Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཚོམ་བུ།next

༜ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཚོམ་བུ།


GTN003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༣༧༜ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་པས། བྱང་གླིང་གི་གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་། ལྷོ་གླིང་གི་ཕྲེང་བ་མའི་མདུན་གྱི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་ཞིག་བསམ་ལ། འདིར་འགའ་ཞིག་གིས་ལྷོར་གདུགས་དང་། བྱང་དུ་རྒྱལ་མཚན་བྱས་པའང་སྣང་ངོ་། །དེ་ཡང་ཇི་སྐད་དུ། ནོར་བུའི་དྲ་བ་སྣ་ཚོགས་བཀོད་པའི་གདུགས། །དར་གྱི་ལྡ་ལྡི་བ་དན་རབ་དཔྱངས་ཤིང་། །དྲིལ་གཡེར་དྲ་བ་རྒྱལ་བའི་གསུངས་སྒྲོག་པ། །དེ་བཞིན་གཤེགས་པའི་དབུ་ལ་དེ་དག་འཛིན། །ཞེས་གསུངས་པས་རིན་པོ་ཆེའི་གདུགས་ལ་སྔར་གྱི་མཁས་པ་རྣམས་ནི། ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་ཡུ་བ་ཆེ་ཆུང་གསུམ་ཡོད་པར་དར་ལྕེའི་ཤམ་བུ་དང་བཅས་གཡོགས་ཆེ་ཆུང་གཉིས་པའི་གདུགས་དཀར་པོ་ཞེས་གསུངས་པ་མཚན་མ་རྫས་ཀྱི་དབུ་གདུགས་ཀྱི་ཁྱད་ཆོས་ཡིན་ལ། དེ་བཞིན་རྒྱལ་མཚན་ལའང་། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོགས་ཤིང་། །གསུམ་ཁུགས་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། །ཞེས་པས་ཟླ་ཚེས་དང་། རིན་ཆེན་དང་། རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང་དྲིལ་བུ་འཁྲོལ་བ། བཅིང་བའི་དར་ལྕེ་གསུམ་པ། རྩེ་མོ་ལ་རི་


GTN003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཀྱི་རྒྱལ་པོ་དང་། ཀླུ་ཟ་བ་དང་། ཉ་སྤུ་རྒྱམ་པ་དང་། ཆུ་སྲིན་གྱིས་མཚན་པ་རླུང་གིས་བསྐྱོད་པས་གསུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པ་ལ་སིལ་སིལ་ཞེས་ཟེར་བ་རྔ་ཡབ་དང་བཅས་པའོ། །ཞེས་གསུངས་ཀྱང་འདིར་ནི་རྒྱུ་དང་བཟོ་བ་བཀོད་པ་ཕུན་སུམ་ཚོགས་ཤིང་། དབྱིབས་ལེགས་པ་རིན་ཐང་གི་ཚད་ཀྱིས་བསྐྱེད་སྤངས་པས་བློའི་ལྕོགས་ཚོད་དུ་རྣམ་པར་སྤྲུལ་པ་ཅན་ཡིན་ལ། དེ་ལྟར་རི་རབ་ནས་འདིའི་བར་ལ་ཚོམ་བུ་སོ་བདུན་རྫོགས་པར་འགྲོ་བས་ན་འདི་ལ་མཎྜལ་ཚོམ་བུ་སོ་བདུན་མ་ཞེས་གྲགས་པ་ཡིན་ལ། དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་མ་ཚང་བ་མེད་པར་ཕྱུར་བུར་བཀང་ཞིང་། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ལས་ཀྱང་རང་རང་ལས་མངའ་བའི་ཡོན་ཏན་ཆ་མཚུངས་ཀྱི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པའམ་ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུར་ཡོངས་སུ་འཕྲོ་ཞིང་། དེ་འདྲ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང་། སོ་སོ་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་མཐའ་གཏུགས་པ་མེད་པའི་བར་དུ་ཏིང་ངེ་འཛིན་གྱི་རྣམ་པར་སྤྲུལ་ནས་འབུལ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་འབུལ་ཚུལ་དུ་གྲགས་ལ། ལུགས་འགའ་ཞིག་ཏུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གཅིག་གི་


GTN003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་བྱེ་བ་ཐེར་འབུམ་གྲངས་ཀྱིས་མི་ཆོད་པ་སྤྲོས་པའི་སྣེ་མོར་ཀུན་ཚང་རེ་སྤྲོས་ཏེ་མཎྜལ་འབུལ་བ་པོར་གྱིས་ནས། དེ་འདྲ་བ་རེ་རེའི་ལྟེ་བ་ནས་ཀྱང་འོད་ཟེར་དེ་འདྲ་བ་སྤྲོས་ནས་མཁའ་ཁྱབ་ཏུ་ཕུལ་བ་ལ་ཀུན་ཏུ་བཟང་པོའི་མཎྜལ་དུ་བཞེད་ལ། དམ་པ་ལ་ལས་ཚོམ་བུ་ཉིད་སྒོམ་དོན་གྱི་གཞི་དེ་དང་དེར་བསྒྱུར་བ་ཡིན་གསུངས་ཤིང་། འགའ་ཞིག་གིས་ཚོམ་བུ་འགོད་པ་ལ་གནས་མི་འཆོལ་བའི་མཚོན་བྱེད་ཡིན་གྱི་ཚོམ་བུ་དེ་དང་དེར་བསྒོམ་པ་མི་འཐད་ཅེས་གསུངས། གང་ལྟར་ཡང་རང་གི་ལག་ཏུ་ཐོགས་པའི་མཎྜལ་དེའི་གོ་སར་བཤད་མ་ཐག་པའི་ཏིང་ངེ་འཛིན་གྱི་མཎྜལ་དེ་དག་སྤྲུལ་ནས་འབུལ་བར་མ་ཟད། ཕྱི་སྣོད་བཅུད་ཀྱི་འབྱོར་པ་འཁོར་འདས་ཀྱི་བསྡུས་སོ་ཅོག་ཐམས་ཅད་འབུལ་ཞིང་། དེ་རེ་རེ་བཞིན་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་ནམ་མཁའི་མཐའི་ཁྱབ་ཀྱི་འཇིག་རྟེན་སྤྲུལ་ནས་སྔ་མ་ལྟར་འབུལ་བ་སོགས་བློས་གང་ལྕོགས་སུ་སྤྲོས་ཏེ་འབུལ་བའི་མཚོན་ལ། དེ་ལྟར་ཕུལ་བའི་ཡོན་ཏན་ཡང་། སྔར་བཤད་ཀྱི་བཤད་པ་རྣམས་ཀྱིས་ཟིན་པའི་ཕྱི་མཚན་མ་རྫས་ཀྱི་མཎྜལ་སྣོད་བཅུད་འཇིག་རྟེན་གྱི་བཀོད་པ་དང་། ནང་ཏིང་ངེ་འཛིན་དམིགས་པའི་འཕྲུལ་གྱིས་མཁའ་ཁྱབ་ཏུ་སྤེལ་ནས། གསང་བ་འཁོར་འདས་མཉམ་པ་ཉིད་ཀྱི་ལྟ་བ་དངོས་ཀྱིས་རྒྱས་ཐེབས་ཏེ་ཚུལ་བཞིན་དུ་ཕུལ་བས་ཐབས་ཁྱད་པར་ཅན་གྱི་གནད་ཀྱིས་ཟིན་པའི་མཐུ་ལ་བརྟེན་ནས་བསྐལ་པ་གྲངས་མེད་གསུམ་དུ་དུབ་པའི་ཚོགས་བསགས་དགོས་པ་དག་སྐད་


GTN003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐད་ཅིག་ལ་འུབ་ཀྱིས་ཟླུམ་པར་གདོན་མི་ཟ་བ་ཡིན་ཏེ། སློབ་དཔོན་ཆེན་པོའི་ཞལ་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་མྱུར་དུ་སྒྲུབ་པར་འདོད་པའི་སྐྱེས་བུ་གང་དང་གང་གིས་དུས་དང་རྣམ་པ་ཐམས་ཅད་དུ་མཎྜལ་འབུལ་བ་ལ་བརྩོན་པ་ཤིན་ཏུ་གལ་ཆེའོ། ། མཎྜལ་ཕུལ་བའི་ཡོན་ཏན་གྱི་བདེན་འབྲས་ནི། གནས་སྐབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ། ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་ཐེག་པ་ཆེན་པོའི་ཆོས་ལ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཀུན་གྱིས་བཀུར་བར་འགྱུར། དུས་ཁྱད་པར་ཅན་ལ་བླ་མ་དང་དཀོན་མཆོག་ལ་སོགས་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། གུས་པ་ལྡན་པས་མཎྜལ་ཚར་གཅིག་ཙམ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི། བསྐལ་པ་དཔག་ཏུ་མེད་པའི་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ། ཕྱི་ནང་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་ལས་ལྡན་པའི་བསོད་ནམས་ཐོབ་པར་འགྱུར། འདོད་པའི་དོན་ཀུན་འགྲུབ་ཅིང་བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར། མཎྜལ་ཚར་གཅིག་ཕུལ་ནས་ཡིད་དད་པའི་སྨོན་ལམ་ཅི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ། དེ་བས་ན་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་རྣམས་མཎྜལ་འབུལ་བ་ལ་བརྩོན་པར་གྱིས་ཤིག །ཅེས་དང་། མཎྜལ་གྱི་མདོ་ལས་ཀྱང་། འདི་ནི་ལུས་ཀྱི་ལས་བྱས་ན། །


GTN003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་གྱི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། ། ཅེས་ལུང་རིགས་དུ་མ་ནས་ལག་པ་ནར་གྱིས་སྐྱོང་བ་ལ་མཎྜལ་ལས་བསོད་ནམས་ཆེ་བ་མེད་དོ་གསུངས་པ་བཞིན་དུ། དེ་རིང་གི་སྐབས་སུའང་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་རྣམ་འདྲེན་རྡོ་རྗེ་འཆང་ཆེན་པོ། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ། འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཚུངས་བྲལ་ལྷ་མིའི་སྟོན་མཆོག་གང་གི་སྐུ་དཀྱིལ་མི་ཤིགས་རྡོ་རྗེའི་ཁྲི་འཕང་མཐོ་པོར་མངའ་གསོལ་ཞིང་། རིས་བྲལ་གྱི་འགྲོ་བ་ཀུན་ལ་མ་འདྲེས་པའི་མཛའ་བཤེས་ཆེན་པོར་གྱུར་ཅིང་། མདོ་སྔགས་ཆོས་ཀྱི་བདུད་རྩིས་འགྲོ་རྒྱུད་ཐར་པར་སྦྱོར་བའི་རྟེན་འབྲེལ་གྱི་ལེགས་ཚོགས་ཀྱི་ཐོག་མར་སྲིད་ཞིའི་དཔལ་ཡོན་ཐམས་ཅད་ཀུན་ནས་བསྡུས་ཤིང་མ་ཚང་བ་མེད་པའི་མཎྜལ་གྱི་རིམ་པ་སྔར་བཤད་ཀྱི་ཡོན་ཏན་དུ་མས་ཀུན་


GTN003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀྲིགས་ཏེ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ནས་འབུལ་བ་ཡིན་ལ། དེ་དང་མཐུན་པའི་ཚུལ་ལས་འཕྲོས་པའི་འབེལ་བའི་གཏམ་བགྱིས་པ་དེ་ལའང་། རང་ཉིད་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་སྐྱེས་ཐོབ་སྦྱངས་ཡོན་གྱི་ཆ་ཤིན་ཏུ་ཕྲ་བའི་རྐྱེན་གྱིས་དོན་ལོག་འཁྲུལ་པའི་གཏམ་དུ་སོང་བ་ཡང་ཡང་སྲིད་པས། མཁྱེན་ལྡན་མཁས་དབང་ཚོགས་པ་རྣམས་སྙན་ལམ་དུ་འཆག་ཅིང་། ལེགས་པའི་ཆ་ཤས་གང་ཞིག་མཆིས་པའི་དགེ་ཚོགས་རྨད་དུ་བྱུང་བ་དེས། འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་བསྟན་པ་རིན་པོ་ཆེའི་དཔལ་དམ་པར་གྱུར་པ། བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཞབས་པད་བརྟན་ཅིང་། བསྟན་འཛིན་གྱི་སྐྱེས་བུས་ནོར་འཛིན་གྱི་གཞི་མ་ལུས་ཡོངས་སུ་ཁྱབ་པ་དང་། བསྟན་པ་དང་བླ་མར་མཆོད་པའི་ཡོན་གྱི་བདག་པོ་རྣམས་ཀྱང་སྐུ་ཚེ་རིང་ཞིང་ཆབ་སྲིད་དཔལ་འབྱོར་དཀར་ཆའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་ལ་སོགས་མཐུ་ལས། ཕན་བདེའི་འབྱུང་གནས་སྟོན་པ་བླ་ན་མེད་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལེགས་ཚོགས་ཀྱི་ཤིས་པར་བརྗོད་པའི་མཐའ་བརྒྱན་པའི་ཚུལ་མདོ་ཙམ་ཞིག་ཞུ་བ་ལ། ༀ་བཛྲ་བྷུ་མི་ཨཱཿ ཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི་སོགས་མཎྜལ་ཚོམ་བུ་འགོད་ཚུལ་བཅས་མཐའ་རྒྱས་སུ་བྱའོ། །༈ དེ་ལྟར་འདི་ནི་མཎྜལ་གྱི་གཏམ་འབྲིང་པོ་ཙམ་དུ་རྒྱས་བསྡུས་འཚམས་


GTN003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར་བ་སྟེ། གཞན་དུ་རྒྱས་པར་སྤྲོ་བ་རྣམས་ཀྱིས་ནི་གོང་དུ་ཕུན་སུམ་ཚོགས་པའི་བཤད་སྦྱར་ནས་བརྩམས་ཏེ་འདིར་མ་འདུས་པའི་བཤད་པ་གསར་དུ་རང་བློའི་གང་འཚམས་སུ་སྤྲོས་པས་ཆོག་ཅིང་། བསྡུས་པ་ལ་མོས་པ་དག་ནི་གང་དུ་ཚིག་གི་འབྲེལ་སྦྱོར་ཚུལ་ལེགས་པོ་ཞིག་བྱུང་ཕྱིན་ཕུན་སུམ་ཚོགས་པ་ལྔའི་ཚུལ་མ་སྨྲས་པས་ཀྱང་ཆོག་ལ། མཎྜལ་གྱི་ངོ་བོ། ངེས་ཚིག་གི་དབྱེ་བ་དང་བཅས་རྫོགས་ཕྲལ་ཚོམ་བུ་སོ་བདུན་མ་ངོས་འཛིན་གྱི་འཕྲོར། བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། ཞེས་གསུངས་པ་ལྟར་གྱིས་མཎྜལ་གྱི་རིམ་པ་དེ་ཉིད་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ཏེ་སྐྱབས་མཆོག་རྡོ་རྗེ་འཆང་ཆེན་པོར་འབུལ་བ་ཡིན་ལ། དེ་ལས་འཕྲོས་པའི་འབེལ་བའི་གཏམ་བགྱིས་པ་དེ་ལའང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་མཐུས་ལ་དོན་དུ་བློ་དང་ལྡན་པ་དག་གིས་འཆད་པ་པོས་འཆད་བདེ། ཉན་པ་པོས་ཉན་བདེ། ཅི་ལྟར་བཤད་ཀྱང་འཐད། ཅི་ཙམ་བཤད་ཀྱང་རན་པ་སོགས་འབྲེལ་ཞིང་འོས་པར་རིགས་པས་བསྒྲུབ་ཏུ་ཁོ་ན་ཡིན་ལ། རང་ཡང་སྔོན་གོམས་ཀྱི་བག་ཆགས་དཀར་བས། ཆུང་ངུ་ནས་སྐྱབས་མཆོག་རྡོ་རྗེ་འཆང་རིན་པོ་ཆེས་བོང་བ་གསེར་གཟིགས་ལྟ་བུའི་བཀའ་དྲིན་གྱིས་རྣམ་པ་ཀུན་ཏུ་བསྐྱངས་པ་ཙམ་ལས་རང་ངོར་ཚིག་གཅིག་གི་དོན་འཇལ་བའི་བློ་ནུས་དམན་ཞིང་། དེ་མཚུངས་ཕྱི་ནང་གི་རིགས་གང་ལའང་ཐོས་བསམ་གྱི་ཆ་ཤིན་ཏུ་ནས་ཕྲ་བ་དང་། ཁྱད་པར་མཎྜལ་གྱི་བསྐོར་འདིར་རང་ན་ཕྲ་མོའི་སྐབས་སུ་སྐྱབས་མཆོག་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་པ་མེད་པ་དོན་གྱི་སླད་དུ་མཚན་ནས་


GTN003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ན་༧པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་གང་གི་ཞལ་སྔ་ནས་གཟིམས་ཆུང་ངོ་མཚར་ཀུན་གཟིགས་སུ་ཚོམ་བུའི་འགོད་ཚུལ་གྱི་གོ་དོན་ཙམ་གྱིས་བསླབ་སྟོན་ཐོས་པའང་ད་ནས་ཇི་བཞིན་དུ་བློར་ངེས་པ་མི་འདུག་པས། ཕྱིས་སུ་རང་ཀཿ ཐོག་བགྲོད་སྐབས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མངའ་བདག་ཉང་གི་ལམ་རིམ་གྱི་འགྲེལ་བ་ལྗགས་རྩོམ་གནང་བའི་ཡི་གེ་པ་རང་ནས་བགྱིས་སྐབས་མཎྜལ་སྐོར་གྱི་གོ་དོན་གསུང་གསང་དུ་ཐོས་པ་ཁ་ཤས་ཙམ་ནས་འདི་རིགས་ཀྱི་གོ་དོན་ལ་ཤིན་ཏུ་རྨོངས་ལགས་ནའང་། དེང་སྐབས་སྐྱབས་མགོན་རིན་པོ་ཆེས་རང་བློ་ལ་གསལ་འདེབས་དང་། རྨོངས་པ་རེ་ཟུང་ལའང་ཕན་པར་སྲིད་པས་འདི་ལྟ་བུའི་མཎྜལ་གྱི་བཤད་སྦྱར་ཞིག་ལེ་ལོར་མ་བཏང་བར་མྱུར་བར་བྲིས་ཤིག་ཅེས་བཀའ་སྩལ་སྤྱི་བོར་ཕེབས་པ་བཟློག་མ་ནུས་ཤིང་། ལར་དོན་ཇི་བཞིན་པ་ཞིག་ཤེས་ན་དེ་གཞན་ལ་སྟོན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པས། བྱམས་པ་སེངྒེའི་སྒྲའི་མདོར། སྟོང་གསུམ་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །དེ་ཡི་ཕན་ཡོན་དེ་ལྟར་འགྱུར་བ་ཡིན། ། ཞེས་སོགས་གསུངས་པ་ལྟར། ཡིད་ལ་ངེས་ཀྱང་བདག་ལྟ་བུའི་རྨོངས་པའི་རྒྱར་འཐུམས་ཤིང་། ཆོས་བརྒྱད་ཀྱི་སྒྲོག་གིས་བཅིངས་བཞིན་ཀུན་སློང་དཀར་


GTN003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁས་ཆེ་བས་གཤིན་གསོན་གྱི་དད་རྫས་གང་བྱུང་བབ་ཅོལ་དུ་སྤྱོད་ཅིང་། ངན་གོམས་ཀྱི་བག་ཆགས་ཁོ་ནས་དུས་འདའ་བས་འཆད་རྩོད་རྩོམ་པར་སྤྱོད་པ་ནི་ཁྲེལ་བའི་རྒྱུ་ཁོ་ན་ལས་མ་འདས་ཤིང་། ཁྱད་པར་འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གི་བསླབ་པའི་ཆོས་དག་འདྲེས་མར་བྱས་ཏེ་འདི་ནི་དམ་པའི་ཆོས་སོ་ཞེས་སྟོན་ཞིང་། ཆོས་སྨྲ་བ་གཞན་ལ་འདུས་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དཔེ་རྒྱུས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་རང་ཅག་གི་སྟོན་པའི་བཀའ་ཚད་མ་འདིའི་དོན་ཇི་བཞིན་པའི་ཉེས་ལྟུང་རང་རྒྱུད་ལ་འཇོག་པས་དོགས་པས་རྟག་པར་ཡིད་ལ་གཅེས་ཀྱང་། འདིར་ནི་སྐྱབས་མགོན་རྗེའི་གནང་བ་ཐོབ་པས་རྐྱེན་བྱས་གནའ་བོའི་མཁས་པ་རྣམས་ཀྱི་ལེགས་བཤད་དང་། ཡོངས་འཛིན་དམ་པ་རྣམས་ཀྱི་གསུངས་རྒྱུན་བསླད་མེད་ལ་གཞི་བཅོལ་བ་ཡིན་པས་རང་བཟོའི་སྐྱོན་དུ་མི་འགྱུར་རམ་སྙམས་ལ། འོན་ཀྱང་དེ་སྔར་ལྷའི་མཎྜལ་གྱི་འབེལ་གཏམ་ཕྱོགས་གཅིག་ཏུ་བསྒྲིགས་པ་ནི་ལག་ཏུ་ཡང་མ་སོན་ཅིང་། མཐོང་ཐོས་སུ་མ་གྱུར་པས་དཔྱད་བཟོད་དུ་བགྱིས་པ་ལ་ཉེས་འགལ་མཆིས་ན་མཁས་པའི་ཚོགས་ལ་བཤགས་ཤིང་སྐྱོན་སེལ་གྱི་མཐའ་དཔྱོད་ཅིག་རང་ནས་ཀྱང་སླར་འབྲི་བའི་འདུན་པ་ཡིད་ལ་བཅངས་པ་ལགས་སོ། །


previous༜ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཚོམ་བུ།next