Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ལ་སྐབས་འདིར་གླེང་བར་བྱ་བ་ནི།
   
   
   
   
   
   
   
   
   
   
   
   
   


 
previousདེ་ལ་སྐབས་འདིར་གླེང་བར་བྱ་བ་ནི།next

དེ་ལ་སྐབས་འདིར་གླེང་བར་བྱ་བ་ནི།


GTN003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྐབས་འདིར་གླེང་བར་བྱ་བ་ནི། ཇི་སྐད་དུ། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་
ལུས་ནི་ཚོགས་ཀྱིས་རྙེད་ཡིན་ནོ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་རྒྱལ་བས་གསུངས་པའི་ཆོས་ཀྱི་རྣམ་གྲངས་རྣམས་ལ་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་རྣམ་གྲོལ་གྱི་ལམ་ལ་སྦྱོར་དགོས་པ་སྟེ། དེ་ཡང་རང་ཅག་ཐམས་ཅད་སྔོན་སྨོན་ལམ་རྣམ་པར་དག་ཅིང་བསོད་ནམས་བསགས་སྟོབས་ཀྱིས་རྙེད་པའི་དལ་འབྱོར་ཁྱད་པར་ཅན་གྱི་ལུས་རྟེན་འདི་འདྲ་རྙེད་པར་དཀའ་ཞིང་། དེ་ལྟར་རྙེད་པ་དེ་ཉིད་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིངས་ལས། བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབས། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་ལུས་རྟེན་དེ་ཉིད་ཐོབ་པའི་སྐབས་འདིར་མི་ཚེ་སྟོང་པར་ཆུད་མི་འཛད་པའི་ཕྱིར། འཕྲལ་དུ་དམ་པའི་ཆོས་ལ་བསླབ་པར་བྱ་དགོས་ཤིང་། དེ་ཡང་ཐར་འདོད་རྣམས་ཀྱིས་བསླབ་པར་བྱ་བའི་གནས་ནི་ཐོས་བསམ་སྒོམ་གསུམ་ཡིན་ཏེ། དེ་ཡང་ཐོས་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་མཐའ་རྒྱ་བཅད་དེ་ཐོས་དོན་བསམ་པས་བརྟགས་ནས་སྒོམ་པའི་ཤེས་རབ་ལ་སྦྱོར་དགོས་པའང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། ། དེས་ན་དེ་ལྟ་བུའི་ཐོས་བསམ་བྱ་བའི་ཡུལ་དེ་གང་ཡིན་ཞེ་ན། རིག་པའི་


GTN003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེ་ཆུང་བཅུ་ཕྲག་གི་གྲངས་སུ་དབྱེ་བ་དག་ལ་སྟེ། དེ་དག་ལས་ཀྱང་ནང་དོན་རིག་པ་ནི། ཐར་པའི་ལམ་དངོས་ཡིན་ཏེ། དེ་ཉིད་བརྗོད་བྱར་བྱས་ནས་རྗོད་བྱེད་དུ་སྟོན་པ་ཐབས་མཁས་ཐུགས་རྗེ་དང་ལྡན་པས་གདུལ་བྱའི་དབང་པོ་དང་འཚམས་པའི་ཆོས་ཀྱི་རྣམ་གྲངས་དྲང་ངེས་སོ་སོའི་སྐད་དང་མཐུན་པར་བསྟན་པའི་ཚད་ནི། ཉན་རང་སློབ་མི་སློབ་ཀྱི་འཕགས་པ་རྣམས་དང་སྲིད་པ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འདི་ཙམ་མོ་ཞེས་བཟུང་བར་མི་ནུས་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་ཡུལ་ལྟ་ག་ལ་ཞིག་སྟེ། ལང་གཤེགས་ལས། ཇི་སྲིད་བློ་ནི་མ་ཟད་པར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་བགྲོད་པ་མེད། །ཅེས་གསུངས་སོ། ། འོན་ཏེ་གསུང་རབ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་ཡུལ་དབུས་འགྱུར་འཆང་སོགས་སུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། མངོན་པར་རྟོགས་པའི་ས་ལམ་མཐོན་པོར་གཤེགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་བཤེས་གཉེན་དུ་མས་འཐོར་བ་བསྡུད་པ་དང་། འཆད་ཉན་གྱིས་གཏན་ལ་ཕབ་སྟེ་ཐོས་བསམ་སྒོམ་པའི་ཆུ་བོ་གཅིག་ཏུ་འཁྱིལ་བ་དེ་དག་ཐམས་ཅད་ཀྱང་བཀའ་དང་བསྟན་བཅོས་གཉིས་སུ་འདུས་ཏེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །༼གཉིས་སུ་འདུས།༽ ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །ཞེས་སོ། །


GTN003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཀའ་ཞེས་བྱ་བ་ནི། བརྗོད་བྱ་ཡང་དག་པའི་དོན་དང་ལྡན་པ། རྗོད་བྱེད་དམ་པའི་ཆོས་དང་འབྲེལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བར་ནུས་པ། མཐར་ཐུག་ཐར་པའི་ཕན་ཡོན་སྟོན་པ་ཞིག་སྟེ། རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུངས་ཡིན་བཟློག་པ་གཞན། །ཞེས་སོ། ། བསྟན་བཅོས་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་རྒྱལ་བ་སྟོན་པ་ཉིད་ཀྱི་གསུང་གི་རྗེས་སུ་འབྲངས་ཏེ་ཚིག་དོན་ཕྱིན་ཅི་མ་ལོག་པར་ཐར་པའི་ལམ་སྟོན་ནུས་པ་བཀའ་སྤྱི་དང་བྱེ་བྲག་གི་དགོངས་འགྲེལ་རྣམས་ཏེ། སྔ་མའི་ལུང་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་ལ། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བློངས། །ཞེས་གསུངས་པ་ལྟར་རོ། ། དེ་ལྟར་ཐོས་པར་བྱ་བའི་ཡུལ་དག་ལ་ཐོས་པ་བྱས་པའི་ཕན་ཡོན་ནི། རྒྱུད་བླ་མར། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པར་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ནི་འབད་


GTN003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་དག་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཕྱིར་སྦྱིན་པའི་ལོངས་སྤྱོད་དག་ནི་སྒྲུབ་བྱེད་པ། །ཁྲིམས་ཀྱི་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་གསུངས་སོ། །དེ་ཡང་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནད་ཤེས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ། ཏིང་ངེ་འཛིན་གྱི་བསླབ་པ་ཐོབ་ནས་དོན་མེད་པའི་འདོད་པ་སྤངས་པ། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་ཟག་ཟད་མངོན་དུ་བྱས་ཏེ་མྱ་ངན་འདས་པ་ཐོབ་པར་འགྱུར་ཞིང་། གཞན་ཡང་གནས་སྐབས་དང་མཐར་ཐུག་གི་སྒོ་ནས་ཕན་ཡོན་རྣམ་པ་གཉིས་སུ་འགྱུར་བ་ཡང་། གནས་སྐབས་སུ་རྟོགས་པའི་ཆ་ནས་ཐོས་པས་ཆོས་རྣམས་ཤེས་པ་དང་། སྤངས་པས་སྡིག་པ་དང་དོན་མེད་ལས་ལྡོག་ཅིང་མཐར་ཐུག་གི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱེད་ཅིང་། ཁྱད་པར་ཐེག་པ་ཆེན་པོའི་ཆོས་རྣམས་ཐོས་པའི་ཕན་ཡོན་ནི། བསྐལ་པ་བཟང་པོའི་མདོར། འཇིག་རྟེན་ཁམས་
འདིའི་སེམས་ཅན་གང་སུ་དག །དེ་རྣམས་ཐམས་ཅད་བྱང་ཆུབ་བཀོད་པ་བས། །གང་གི་ཕུང་པོ་མེད་པའི་ཚིག་ཐོས་ནས། །སྐྲག་མེད་དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་པས་ཐུན་མོང་གི་ཐེག་པས་སེམས་ཅན་གྲངས་མེད་བྱང་ཆུབ་ཏུ་བཀོད་པ་བས། ངེས་དོན་ཟབ་མོའི་ལམ་ལ་ཞུགས་པ་དང་། སྐྲག་པ་མེད་པས་ཐོས་པ་དོན་དུ་གཉེར་བ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་པར་གསུངས་སོ། །


previousདེ་ལ་སྐབས་འདིར་གླེང་བར་བྱ་བ་ནི།next