Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་འགྱུར་ཐོབ་ཡིག་ཕན་བདེའི་གཏེར་མཛོད། མཆོད་བརྗོད།
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་འགྱུར་ཐོབ་ཡིག་ཕན་བདེའི་གཏེར་མཛོད། མཆོད་བརྗོད།next

བཀའ་འགྱུར་ཐོབ་ཡིག་ཕན་བདེའི་གཏེར་མཛོད། མཆོད་བརྗོད།


GTN003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་གྱི་ཐོབ་ཡིག་ཕན་བདེའི་གཏེར་མཛོད་བློ་གསལ་མགྲིན་རྒྱན་ཞེས་བྱ་བ་བཞུགས་སོ། ། ཇི་ལྟ་བ་དང་ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །ཐོགས་མེད་མཁྱེན་པའི་ཡེ་ཤེས་མངའ་དེས་བདུད་བཞི་སྒྲིབ་གཉིས་བཅས་པའི་དཔུང། །དཔུང་ཚོགས་བཞི་བྲལ་དམིགས་མེད་དབྱིངས་སུ་ཉེར་བཅོམ་ངོ་མཚར་རྨད་བྱུང་བ། །དོན་གཉིས་རྫོགས་ཤིང་མ་རིག་གཉིད་སངས་ཡེ་ཤེས་བློ་རྒྱས་དེར་ཕྱག་འཚལ། ། གང་ཞིག་རྣམ་པར་དཀར་བའི་མཚན་ཉིད་འཛིན་ཞིང་འགྲོ་ཁམས་དག་པའི་གཞིར། །རྣམ་ཀུན་བདེ་བའི་ས་བོན་བསྐྱེད་ལ་ཆེས་བསྔགས་བླང་དོར་གནད་སྟོན་པ། །བརྗོད་བྱའི་དོན་རྣམས་འཁྲུལ་མེད་དབང་པོའི་ཡུལ་དུ་གསལ་བར་སྟོན་པ་ཅན། །གང་གསུང་ཐོག་བར་མཐའ་གསུམ་དགེ་བའི་རང་བཞིན་དམ་པའི་ཆོས་ལ་འདུད། ། སྟོན་དང་བསྟན་ལ་ཆེས་གུས་སྡོམ་དང་སྡོམ་མིན་དེ་ཉིད་བྱེད། །བདེ་དང་བདེ་མིན་གང་ཞིག་རྣམ་དཀར་དཀར་མིན་འབྲས་བུར་སྟོན། །ཀུན་ནས་ཀུན་ཏུ་འགྲོ་རྣམ་ཐར་དང་ཐམས་ཅད་མཁྱེན་ལ་འགོད། །


GTN003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞིང་ཞིང་མཆོག་འཕགས་པའི་དགེ་འདུན་རྣམས་ལ་རྣམ་ཀུན་འདུད། ། བསླབ་གསུམ་སྡེ་སྣོད་མ་ལུས་བསྡུ་བའི་བྱེད་པོ་འོད་སྲུང་དང་། །ཀུན་དགའ་བོ་དང་ཉེ་བར་འཁོར་སོགས་གཏད་རབས་རིམ་བྱོན་ཚོགས། །ཐེག་ཆེན་བཀའ་ཡི་སྡུད་པོ་རྡོ་རྗེ་ཅན་སོགས་ཉེ་སྲས་དང་། །ལྷ་ཀླུ་མི་ཡི་རིག་འཛིན་ཚོགས་ལ་དངས་པས་ཆེད་དུ་བསྔགས། ། འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས། །རྒྱ་བོད་ལོ་པཎ་རྒྱལ་བསྟན་བཤད་སྒྲུབ་ཀྱིས། །འཛིན་པ་རྣམས་ལ་བཀའ་དྲིན་དྲན་པའི་ཕྱག །ལན་བརྒྱར་བརྩེགས་ཏེ་དད་སྤྲོའི་མེ་ཏོག་འཐོར། ། རྒྱལ་བས་གསུངས་པའི་ཆོས་ཕུང་ཛ་ཧུའི་རྒྱུན། །གང་གི་མཁྱེན་དཔྱོད་ཧུབ་ཀྱིས་ཉེར་དྲངས་པས། །མ་ལུས་འགྲོ་བའི་དག་བྱེད་ཚད་མ་རུ། །བསྒྲུབ་མཁས་མགོན་པོ་བསོད་ནམས་མཆོག་ལྡན་རྒྱལ། ། གངས་ལྗོངས་བསྟན་འགྲོའི་སྤྱི་དཔལ་པད་འབྱུང་རྗེ། །


GTN003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ངོར་སྤྲུལ་པའི་ཚུལ་འཛིན་ལུང་རྟོགས་བསྟན། །བཤད་སྒྲུབ་ཕྲིན་ལས་ཀྱིས་སྐྱོང་ཡོངས་ཟབ་གཏེར། །འདོན་མཛད་གཏེར་ཆེན་བརྒྱུད་པར་བཅས་ལ་བསྔགས། ། མཁས་གྲུབ་བྱེ་བའི་གཙུག་རྒྱན་ཐེག་མཆོག་བསྟན། །སྤེལ་ལ་ཟླ་བྲལ་འཇིག་རྟེན་མིག་གཅིག་པུ། །ཤེས་བྱ་ཀུན་གཟིགས་དྷརྨ་ཤྲཱི་ཞེས། །ལུང་རྟོགས་བསྟན་པའི་མངའ་བདག་གང་དེ་རྒྱལ། ། རྒྱལ་བསྟན་འཆད་བསྒྲུབ་རྩོམ་པའི་ཕྲིན་ལས་ཀྱིས། །སྤེལ་བའི་ཕྲིན་ལས་ཕྱོགས་ཀྱི་འཁོར་ཡུག་ཏུ། །ཁྱབ་པས་འགྲོ་རྣམས་རྣམ་གྲོལ་ལ་འགོད་པའི། །ཐེག་མཆོག་བསྟན་འཛིན་སྐུ་དྲིན་བསམ་གྱིན་དད། ། བཅུ་ཕྲག་བགྲང་བྱའི་རིགས་ལམ་བདུད་རྩིའི་རྒྱུན། །གང་ཐུགས་མཁྱེན་པའི་བུམ་པར་བྱང་ཆུབ་པས། །འཆད་རྩོད་རྩོམ་ལ་ཆོས་ཀྱི་གྲགས་པ་དང་། །དབྱེར་མེད་ཀུན་བཟང་རྣམ་པར་རྒྱལ་དེར་འདུད། །


GTN003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཉིས་རྣལ་འབྱོར་ལ་གོམས་བྱང་སེམས་ཀྱིས། །གཞན་ཕན་དམ་བཅའི་ཁུར་ཆེན་འདེགས་མཁས་པ། །ངེས་པའི་དོན་རྟོགས་བརྒྱུད་འཛིན་རཏྣའི་མཚན། །ཕྱོགས་ཀྱི་གླང་པོའི་བརྟུལ་ཞུགས་འཛིན་དེ་རྒྱལ། ། གདོད་ནས་སྐྱེ་མེད་གཟིགས་དེས་གཉིས་འཛིན་བྲལ། །བདེན་གཉིས་ཆོས་ཀྱིས་འགྲོ་རྒྱུད་སྨིན་པར་མཛད། །དོན་གཉིས་མཐར་ཕྱིན་ཕན་བདེའི་འབྲས་སྩོལ་བའི། །རྣམ་འདྲེན་རིག་འཛིན་དཔལ་འབྱོར་རྒྱ་མཚོར་བསྔགས། ། ལྔ་བདོའི་འགྲོ་ལ་རྗེས་བརྩེའི་ཕྲིན་ལས་མཐའ། །འབུམ་ཕྲག་ནམ་མཁའི་ཁྱོན་གྱིས་གཞལ་མིན་ཞིང་། །གྲུབ་བརྙེས་དུ་མས་ཞབས་པད་ཉེར་བཏེགས་པའི། །རྒྱལ་བ་གཉིས་པ་བསྟན་འཛིན་ཆོས་ཀྱི་རྒྱལ། ། གང་ཐུགས་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ལས། །སྨིན་གྲོལ་གདམས་པའི་ཆུ་གཏེར་ཕྱོགས་ཀུན་ཏུ། །གྲོལ་དེས་འགྲོ་རྒྱུད་ཉོན་མོངས་ཀུན་སྦྱངས་པའི། །


GTN003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་སྲིད་པའི་མཐས་ཀྱང་གཞལ་ནུས་མིན། ། དེ་ཕྱིར་དེང་སྐབས་སྙིགས་མའི་རང་མཚང་གིས། །བསྟན་འཛིན་ཕལ་ཆེར་འཇིག་རྟེན་ཆོས་བརྒྱད་ཀྱིས། །བྲེལ་བས་དལ་རྟེན་སྟོང་པར་ཆུད་འཛའ་ན། །རྒྱལ་བཀའ་ནོད་པའི་བསོད་ནམས་བགྲང་བྱར་མིན། ། ཚད་ལྡན་ཁུངས་དང་མི་འབྲེལ་ཟོག་བརྫུ་བག །རྙེད་འཚོལ་ཕྱིར་དུ་ཆོས་ཟོལ་འཛིན་མིན་པར། །དཀའ་བས་བླ་མ་བསྟེན་ཞིང་ལུང་རྟོགས་ཀྱི། །བརྒྱུད་པ་འཛིན་དེ་རྣམ་ཀུན་བསྔགས་པའི་ཡུལ། ། དེས་ན་གངས་ཅན་ལྗོངས་འདིར་རྒྱལ་བའི་བཀའ། །འགྱུར་རོ་ཅོག་གི་ལུང་རྒྱུན་མ་ལུས་པ། །ཞིབ་པར་ནོད་པའི་ཐོབ་ཡིག་ཕན་བདེའི་གཏེར། །རྣམ་པར་ཕྱེ་འདིས་སྐལ་བཟང་དགའ་བར་བྱོས། ། ཞེས་མཆོད་པར་བརྗོད་པ་ཅུང་ཟད་སྔོན་དུ་བཏང་སྟེ།


previousབཀའ་འགྱུར་ཐོབ་ཡིག་ཕན་བདེའི་གཏེར་མཛོད། མཆོད་བརྗོད།next