བྱང་དུ་དགའ་བའི་ས་གཞི་ཞེས་བྱ་བ་ལམ་སྲང་དང་ཚད་བཀོད་པ་ལ་སོགས་པ་སྐྱེད་མོས་ཚལ་རྣམས་དང་འདྲ་བ་ལས། བར་བར་ན་འཆག་པ་དང་འདུག་པའི་ཤང་ཤོང་མཉམ་ལ་ཡིད་དུ་འོང་བ་ཐང་བདེ་བར་གནས་པ་དང་། ཚལ་དང་ས་གཞི་དག་ཏུ་འགྲོ་བ་ལམ་གྱི་བར་ན་རྟ་དང་གླང་པོ་དང་། ཤིང་རྟ་ལ་སོགས་པའི་བཞོན་པ་དུལ་བ་སྣ་ཚོགས་དང་ལྡན་པ་ཡིན་ལ། མཛོད་ལས། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ཞེས་པས། ལྟ་ན་སྡུག་གི་གྲོང་ཁྱེར་གྱི་བྱང་ཤར་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། རྩ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་ཅིང་དཔག་ཚད་བརྒྱ་གྱེན་དུ་འཕགས་པའི་ཡལ་འདབ་ཕྱོགས་བཞིར་གྱེས་པ་དཔག་ཚད་ལྔ་བཅུར་ཁྱབ་པ། རྩེ་མོ་ཀུན་ནས་ཟླུམ་པ་གདུགས་ལྟར་འདུག་པ་ལ་རིན་པོ་ཆེའི་དྲྭ་བ་དང་། ལྷའི་གོས་བཟང་པོས་མཛེས་པར་བྱས་པ་ཁོར་ཡུག་ཐམས་ཅད་དུ་དེའི་འོད་ཀྱིས་ཁྱབ་ཅིང་། རླུང་གི་བསིལ་བུས་ཁྱེར་ནས་རྫི་ཕྱོགས་སུ་དྲི་ངད་བཟང་པོས་དཔག་ཚད་བརྒྱར་ཁྱབ་ཅིང་། བསིལ་བུས་མ་སྐྱོད་པའི་ཕྱོགས་སུ་ཡང་། དཔག་ཚད་བཅུར་དྲི་ཞིམ་པ་ལྡང་བ། ལྷ་རྣམས་


GTN003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡིད་ལ་གང་བསམ་གྱི་འདོད་ཡོན་ཐམས་ཅད་ཐོགས་མེད་དུ་འབྱུང་བ། ཤིང་དེའི་དྲུང་ན་ཨར་མོ་ལིཀཱ་ལྟ་བུའི་རྡོ་ལེབ་གྲུ་བཞི་པ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་མཐའ་བསྐོར་དུ་དཔག་ཚད་ཉིས་བརྒྱ་དཔངས་སུ་དཔག་ཚད་ཕྱེད་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་པ་དབྱིབས་ལེགས་ཤིང་ཚོན་སྣ་བརྒྱ་རྩའི་བཀྲ་བར་བྱས་པའི་ས་གཞི་འཇམ་ཞིང་། བཏེགས་ན་སྤར་ཞིང་མནན་ན་ནེམ་བྱེད་པ། མནྡ་ར་བ་པུས་ནུབ་ཙམ་དུ་ཁེབས་པའི་དབུས་ན་བརྒྱ་བྱིན་གྱི་སེང་ཁྲི་ལ་ལྷ་གཞན་རྣམས་ཀྱི་ཁྲིས་བསྐོར་བ། ལྷ་ཉུང་ངུར་འདུས་པས་ཀྱང་དེའི་སྟེང་ཡངས་པར་མི་མངོན་ལ། མང་པོ་འདུས་ཀྱང་དོག་པའི་སྐྱོན་མེད་པ། རྡོ་ལེབ་དེའི་འགྲམ་ཐམས་ཅད་ན་དཔག་བསམ་གྱི་ཤིང་། མེ་ཏོག་དང་། གོས་དང་། ནོར་བུ་དང་། ཁ་ཟས་ལ་སོགས་པ་ཐོགས་མེད་དུ་འབྱུང་བ། ལྷའི་བུ་དང་བུ་མོ་མང་པོས་ཤིང་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རོལ་མོ་སྣ་ཚོགས་དང་། བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་འགྱེད་ཅིང་ཁྲིམས་པར་བྱེད་པ། བར་མཚམས་རྣམས་སུ་ཡང་ཐོག་དང་ཁང་པ་བརྩེགས་མ་དང་། ལྟད་མོ་བལྟ་བའི་ས་དང་། བསིལ་ཁང་དང་། གླུ་གར་དང་། རྩེད་འཇོ་བྱེད་པའི་གནས་ལྷའི་བུ་མོ་གླུ་གར་བྱེད་པ་དང་རོལ་མོར་གོམས་པ་དུ་མས་གང་བ། ལྟ་ན་སྡུག་ནས་ལྷོ་ནུབ་ཀྱི་མཚམས་སུ་དཔག་ཚད་ཕྱེད་དང་བཞིའི་ས་ན་ཆོས་བཟང་ལྷའི་འདུན་ས་ཞེས་པ་ཆུ་ཞེང་དུ་དཔག་ཚད་སུམ་བརྒྱ། མཐའ་བསྐོར་དུ་དཔག་ཚད་དགུ་བརྒྱ་ས་ཀུན་ནས་ཟླུམ་པོར་གྱུར་པའི་དབུས་སུ་རིན་པོ་ཆེའི་ཁང་བརྩེགས་འོད་འབར་བས། ལྟ་ན་སྡུག་གི་གྲོང་ཁྱེར་ལས་དཔག་


GTN003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཕྱེད་དང་བཞིའི་གྱེན་དུ་འཕགས་པ། འོག་གཞི་དང་། ཡང་ཐོག་དང་། ཀ་བ་དང་། སྤྱི་འདུས་ཀྱི་གདུང་མ་ལ་སོགས་པ་ཐམས་ཅད་ཤེལ་ལས་གྲུབ་པ། དབུས་སུ་བཻ་ཌཱུརྱའི་ཀ་བ་ཟུར་བརྒྱད་པ། སྤྱི་འདུས་ཀྱི་གདུང་མར་སྐྲའི་རྩེ་མོ་ཙམ་ཞིག་མ་རེག་པས་བཏེགས་པའི་ཁང་བུ་དོན་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ་དེར། ལྷའི་དབང་པོ་འཁོར་བཅས་ཀྱི་ཁྲི་རྣམས་བཤམས་ཏེ་གྲོས་བྱེད་པའི་མདུན་ས་ཡིན་པས་ལྷའི་མདུན་ས་ཞེས་བྱའོ། ། དེ་དག་གི་སྟེང་གི་ནམ་མཁར་འཐབ་བྲལ་དང་། དེའི་སྟེང་གི་ནམ་མཁར་དགའ་ལྡན། དེའི་སྟེང་གི་ནམ་མཁར་འཕྲུལ་དགའ། དེའི་སྟེང་གི་ནམ་མཁར་གཞན་འཕྲུལ་དབང་བྱེད་དེ་འོག་མ་འོག་མ་ལས་གོང་མ་གོང་མ་རྒྱ་ཁྱོན་ཉིས་འགྱུར་གྱིས་ཆེ་བ། འཐབ་བྲལ་བ་རྣམས་ལུས་གཞུ་འདོམ་སུམ་བརྒྱ་བདུན་ཅུ་དོན་ལྔ། དགའ་ལྡན་པ་རྣམས་ལུས་གཞུ་འདོམ་ལྔ་བརྒྱ། འཕྲུལ་དགའ་བ་རྣམས་ལུས་གཞུ་འདོམ་དྲུག་བརྒྱ་དང་ཉེར་ལྔ། གཞན་འཕྲུལ་དབང་བྱེད་པ་རྣམས་ལུས་གཞུ་འདོམ་ཕྱེད་དང་བརྒྱད་བརྒྱ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ལ། ལུས་དང་རྫུ་འཕྲུལ་དང་འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་། རིགས་དང་སྐལ་བ་ལྷ་དང་མི་འདྲ་བའི་ཕྱིར་ལྷ་མ་ཡིན་ཞེས་གྲགས་པ་རྣམས་ནི། དེ་དག་གི་རྩ་བའི་གནས་རི་རབ་ཀྱི་ཆུ་མཚམས་མར་བཅད་ནས་གསེར་གྱི་ས་གཞིར་མ་ཐུག་གི་བར་གྱི་ཁོང་གསེང་ན་ཡོད་པའི་གནས་ཀྱང་གོང་མ་ལས་འོག་མ་བཟང་བར་སྣང་བའི་ཆུ་མཚམས་ཀྱི་ཁང་གསེང་ན་སྒྲ་གཅན་དང་། དེ་ནས་དེའི་འོག་ན་


GTN003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྲེང་གི་གོང་ན་འགུལ་ཕྲེང་ཅན་དང་གསེར་གྱི་ས་གཞི་ལ་ཐགས་བཟང་རིགས་རྣམས་ཡོད་ལ། རི་རབ་ཀྱི་ཁོང་གསེང་ན་གསེར་གྱི་ས་གཞིའི་སྟེང་ན་ལྷ་རྣམས་ཀྱི་འབྱོར་པ་ལྟ་བུའི་གནས་དང་བཀོད་པ་ལྷ་མ་ཡིན་གྱི་མཆོག་རྣམས་ལའང་ཡོད་དེ། འཇིག་རྟེན་ན་གྲགས་པས་མདོ་ལས་གསུངས་པ་ལྟར་ན། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བ་ལྟ་བུའི་གདམས་པ་ཅན་དང་། ལྟ་ན་སྡུག་ལྟ་བུའི་གྲོང་ཁྱེར་གསེར་ལྡན་དང་། དེ་བཞིན་དུ་འདུན་ས་ནོར་བཟང་དང་། སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བ་རྣམས་ཡོད་ལ་ཚལ་བཞི་པོ་དེ་དག་གི་ཕྱི་རོལ་ན་ས་གཞི་བཟང་པོའི་མིང་ཡང་ཚལ་དེ་དག་དང་མཐུན་ཏེ། ས་གཞི་བཟང་པོ་ཀུན་དགའ་ར་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ས་གཞི་ཀུན་དགའ་ར་བ་དང་། ཤིང་ཆེན་པོ་ཙི་ཏྲ་པ་ཏྲི་རྡོ་ལེབ་རབ་ཏུ་བཟང་པོ་དང་། སྐྱེད་ཚལ་དུ་སྤྱོད་པའི་གླང་ཆེན་ཏི་སེ་གངས་བརྩེགས། གཡུལ་ངོར་སྤྱོད་པ་རབ་བརྟན་ལྟ་བུ་དང་། གཡུལ་གྱི་གླང་པོ་བཟོད་པར་དཀའ་བ་དང་། རྟ་མཆོག་ནི་སྤྲིན་གྱི་ཤུགས་ཅན་ལྟ་བུ། རྟའི་རྒྱལ་པོ་རབ་མྱུར་ཞེས་བྱ་བ་ཡོད་དོ། །དེ་དག་གི་གོང་ན་དཀར་ཕྲེང་གི་གནས་དང་། སྒྲ་གཅན་གྱི་གནས་དག་གི་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་འགྲན་པའི་དཔལ་དང་སྐལ་བ་བཟང་པོར་འབྱོར་བ་ཡིན་ལ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པའི་གནས་རྣམས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ནང་གཏོགས་པའི་གཞན་ཁྱད་པར་ཅན་ཡིན་ནོ། །ལྷ་མ་ཡིན་གྱི་ཁོངས་སུ་གཏོགས་


GTN003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་ནི། འཛམ་བུའི་གླིང་དང་གླིང་གཞན་དང་། རྒྱ་མཚོ་དང། མུ་ཁྱུད་དང་རི་རབ་ལ་སོགས་པ་ངེས་པ་མེད་པ་ན་ཡོད་དེ་བདུད་རིགས་ཀྱི་མི་མ་ཡིན་རྣམས་སོ། ། འདོད་ཁམས་ནས་གྱེན་དུ་འཕགས་པའི་གཟུགས་ཁམས་གནས་རིས་བཅོ་བརྒྱད་ནི། ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ། དེའི་སྟེང་དུ་འོད་ཆུང་། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་གནས་གསུམ། དེའི་སྟེང་དུ་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཏེ་བསམ་གཏན་གསུམ་པའི་གནས་གསུམ། དེའི་སྟེང་དུ་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། བསམ་གཏན་བཞི་པའི་གནས་གསུམ། དེའི་སྟེང་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་གཙང་མའི་གནས་ལྔའོ། །དེ་དག་བཅུ་བདུན་པོ་ཐམས་ཅད་ལས་འདས་པའི་ཡང་རོལ་ན་འོག་མིན་ཆེན་པོའི་གནས་ཡོད་ཅིང་། དེ་ལ་སྤྱིར་འོག་ཞེས་པ་ནི་བླ་ན་གཞན་མེད་པའི་དོན་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་ཆོས་དབྱིངས་དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། གཙང་རིས་ཀྱི་ནང་ཚན་འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། ཆོས་དབྱིངས་དོན་གྱི་འོག་མིན་ནི། ཆོས་ཀྱི་དབྱིངས་ལ་གྲགས་ཏེ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྟེན་གནས་སམ་རྣམ་རྟོག་དང་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པའི་དོན་ཡིན་ལ། རིག་པའི་འོག་མིན་ནི། ཆོས་ཀྱི་དབྱིངས་ཏེ་དེ་རྟོགས་པའི་རང་རིག་པའི་ཡེ་ཤེས་ལ་བྱ་སྟེ་གཉིས་འཛིན་གྱི་འོག་


GTN003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་གྱུར་པས་སོ། །གསང་བའི་འོག་མིན་ནི། ཡུམ་གྱི་མཁའ་ལ་གྲགས་ཏེ་སྟོན་པ་གསང་བའི་སྐུའི་བཞུགས་གནས་ཡིན་ཞིང་། མཚན་མའི་རྟོག་པ་རང་རྒྱུད་པའི་འོག་ཏུ་མ་གྱུར་པའི་དོན་ནོ། །འཇིག་རྟེན་གནས་ཀྱི་འོག་མིན་ཞེས་པ་ནི། སྔར་བཤད་ལྟར་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཡ་ཐ་གཙང་མ་རིས་ཀྱི་ལྷ་ལྔའི་དང་པོ་སྟེ། གཟུགས་ཁམས་ཀྱི་གནས་གཞན་གྱི་འོག་ཏུ་མ་གྱུར་པས་སོ། ། དབང་ཕྱུག་ཆེན་པོའི་འོག་མིན་ཞེས་པ་ནི། སྐབས་འདིར་བསྟན་གྱི་འོག་མིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་དག་རྣམས་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་པས་བསྟན་ཏེ། ས་བཅུ་ཡོངས་སུ་རྫོགས་པར་སྒོམ་པ་རྣམས་དེར་སྐྱེ་བ་ཡིན་ལ། ཉན་རང་འཕགས་པ་གཙང་གནས་ལྔར་བགྲོད་པ་ལས་བྱང་ཆུབ་སེམས་དཔའ་འཕགས་པ་ཡིན་པར་གནས་ཀྱི་ཁྱད་པར་ཀྱིས་ཀྱང་གྲུབ་ལ། རྒྱས་པ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་དཔགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཞེས་གསུངས་ལ། དེའང་རྒྱུའི་བྱང་སེམས་ཀྱི་ས་དང་པོའི་བདེན་པ་མཐོང་བའི་གནས་གཙང་མའི་འོག་མིན་ལས། ངེས་དོན་དུ་འཚང་རྒྱ་བའི་ཞིང་ཁམས་འོག་མིན་ཆེན་པོ་ཉིས་འགྱུར་གྱི་འཕགས་པར་གསུངས་པ་ནི། ཚོགས་ལམ་སྣ་ཟིན་ནས་མཐོང་ལམ་ཐོབ་པ་ལ་ཡུན་ཇི་ཙམ་འགོར་བའི་སངས་རྒྱས་ཀྱི་སའི་བར་དུ་དགོས་པ་ལ་དགོངས་པ་ཡིན་གྱི་གཙང་མའི་གནས་དེའི་ཕ་རོལ་ན་ཡོད་པའི་ངེས་པ་མེད་དེ་སངས་རྒྱས་ཀྱི་ཞིང་ནི་རང་


GTN003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་བཞུགས་པའི་རང་སྣང་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་དྷརྨ་ཤྲཱིས་གསུངས་སོ། ། གཟུགས་མེད་པའི་གནས་རིས་བཞི་ལ་དངོས་སྣང་གི་གཟུགས་སུ་གྲུབ་པ་མེད་པས། དེའི་གནས་སུ་གྲུབ་པའང་རགས་པ་དང་ཕྲ་བ་གང་ཡང་མེད་དེ། གཙང་མའི་གནས་ལྔ་ནི། ནམ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་དུ་གནས་ཏེ་རྒྱ་ཁྱོན་ཚད་མེད་ལ། དེའི་འོག་གི་བསམ་གཏན་བཞི་པ་བ་རྣམས་ཀྱི་འཇིག་རྟེན་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་དང་མཉམ་མོ། །བསམ་གཏན་གསུམ་པ་བ་རྣམས་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་མཉམ། བསམ་གཏན་གཉིས་པ་བ་རྣམས་ནི་སྟོང་གསུམ་པ་སྤྱི་ཕུད་ཀྱི་འཇིག་རྟེན་དང་མཉམ། བསམ་གཏན་དང་པོ་བ་རྣམས་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལྕགས་རི་མུ་ཁྱུད་དང་བཅས་པ་གཅིག་དང་མཉམ། རྒྱལ་ཆེན་བཞིའི་རྩ་བའི་ཕོ་བྲང་ཡོད་པའི་ཐད་ཀྱི་ནམ་མཁའ་ནས་འཛམ་བུ་གླིང་གི་ས་གཞིའི་བར་ལ་དཔག་ཚད་བཞི་ཁྲི། སུམ་ཅུ་རྩ་གསུམ་པའི་འོག་གཞི་ནས་འཛམ་བུ་གླིང་གི་བར་ལ་དཔག་ཚད་བརྒྱད་ཁྲི། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་འོག་གཞིའི་བར་ལ་དཔག་ཚད་བརྒྱད་ཁྲི། འཐབ་བྲལ་ནས་དགའ་ལྡན་གྱི་བར་ལ་དཔག་ཚད་སུམ་འབུམ་དྲུག་ཁྲི་སྟེ། དེ་ཡན་ཆད་ཀྱི་གནས་གོང་མ་གོང་མ་ཐམས་ཅད་འདྲ་བར་རང་རང་གི་གནས་འོག་མ་ནས་འཛམ་བུ་གླིང་གི་ས་གཞིའི་བར་ལ་གང་ཡོད་ཀྱིས་དཔངས་དེར་རང་གི་གནས་གོང་མ་དང་། རང་གི་བར་ལའང་འོང་བས་འོག་མིན་གྱི་གནས་


GTN003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆེས་ཤིན་ཏུ་མཐོ་བ་ཡིན་ནོ། ། དེ་ལྟ་བུའི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། བཀོད་པ་རགས་རིམ་གནས་ལུགས་དང་མཐུན་པ་ཞིག་མ་ཤེས་ན་མཎྜལ་འབུལ་བའི་སྐབས་སུ་སྣོད་བཅུད་ཀྱི་བཀོད་པ་གསལ་གདབ་དགོས་པས། དེའི་དོན་ལ་བློ་རྨོངས་པས་ཚིག་དོན་འཛོལ་ལ་འགྲོ་བ་ནི་སྨོས་མ་དགོས་ཤིང་། འདི་ལྟར་ཐེག་པ་བླ་ན་མེད་པ་དག་ལ་གྲགས་པའི་ཞིང་གི་རིམ་པ་དབྱེ་བ་རྣམ་པར་འཁྲུལ་པ་དང་བཅས་པའི་ཚུལ་རྒྱ་མཚོ་ལས་འཕྲོས་པའི་གཏམ་བརྗོད་པ་དེའང་དོན་དང་ལྡན་པ་ཡིན་ཏེ། ཤིན་ཏུ་རྒྱས་པ་ཕལ་པོ་ཆེའི་མདོ་ལས། གང་གི་ཐེག་པ་ཆེན་པོའི་ཚུལ་རྒྱ་མཚོ་མི་ཟད་པ་སྣ་ཚོགས་ལ་འཇུག་པའི་སྒོ་རབ་ཏུ་ཐོབ་ནས། མི་དངངས་ཤིང་དད་པར་གྱུར་པ་དེ་དག་གིས་ནི་མྱུར་དུ་བྱང་ཆུབ་སྙིང་པོ་མཛེས་པར་བྱེད་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། ། དེ་ནས་མཆོད་པའི་མཐའ་རྟེན་དུ་སྔོན་སྟོན་པ་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་སོགས་ཀྱི་ཕུལ་བའི་བཀྲ་ཤིས་རྫས་བརྒྱད། ཚངས་པ་ལ་སོགས་པས་ཕུལ་བའི་རྟགས་བརྒྱད་རྣམས་ཚིག་གིས་དངོས་བསྟན་དུ་མེད་ཀྱང་གདུགས་དང་རྒྱལ་མཚན་ཙམ་སྨོས་པས་ཤེས་བྱེད་ཀྱི་མཆོད་པའི་རྫས་སུ་སྤྲོས་པས་ཆོག་ཀྱང་འདིར་མི་སྤྲོ་ལ། ༣༦༜ བྱང་དང་ལྷོའི་གར་མ་དང་ཕྲེང་བ་མའི་མདུན་དུ་ཚོམ་བུ་འགོད་དེ་རིན་པོ་ཆེའི་གདུགས།


previous༜ཟླ་བའི་དཀྱིལ་འཁོར་ཚོམ་བུ།next