Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུ་མཚན་ཉིད་ཐེག་པའི་སྐོར། ལོ་རྒྱུས་མདོར་བསྟན།
   
   
   
   
   
   
   
   
   
   
   
   


 
previousརྒྱུ་མཚན་ཉིད་ཐེག་པའི་སྐོར། ལོ་རྒྱུས་མདོར་བསྟན།next

རྒྱུ་མཚན་ཉིད་ཐེག་པའི་སྐོར། ལོ་རྒྱུས་མདོར་བསྟན།


GTN003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེན་པར་གསུངས་པའི་བཀའ་གངས་ལྗོངས་བོད་འདིར་འགྱུར་རོ་ཅོག་ཐོབ་པའི་ཚུལ་ལ། ལོ་རྒྱུས་མདོར་བསྟན། ཐོབ་ཚུལ་རྒྱས་པར་བཤད་པའོ། ། དང་པོ་ནི། དེ་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་རེ་རེར་འདུལ་བྱེད་མཆོག་གི་སྤྲུལ་པའི་སྐུ་དེ་སྙེད་འབྱུང་བ་ཐམས་ཅད་མཛད་པའི་ཚུལ་མཐུན་པར་སྟོན་པས་ན། མཛད་ཚུལ་གཅིག་གིས་ཐམས་ཅད་ཀྱི་མཛད་པ་རྟོགས་པར་འགྱུར་ཏེ། དེ་ཡང་བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་སྒོ་ནས་བརྗོད་ན། དམ་ཆོས་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་ཆོས་ཀྱི་བདུད་རྩི་མངོན་པར་བརྙེས་ཟིན་ཀྱང་འགྲོ་བློའི་མོས་པ་དང་བསྟུན་ཏེ་དྲང་དོན་ཀུན་རྫོབ་ཀྱི་ཆར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལས་སེམས་སྐྱེད་པ་ནས་བརྩམས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་


GTN003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་སྒྲིབ་པ་སྦྱངས་ནས་མཐར་མི་མཇེད་ཀྱི་ཞིང་འདིར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པ་སངས་རྒྱས་པ་སོགས་མཛད་པའི་རྣམ་གྲངས་མདོར་བསྡུ་ན་བཅུ་གཉིས་སུ་བསྟན་ཏེ། དེ་ཡང་ཝཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་ལས་བརྩམས་ཏེ་བཀའ་དང་པོ་བདེན་པ་བཞི། བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར་བཀའ་བར་པ་མཚན་ཉིད་མེད་པ། ཡངས་པ་ཅན་ལ་སོགས་པར་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པ་སྟེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་། རི་རབ་ཀྱི་རྩེ་དང་། རྒྱ་མཚོའི་འགྲམ་དང་། རྡོ་རྗེ་ནོར་བུ་བརྩེགས་པའི་ཁང་པ་ལ་སོགས་པར་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་ཆོས་འཁོར་གདུལ་བྱའི་མོས་བློ་དང་འཚམས་པར་བསྐོར་བ་དེ་དག་ཀྱང་། གསང་བ་སྙིང་པོ་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་


GTN003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་མཉམ་མེད་ཐུབ་པའི་དབང་པོས་ལེགས་པར་གསུངས་པའི་བཀའ་དེ་རྣམས་ཐམས་ཅད། དགྲ་བཅོམ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་བྱས་ཏེ། པཎ་གྲུབ་མང་པོས་འཐོར་བསྡུད་འཆད་ཉན་གྱིས་གཏན་ལ་ཕབ་པ་ལས་བྱང་ཕྱོགས་གངས་རིའི་ར་བས་བསྐོར་བའི་ལྗོངས་འདིར་ཇི་ལྟར་དར་བའི་ཚུལ་ནི། ཐོག་མར་བོད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོའི་སྤྲུལ་པ་ཐོ་རི་སྙན་ཤལ་གྱི་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་ཉི་ཟེར་དང་ལྷན་ཅིག་པར་གསེར་ཤོག་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་པའི་སྤང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོག་རྣམས་བབས་པས་བསྟན་པའི་དབུ་བརྙེས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོའི་དུས་འཇམ་དཔལ་སྤྲུལ་པ་ཐོན་མི་སམྦྷོ་ཊས། རིན་ཆེན་ཏོག་གི་གཟུངས། ཤེར་ཕྱིན་འབུམ་པ། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བསྒྱུར་པ་སོགས་བསྟན་པའིི་སྲོལ་གཏོད། འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཁན་སློབ་གཉིས་དང་བཻ་རོ་ཙཱ་ན་སོགས་ལོ་པཎ་མང་པོ་དབུའི་མཆོད་གནས་སུ་བཀུར་ཏེ་ཐེག་པ་ཆེ་ཆུང་གི་བཀའི་དགོངས་འགྲེལ་མཐའ་དག་བསྒྱུར་ནས་བསྟན་པ་དར་རྒྱས་སུ་མཛད། སད་ན་ལེགས་མཇིང་ཡོན་གྱི་དུས། བནྡྷེ་དཔལ་བརྩེགས་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་གི་གསུང་རབ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་


GTN003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག་འཕང་ཐང་མར་གྲགས་ཤིང་བཀའ་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མའང་འདི་ཉིད་ཡིན་ལ། དེ་རྗེས་དཔལ་བརྩེགས་དང་། འཁོན་ཀླུ་དབང་སྲུངས་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་གསུང་རབ་རྣམས་བསྡུས་ཏེ་དཀར་ཆག་ལྡན་དཀར་མ་མཛད། དེ་རྗེས་ཁྲི་ལྡེའུ་སྲོང་ལྡེ་བཙན་འོན་ལྗང་རྡོ་ན་བཞུགས་པའི་དུས་སུ། སློབ་དཔོན་ཛི་ན་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་སྲུང་སོགས་ལ་རྒྱལ་པོའི་བཀས་བསྐུལ་ཏེ། འགྱུར་རྙིང་པ་བཅོས་སུ་མི་རུང་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་ནས་བཟུང་། པཎྜི་ཏ་སྨྲི་ཏི་དང་། ལོ་ཙཱ་བ་རོང་ཟོམ་ཆོས་བཟང་ཡན་ལ་འགྱུར་བ་རྣམས་སྔ་དར་ཡིན་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་རྒྱ་གར་དུ་བྱོན་ཏེ་འགྱུར་འགོ་བཙུགས་པ་ནས་བརྩམས་ཕྱི་དར་གྱི་སྒོ་དེད་དེ། ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་འབུམ་ཕྲག་གསུམ་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་མང་དུ་བྱོན། ལོ་ཙ་བའང་རྔོག་འབྲོག་མར་པ་སོགས་ཀྱིས་ཆོས་མཐའ་ཀླས་པར་འགྱུར། དེ་ཡང་མདོ་ཕྱོགས་རྣམས་ཐར་ལོས་མདོ་ཕྲན་བཅུ་གསུམ་གསར་དུ་བསྒྱུར་པ་ཙམ་ལས་སྔ་དར་སྐབས་འགྱུར་ཟིན་ལ། ཕྱི་རྒྱུད་གསུམ་ཡང་ཕལ་ཆེར་སྔ་དར་སྐབས་བྱུང་ཡང་། བོད་ཀྱིས་དུས་འཁོར་སོགས་གསར་མ་ལ་གྲགས་པའི་རྒྱུད་སྡེ་མང་དུ་བསྒྱུར་ཞིང་དེ་དག་དང་འབྲེལ་བའི་དབང་། བཤད་བཀའ་གདམ་ངག་སྟེ་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་པ་བོད་ཀྱི་སྐལ་བར་བྱོན་ཞིང་། མདོ་སྔགས་ལམ་གྱི་རིམ་པ་ཇི་སྙེད་པའི་སྒོ་ནས་གསར་མའི་གྲུབ་མཐའ་མང་དུ་གྱེས་སོ། །


GTN003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བསྟན་པ་ཕྱི་དར་ལ་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ལྟ་བུ་ནི། དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཅོམ་ལྡན་རིགས་རལ་གྱི་སློབ་མ་འཇམ་དགག་པཀྵིས་དངོས་རྫས་དུ་མའི་མཐུན་རྐྱེན་གྱིས་བསྐུལ་ཏེ། འདུལ་བ་ལུང་དཔེ་མཆིམས་ནམ་མཁའ་གྲགས་ཀྱིས་བཞེངས་པ། མདོ་སྡེའི་སྐོར་ཆོས་རྒྱལ་འཕགས་པའི་ཐུགས་དམ་ལྷ་མའི་རྒྱན་མཆོག །མདོ་མང་འདར་འཕྱར་བས་བཞེངས་པ་འཛམ་གླིང་རྒྱན། གསེར་གཞུང་མ། ཕྱུག་རྒྱལ་མ། དགོན་གསར་མ་ལེ་ཚན་སྤུན་གསུམ་གཙུག་ལག་ཁང་གི་མདོ་མང་སོགས་གུང་བསྒྲིགས། ཤེར་ཕྱིན། རྒྱུད་འབུམ་བཅས་དབུས་པ་བློ་གསལ་སངས་རྒྱས་འབུམ་སོགས་མཁས་པ་མང་པོས་སྒོ་བསྟུན་བཀའ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་དུ་བཞེངས་པ་ལ། བཅོམ་ལྡན་རིགས་རལ་གྱིས་དཀར་ཆག་ཉི་མའི་འོད་ཟེར་མཛད། དེའི་རྒྱུན་ལས་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་གུང་ཐང་དུ་བཞེངས་པ་ལ། འཇང་རྒྱལ་པོས་སྤར་དུ་བསྐོས་པ་ཡང་འདིའི་རྒྱུན་ལས་བྱུང་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པས་དོགས་གཞི་གསར་བསླངས་ཀྱིས་དཀར་ཆག་གསར་དུ་བརྩམས་པ་ལྟར་ཞ་ལུ་གསེར་ཁང་དུ་བཞེངས་པའི་རྒྱུན་ལ་རྒྱལ་རྩེ་ཐེམ་སྤངས་མ་དང་། འཇམ་མགོན་སི་ཏུ་རིན་པོ་ཆེས་ཞུ་ཆེན་དང་དཀར་ཆག་མཛད་ནས་ས་སྐྱོང་སྡེ་དགེ་རྒྱལ་པོས་བཞེངས་པའི་མཚལ་སྤར་མ་སོགས་བྱུང་སྟེ་བོད་དང་བོད་ཆེན་པོའི་ལྗོངས་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་དབྱར་གྱི་ཆུ་གཏེར་ལྟར་ཆེས་ཆེར་འཕེལ་བར་གྱུར་ཏོ། །


GTN003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྒྱལ་བའི་བསྟན་པ་འཛིན་པ་ནི། ཐོས་བསམ་སྒོམ་པ་ལ་རག་ལས་པ་སྟེ། དེས་ན་འདིར་ཡང་། མདོ་སྡེ་དང་ཤེར་ཕྱིན་སོགས་གཞུང་དུ་མར། དམ་པའི་ཆོས་ཀྱི་ཚུལ་འདི་ཉིད་གཟུང་བར་བྱ། ལུང་འབོགས་པར་བྱ། ལུང་ནོད་པར་བྱ། ཁ་ཏོན་ཏུ་བྱ། ཀུན་ཆུབ་པར་བྱ་ཞེས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་འཛིན་པར་མཛད་པའི་གྲུབ་བརྙེས་སྐྱེས་ཆེན་རིམ་པར་བྱོན་པ་དེ་དག་གིས་ཕྱོགས་ཀྱི་བསྟན་འཛིན་དུ་མ་ནས་འབད་པ་ཆེན་པོས་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་བཙལ་བ་ལ་ངལ་བ་བཟོད་ནུས་ཀྱི་སྐུ་དྲིན་བསམ་ལས་འདས་ཀྱང་ཚང་མར་ནོད་པར་ལྟ་ཅི། མདོ་མང་ཙམ་ཡང་ཕྱོགས་གཅིག་ཏུ་འཆད་པ་མ་བྱུང་ཞིང་ལུང་རྒྱུན་ཡོད་པ་རྣམས་ཀྱང་ཕལ་ཆེར་ལ། གླེགས་བམ་གྱི་སྟོད་སྨད་བར་གསུམ་ནས་ཤོག་བུ་རེ་ཙམ་སྒྲོགས་པའི་ཐོག་མཐའ་བར་མཐར་གསུམ་ལ་ཤོག་གྲངས་སུམ་ཅུ་བཞི་བཅུ་བསྒྱུར་མཚམས་ནས་ཤོག་བུ་རེ་ཙམ་འཐོར་བུར་ཀློག་པ། ཤོག་ལོགས་རེ་ནས་འཕྲེང་རེ་ཀློག་པའི་དབབ་ཤུལ་མ། ཤོག་ངོ་སྟོད་སྨད་ཀྱི་འཕྲེང་རེ་ཙམ་ཀློག་པའི་ལྕགས་རི་མ། ཐོབ་ཡིག་གི་ལུང་གནང་བས་དེར་གསལ་གྱི་དབང་ལུང་ཐོབ་པར་འདོད་པ། དཔེ་ཁང་དུ་ཁྲིད་ནས་སྨོན་ལམ་བཏབ་པས་དེར་བཞུགས་སོ་ཅོག་གི་ལུང་ཐོབ་པ། དཔོན་སློབ་དངོས་མ་མཇལ་ཡང་དགོངས་པ་གཏད་པའི་དགོངས་གཏད་མ་ཟེར་བ་སོགས་ལས་མཐར་ཆགས་ཞིབ་པར་ནོད་པའི་ལུང་རྒྱུན་ཤིན་ཏུ་དཀོན་པར་བཤད་ཅིང་།


GTN003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་འབྲུ་ནོན་ཡོངས་རྫོགས་ཀྱི་རྒྱུན་ནི། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་ལ་རིམ་པར་བབས་ཏེ། དེ་ལ་རྡོ་རྗེ་གདན་པ་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་གྱིས་རྫོགས་པར་གསན། ཕྱིས་སུ་གནས་གསར་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་ལུང་རྒྱུན་རྫོགས་པར་གསན་ཏེ། དེ་ལས་ཀུན་གཟིགས་ལྔ་པ་ཆེན་པོས་གསན་སླར་ཡང་རྡོ་རྗེ་བྲག་པདྨ་འཕྲིན་ལས། སྐྱེད་ཚལ་གོང་འོག་གི་མཁན་པོ་སོགས། ཕྱོགས་ཀྱི་འདུས་ཚོགས་དོན་གཉེར་ཅན་མང་པོར་གངས་དཀར་རྡོ་རྗེ་གདན་དུ་ལུང་མཛད། དེ་ནས་བཀའི་ཆུ་བོ་གཅིག་ཏུ་འདུས་པ་ནི་རྗེ་འདི་ཉིད་ཀྱི་སྐུ་དྲིན་ལས་བྱུང་བ་ཤ་སྟག་རྡོ་རྗེ་འཛིན་པ་སྟེ་ཆོས་དྲིན་གཞལ་བར་དཀའ་ལ། བཻ་རོའི་རྣམ་སྤྲུལ་ཆོས་རྒྱལ་གཏེར་བདག་གླིང་པས་གངས་དཀར་རྡོ་རྗེ་གདན་ནས་རྡོ་རྗེ་འཛིན་པ་ཀུན་དགའ་དར་རྒྱས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྤྱན་དྲངས་ནས་བཀའ་འགྱུར་གྱི་ལུང་རྫོགས་པར་ཞུས། དེ་ནས་ལུང་རྟོགས་ཆོས་ཀྱིས་ཡོངས་འབྱོར་བླ་མ་འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོས་འདུལ་བ་ལུང་སྡེ་བཞི་རྒྱལ་སྲས་ཡིད་བཞིན་ལེགས་གྲུབ། འབུམ་གླེགས་བམ་དགུ་པདྨ་འགྱུར་མེད་རྒྱ་མཚོར་གསན་པ་ལས། དེ་མིན་འཕྲོ་ཐམས་ཅད་འབུམ་རམས་པ་ཨོ་རྒྱན་སྐལ་བཟང་ལས་ཞུས། དམ་པ་དེ་ལས་རྫོགས་ཆེན་མཆོག་སྤྲུལ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་འབུམ་གླེགས་བམ་བཅུ་གཉིས་མ་གཏོགས་པའི་གདན་ས་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གསན། དེས་མཁྱེན་བརྩེ་ནུས་པའི་མངའ་བདག་དོན་གྱི་ཐམས་ཅད་མཁྱེན་པ་འགྱུར་མེད་


GTN003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རྣམ་རྒྱལ་ལ་གནང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྟོགས་པའི་གདེངས་ཚད་ལྡན་པ་བླ་མ་དམ་པ་ཕུག་ཁང་པདྨ་རིན་ཆེན་ལ་གནང་། དེ་ཉིད་ཀྱི་དྲུང་ནས་བདག་ཅག་གི་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྒྱལ་ཚབ་སྤྲུལ་པའི་སྐུ་པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོས་ལེགས་པར་གསན། འབུམ་གླེགས་བམ་བཅུ་གཉིས་ནི་གངས་དཀར་རྡོ་རྗེ་འཛིན་ཀུན་དགའ་དར་རྒྱས། ཨོ་རྒྱན་རྣམ་གྲོལ་བཟང་པོ། དེས་སྟག་བླ་ཀུན་བཟང་བློ་གྲོས་ལེགས་བཤད་འཚོལ། དེས་རྗོགས་ཆེན་མཆོག་སྤྲུལ་ནས་གོང་ལྟར་རྩ་བའི་བླ་མ་དམ་པ་འདིར་བརྒྱུད་པ་སྟེ། དམ་པ་འདི་ཉིད་ནི་ཕྱོགས་མེད་ཀྱི་གྲུབ་བརྙེས་དུ་མས་བསྟན་འཛིན་གྱི་སྐྱེས་བུ་ཟླ་བྲལ་དུ་བསྔགས་ཤིང་། དུས་གསུམ་སངས་རྒྱས་ཨོ་རྒྱན་རིན་པོ་ཆེས་ཞལ་ཡང་ཡང་གཟིགས་ཏེ་ལུང་བསྟན། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱིས་ཀྱང་ཕྲིན་ལས་བསྒྲུབ་པ་ལ་གཡེལ་བ་མེད་པ་དང་། འཇིག་རྟེན་གྱི་དྲེགས་པ་ཅན་གྱི་ལྷ་སྲིན་རྣམས་ཀྱང་གང་བསྒོ་བའི་བཀའ་ལས་འདའ་བར་མི་ནུས་ཤིང་། གཟུགས་ཅན་གཟུགས་མེད་ཀྱི་འཚེ་བས་མི་ཕལ་ལའང་གང་གི་སྤྲིང་ཡིག་ཙམ་ཐོས་པས་སྲུང་བར་ནུས་པ་མངོན་སུམ་ཚད་མ་དང་། སྐྱེ་བའི་རོལ་གར་ཡང་། རྒྱ་གར་གྱི་སློབ་དཔོན་པྲ་བྷ་ཧ་ཏི། བོད་ཀྱི་ལོ་ཙཱ་བ་ཡང་དག་གྲུབ་བརྙེས་ནམ་མཁའི་སྙིང་པོ། བླ་ཆེན་དགོངས་པ་རབ་གསལ། ལང་ལབ་བྱང་ཆུབ་རྡོ་རྗེ། ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན་པོ།


GTN003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཟད་མཐར་འཁྱོལ་བའི་གྲུབ་བརྙེས་པདྨ་རྒྱལ་མཚན་སོགས་དག་པའི་སྐྱེ་བ་བགྲང་ལས་འདས་པས་འགྲོ་རྣམས་བྱང་གྲོལ་ལ་བཀོད་པར་མཛད་པ་ནི་ཚད་ལས་འདས་ཏེ། ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་གཡོས་ཀྱང་། །ཆུ་ཡི་ནང་དུ་སྣང་བ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་སོ། །དེ་ཡང་དམ་པ་དེ་ཉིད་ཀྱིས་བསྐལ་མང་གོང་ནས་བྱང་ཆུབ་མངོན་དུ་མཛད་ཀྱང་རྒྱལ་བ་རྣམས་ནི། རང་ཉིད་ཞི་བདེར་མི་གནས་པར་འགྲོ་བ་སྒྲོལ་བའི་སེམས་བསྐྱེད་མི་ཉམས་གོང་འཕེལ་ཉིད་ཀྱི་ཕྱིར་དུ། བསྟན་པ་སྤྱི་དང་། ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག་པ་སྤེལ་བའི་བྱེད་པོར་དབྱིངས་ཆོས་ཀྱི་སྐུ་ལས་གཡོས་པ་མེད་པར། རྣམ་རོལ་འབད་པ་དང་རྩོལ་བ་བྲལ་བས་བདག་ཅག་གདུལ་བྱ་རྣམས་ཀྱི་ཆེད་དུ་མཆོག་གི་སྤྲུལ་པའི་སྐུར་སྟོན་པའང་། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་ཤར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་སྣང་། །ཞེས་པ་ལྟར་ཏེ། དེ་ཡང་རིགས་རུས་ཆོ་འབྲང་ནི་ཡོན་དགེ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་དབོན་རིགས་སུ་སྐུ་ཡི་སྐྱེ་སྲིད་བཟུང་བ་ནས་བརྩམས་འཇིག་རྟེན་ན་ལེགས་པའི་མཚན་མ་མང་དུ་བྱུང་ཞིང་། ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྫོགས་ཆེན་རབ་འབྱམས་གཉིས་པ་མཚན་ནས་སྨོས་ན་རིག་པ་འཛིན་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་


GTN003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྡེ་ཆེན་པོ་ཉིད། དགུང་གྲངས་ལྔ་བཅུ་རྩ་བརྒྱད་དུ་བཞེས་པ་ས་གླང་ཧོར་ཟླ་བཅུ་གཅིག་པའི་སྲོད་ཀྱི་ཐུན་ཐ་མའི་ཚེ་ཞིང་འདིའི་གདུལ་བྱ་རྫོགས་ནས་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་སྐབས་མཁྱེན་རྩེ་ནུས་གསུམ་བྱིན་རླབས་ཐམས་ཅད་བུམ་པ་གང་བྱོས་ཀྱི་ཚུལ་དུ་གང་གི་ཐུགས་རྒྱུད་དུ་འཕོས་ནས་ངེས་པ་དོན་གྱི་རྒྱལ་ཚབ་ཏུ་ཞལ་གྱིས་བཞེས་ཏེ། མངའ་གསོལ་བར་མཛད་དེ་བསྟན་འགྲོ་སྤྱི་དང་ཁྱད་པར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་འདིར། རིག་གྲོལ་གཉིས་ལྡན་འདུས་པའི་ཚོགས་རྣམས་ལེགས་པར་སྐྱོང་ཞིང་བཤད་སྒྲུབ་ཀྱི་ཕྲིན་ལས་སྤེལ་བ་ལ་གང་ཉིད་རྒྱལ་བ་གཉིས་པ་ལས་ལྷག་པའི་སྐུ་དྲིན་ཅན་ཏེ། སྙིགས་དུས་ཀྱི་བསྟན་འགྲོའི་བསོད་ནམས་མི་ཉམས་གང་དུ་སྤེལ་ཕྱིར་རྒྱལ་བ་རྣམས་མི་ཡི་ཟོལ་འཛིན་པའང་། འཕགས་པ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པ་ལྟར་ན། དམ་པ་འདི་ཉིད་ནི་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་མཁྱེན་བརྩེ་ནུས་པའི་མངའ་བདག་དོན་གྱི་རྡོ་རྗེ་སློབ་དཔོན་དུ་ཕྱོགས་དུས་རྒྱལ་བ་ཡོངས་ཀྱིས་མངོན་པར་བཀུར་ན། བདག་ལྟའི་སོ་སྐྱེའི་བློ་


GTN003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་གང་གི་ཡོན་ཏན་བརྗོད་ཅིང་མཐའ་གཞོལ་བའི་སྐབས་མ་ཡིན་ཏེ། འཕགས་པ་དཀོན་བརྩེགས་ལས། འོད་སྲུང་ང་དང་ང་འདྲ་བའི་གང་ཟག་གིས་གཞན་གྱི་ཚོད་བཟུང་བར་རུང་གིས་གཞན་གྱིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དམ་པའི་ཆོས་ཀྱི་ལུང་འཆད་ཉན་གྱིས་གཏན་ལ་ཕབ་པས་རྒྱལ་བ་དངོས་ལས་ལྷག་པའང་། ཀྱཻ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་དང་། རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། ། དེ་ལྟར་སྤངས་རྟོགས་ཡོན་ཏན་དུ་མས་ཕྱུག་པའི་མཆོག་གི་རྡོ་རྗེ་སློབ་དཔོན་འདི་ཉིད་ལ། ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་ཤིང་རྒྱལ་ཁམས་བདེ་བས་སྐྱོང་བ་ཏྲེ་བོ་ཧོར་གྱི་དཔོན་སོགས་སྡེ་དཔོན་ཆེ་རིགས་མང་པོས་ཞབས་པད་ལྷུར་ལེན་ཞིང་། རྙིང་བསྟན་གསལ་བའི་སྒྲོན་མེ་མཁྱེན་ནུས་བརྩེ་བའི་དབང་ཕྱུག་སྒོ་ཆེན་བླ་མ་ཨོ་རྒྱན་བསོད་ནམས་ཞེས། བསྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་ཡུལ་ཆོས་རྗེ་ཀུན་བཟང་ཤེས་རབ་ཡབ་སྲས་ཀྱི་ཐུགས་ཀྱི་སྲས་མཆོག་སྒོ་ཆེན་བླ་མ་ཤེས་རབ་རིན་ཆེན་གྱི་རྗེ་དབོན་དམ་པར་གྱུར་པ་གང་གི་མཁྱེན་སྤྱོད་བླ་ན་མེད་པས་ཆོས་ཕྱིར་ངལ་བ་དང་ལེན་གྱིས་དགོན་འདིར་ཞབས་པད་བསྒྱུར་ཏེ་བཀའ་


GTN003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཅོག་གི་ལུང་རྒྱུན་རྫོགས་པ་གསུང་གིས་བསྐུལ་མ་གནང་བའང་། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམས་པ་སྣ་ཚོགས་སྟོན། །ཞེས་པ་ལྟར། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་བཟློག་ཏུ་མེད་ཅིང་། སྙིགས་དུས་ཀྱི་བསྟན་འཛིན་འགྲན་ཟླ་བྲལ་བར་གོར་མ་ཆག་སྟེ། དེ་ལྟར་གསུང་གིས་བསྐུལ་ནས་ཀྱང་ཆོས་ལ་ཕྱི་བཤོལ་མེད་པར་བརྩོན་འགྲུས་དྲག་པོའི་བརྟུལ་ཞུགས་ལྷུར་བླངས་ཏེ། ཨོ་རྒྱན་ཆེན་པོའི་དུས་ཆེན་ཁྱད་པར་གྱི་མེ་སྟག་སྣྲོན་ཟླ་ཚེས་༡༡ལ་གཟའ་སྐར་འཕྲོད་སྦྱོར་ལེགས་པར་སྒོ་ཆེན་བླ་མ་དང་མགོ་ཚ་མཆོག་སྤྲུལ་རྣམ་གཉིས། ཀཿ ཐོག་ཉིན་དགོན་སངས་རྒྱས་བཀྲ་ཤིས་ཀྱི་ཡང་སྲིད། སྒོ་མེ་དེང་ཀྱཱ་རིན་པོ་ཆེའི་མཆོག་སྤྲུལ། བརྒྱུད་འཛིན་རཏྣའི་མཚན་གྱི་ཡང་སྲིད་སོགས་སློབ་ཚོགས་རྣམས་ལ་མདོ་སྡེ་བསྐལ་པ་བཟང་པོ་ནས་དབུ་བཙུགས་པའི་ཉིན་དཀར་ཕྱོགས་རྣམས་དགྱེས་པའི་རྟགས་སུ་ཆར་དང་འབྲུག་གི་སྒྲ་ལ་སོགས་པ་རྟེན་འབྲེལ་ལེགས་པའི་མཚན་མ་གསལ་བར་བྱུང་ཞིང་། ཚེས་བཅོ་ལྔ་ནས་ཉིན་རེ་བསྟར་ཆགས་སུ་འདུས་ཚོགས་ལའང་མང་ཇ་གཉིས་རེ་བཏང་ཞིང་། ཉིན་བསྟར་པུསྟི་གཉིས་རེ་བདེར་འཇོག་ཆག་མེད་དང་། སྐབས་ཕལ་ཆེར་ལ་གླེགས་བམ་གསུམ་དང་ཕྱེད་བཞིར་ལོང་བའི་གྲངས་ཉིན་རེར་གསུངས་ཏེ་ཟླ་༦ཚེས༢༧ཚུན་ལ་ཞག་པོ་བཞི་བཅུ་ཞེ་གསུམ་གྱི་ཁོངས་སུ་ལེགས་པར་གྲུབ་པར་བགྱིས་པ་ཡིན་ནོ། །དེ་རྣམས་ལོ་རྒྱུས་ཕྱོགས་མཚོན་ཙམ་སྟེ།


GTN003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དེང་དུས་སྙིགས་མ་ལྔ་བདོ་བས་འགྲོ་རྣམས་ཡང་དག་པའི་ལམ་ལས་ཁ་ཕྱིར་བལྟས་སུ་ཕྱོགས་ཤིང་། བསྟན་འཛིན་རྣམས་ཀྱང་རྨུ་རྒོད་གདུག་པས་ཡིད་དབྱུང་སྟེ་ཞི་བར་བསྐུལ་ཞིང་། ཆོས་ལ་དོན་གཉེར་ཆུང་བའི་སྐབས་འདིར་འདི་ལྟ་བུའི་འབད་རྩོལ་བྱས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པའང་། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱད་པ། །བསོད་ནམས་དེ་ནི་དེ་བས་བྱེ་བྲག་འཕགས། །ཞེས་དང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་ལྟར་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས། ཚེས་བརྒྱད། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་གྲངས་མེད་། ཚད་མེད་བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་ན། ལྷའི་འཁོར་མདུན་དུ་གནས་པར་གྱུར་ཏེ། ཞེས་སོགས་ལུང་གི་སྤྲོས་པ་མང་དུ་བྱར་ཡོད་ཀྱང་ཡི་གེའི་འཇིགས་པས་མ་སྤྲོས་སོ། །


previousརྒྱུ་མཚན་ཉིད་ཐེག་པའི་སྐོར། ལོ་རྒྱུས་མདོར་བསྟན།next