Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདིར་སྨྲས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousའདིར་སྨྲས་པ།next

འདིར་སྨྲས་པ།


GTN003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། བྱ་བའི་རང་བཞིན་བརྗོད་པའི་རྒྱན།(འདི་མི་གསལ་བས་དཔྱད།) ཀུན་ཉོན་གདུང་བ་གཞིལ་ལ་རྟག་འཁྲུས་པའི། །བརྒྱད་ཁྲི་བཞི་སྟོང་ཟབ་རྒྱས་ཆོས་ཕུང་སྒོ། །རྣམ་དཔྱོད་སྟོབས་ཀྱིས་འཛིན་སྤེལ་སྐྱོང་བ་ལ། །སྤོབས་པ་དགེ་གང་དམ་པ་རྣམས་ཀྱི་གཤིས། ། བཻ་དརྦྷའི་མཛེས་པའི་ཡོན་ཏན་གཏམ་ལ་སྦྱར། དེ་ན་གང་རྣམས་ལེགས་བཤད་བདུད་རྩིའི་ཆུས། །བདག་བློའི་རྨོངས་ཞེན་དྲི་མ་ཀུན་སྦྱང་བས། །མཐའ་དག་རིག་པའི་གནས་ཀུན་མ་འདྲེས་པར། །སྨྲ་བའི་གཏམ་གྱི་བསྔགས་པ་དོན་གྱིས་ལྕི། ། སྔོན་མེད་བསྡུས་བརྗོད་དང་སྦྱར་རྒྱན་འདྲེས་པ། ། དེ་ལྟ་ན་ཡང་ཚུལ་མིན་འཁོར་ལོ་ཅན། །


GTN003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བརྒྱའི་སྐྱོན་གྱིས་མནར་ཞིང་ལོག་འཚོའི་ཟས། །བར་མེད་སྤྱོད་ལ་མི་ངལ་རྣམ་གྲོལ་སྲོག །ཁོ་ན་གཅོད་པར་བརྩོན་འདི་ཨེ་མ་མཚར། ། བསྡུས་བརྗོད་ཐེ་ཚོམ་ཕུལ་བྱུང་འདྲེས་པ། ། ཕྱོགས་རེའི་ཤེས་བྱར་ཞེན་པའི་པག་བྱེའུས། །རྣམ་མང་ཆོས་ཚུལ་ཀུན་གསལ་ཡངས་པའི་མཐའ། །རྩལ་ལྡན་རྒོད་པོའི་ཟོལ་གྱིས་གཞལ་བྱས་ཞེས། །གྲགས་པའི་སྤྲིང་ཡིག་འཐོར་བ་ཅང་བདེན་ནམ། ། གཽ་ཌ་བའི་མཛེས་པའི་ཡོན་ཏན་གཏམ་ལ་སྦྱར་བ། ། ཕྱི་ནང་གྲུབ་མཐའི་ཆོས་ཚུལ་ཛ་ཧུ་བུ། །གང་ཐུགས་བུམ་པར་དྲངས་པའི་ལེགས་བྱས་ཀྱིས། །ཐམས་ཅད་མཁྱེན་པར་བསྔགས་འོས་ཀཿཐོག་པ། །རྗེ་བཙུན་བསྟན་པའི་འཁོར་ལོ་ཉིད་དུ་བས། །


GTN003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་དརྦྷའི་རྒྱ་ཆེ་བའི་ཡོན་ཏན། ། གང་གི་མཚན་ཙམ་ཐོས་པའི་ཡོན་ཏན་གྱིས། །རྨོངས་ཞེན་དྲི་མས་བསླད་པའི་སྐྱོན་མཐའ་དག །གཞིལ་བར་མངོན་སུམ་གྲུབ་དེས་གཞན་བལྟོས་ཀྱི། །དགོས་པ་རྨི་ལམ་ཙམ་དུ་འཆར་མི་སྲིད། ། ལེའུ་དང་པོའི་ཚིག་ལ་སྐོར་བའི་རྗེ་སྲིད། དེས་ན་དེ་ལྟའི་དཔལ་ཡོན་གྱིས་འབྱོར་བའི། །གང་དང་གང་གི་རྣམ་པར་ཐར་པའི་གཏམ། །ཀུན་ནས་ཀུན་ཏུ་སྒྲོགས་པའི་དུན་དྷུ་བྷི། །ཡང་ནས་ཡང་དུ་སྲིད་པར་བརྡུངས་པའི་སྒྲས། ། ཐོག་མའི་ཟུང་ལྡན་ཆོད་ཅིང་མ་ཆོད། ལྷང་ལྷང་དགེ་མཚན་མཐའ་དག་བོས་པའི་གཏམ། །གསལ་གསལ་དཔྱོད་ལྡན་ཚོགས་པའི་མདུན་ས་ཆེར། །


GTN003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་ལྷང་གླུ་རུ་ལེན་པའི་ལེགས་བཤད་འདིས། །གསལ་གསལ་དཀའ་གནད་མདུད་པ་བཀྲལ་ལམ་སྙམ། ། ཐོག་མཐའ་སྦྱར་བའི་ཟུང་ལྡན། ། གང་འདིར་ཉེས་པའི་ཆ་གང་མཆིས་པའི་སྐྱོན། །སྐྱོན་བྲལ་མཁས་དབང་ཚོགས་པའི་མདུན་ས་ཆེར། །ཆེས་གུས་ཡིད་ཀྱི་རང་བློའི་ནོངས་པའི་དྲིར། །དྲི་མེད་ལྷག་བསམ་དག་པས་ཤེས་བཞིན་འཆགས། ། དངོས་པོའི་དཔེ་རྒྱན། ། འདིར་འབད་རྣམ་དཀར་འོ་མཚོ་བསྲུབས་པ་ལས། །ཉེར་འོངས་རི་དྭགས་མཚན་པའི་རྗེས་འགྲོ་དེས། །མི་མཐུན་ཉེས་བརྒྱའི་ཚོགས་ཀུན་གཞིལ་བྱས་ན། །ཕན་བདེའི་ཚལ་རབ་རྒྱས་འགྱུར་སྨོན་པའི་ཡུལ། །


GTN003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བརྗོད་ཀྱི་རང་བཞིན་བརྗོད་པ། སྨྲ་བ་པོ་ཡང་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་བླ་མ་མཉེས་པ་གསུམ་གྱིས་བསྟེན། །མཐར་ཐུག་རྣམ་གྲོལ་གཏན་གྱི་བདེ་བ་ལ། །རེག་པའི་དགའ་སྟོན་ཚར་དུ་མངར་གྱུར་ཅིག ། ཚིག་བསྐོར་དང་སྒྲིབ་པའི་གབ་ཚིག་སྦྱར་རྒྱན་སོགས་འདྲེས་པ། རྟོག་བྲལ་རྟོག་པས་མ་བསླད་སྙིང་རྗེའི་གཞན་དབང་ཉིད་དུ་གྱུར། །མཐའ་བྲལ་མཐའ་འཚོལ་རྨོངས་པའི་གཡོ་བའི་སྦྱིན་སྐྱེས་དགྲ་རྣམས་ཀུན། །འཇིགས་བྲལ་འཇིགས་ལྟར་སྒྲོལ་ལ་སྤོབས་པ་མཆོག་གི་གདེང་ཐོབ་པས། །སྤྱོད་དཀའི་སྤྱོད་པར་ཞུགས་དེ་གསེར་གྱི་ལུས་ཅན་བདག་གི་ལྷ། ། ཤིས་བརྗོད་ཕུལ་བྱུང་བསྲེས་པ་གོ་ཊ་བའི་མཛེས་མཚོན་བསྔགས་པ། གང་ཐུགས་རྣམ་མཁྱེན་འཇུག་པའི་ཕ་མཐའ་དཔག་དཀའི་རང་བཞིན་དུ་ངེས་པས། །གངས་ལྗོངས་བསྟན་འགྲོའི་ཕན་བདེའི་བྱེད་པོར་ངོ་མཚར་མཚན་དཔེའི་གཟུགས་སྐུའི་དཔལ། །


GTN003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྙོགས་བྲལ་སིནྡྷུའི་མཚོ་གླིང་བལྟམས་ཞེས་ལྷར་བཅས་འགྲོ་ལ་གྲགས་པའི་གཏམ། །ཐོས་པའི་སྒྲ་འཛིན་རིན་ཐང་གིས་སྤངས་པདྨ་ཀཱ་རས་དགེ་ལེགས་སྩོལ། ། ཐོག་མར་ཆོད་པའི་ཟུང་ལྡན་དང་ཤིས་བརྗོད་ཀྱི་རྒྱན། བཀྲ་ཤིས་ཀུན་གྱི་འབྱུང་གནས་དཀོན་མཆོག་གསུམ། །བཀྲ་ཤིས་བདེན་ཚིག་གྲུབ་པའི་དྲང་སྲོང་ལྷ། །བཀྲ་ཤིས་དཔལ་གྱིས་སྡུད་པའི་དགོས་འབྱུང་མཆོག །བཀྲ་ཤིས་རྣམ་པ་དུ་མས་ཤིས་གྱུར་ཅིག ། དེ་ལྟར་མཎྜལ་གྱི་བཤད་སྦྱར་འཇུག་བདེ་མཁས་དབང་ཡིད་འཕྲོག་ཅེས་བྱ་བ་འདི་ནི་ཞེ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་སྐུ་དྲིན་གྱིས་འཚོ་བའི་རྨོངས་བརྟུལ་སྤྲུལ་གཟུགས་པ་བཏགས་མིང་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ་མིང་གཞན་ལྔ་རིག་སྨྲ་བ་འཇམ་དབྱངས་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་སུ་འབོད་པས་རང་ལོ་ཉེར་གཅིག་པ་རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས་ལོའི་ཁྲུམས་ཟླའི་མར་ངོའི་ཚེས་བཅུའི་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་རེས་གཟའ་ཉིན་མོར་བྱེད་པས་སྦྱིན་མའི་ལྷ་མོར་བགྲོད་ཅིང་འབྱུང་ཁམས་སྟོབས་ལྡན་སྦྱོར་བར་འཕྲོད་པའི་ཕྱེད་ཡོལ་གཡང་དཀར་གྱི་ཆུ་ཚོད་ཕྱེད་གསུམ་ཙམ་འདས་པའི་དུས་ཚོད་ལ་རང་གནས་བསྟན་གཉིས་དར་རྒྱས་གླིང་གི་


GTN003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བྲང་ཕུན་ཚོགས་ཡོངས་འདུའི་རྩེ་ཤག་གཟིམས་ཆུང་འཆི་མེད་འོད་སྣང་དུ་གྲུབ་པར་སྦྱར་པའི་དགེ་བས་འགྲོ་ཀུན་གདོད་མའི་གོ་འཕང་མཆོག་ལ་རེག་པའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལམ།། །།


previousའདིར་སྨྲས་པ།next