Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་འདུལ་ལུང་སྡེ་བཞི།
   
   
   
   
   
   
   
   
   
   
   


 
previousབཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་འདུལ་ལུང་སྡེ་བཞི།next

བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་འདུལ་ལུང་སྡེ་བཞི།


GTN003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་གཉིས་པ་ཐོབ་ཚུལ་རྒྱས་པར་འཆད་པ་ལ། མདོ་དང་སྔགས་གཉིས་སོ། །དང་པོ་ལའང་ཆོས་འཁོར་རིམ་པ་གསུམ་ལས་ཐོག་མར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ལས་བྱུང་བ། འདུལ་བ་ལུང་སྡེ་བཞི་ཇི་ལྟར་ཐོབ་པ་ནི། ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་དང་པོར་ཕའི་སོ་ཐར་དང་རྣམ་འབྱེད། དེ་ནས་མའི་སོ་ཐར་དང་རྣམ་འབྱེད། ལུང་གཞི། ཕྲན་ཚེགས་ལུང་ཞུ་བ་རྣམས་ཀྱི་འགྲིགས་རིམ་མཛད་ཅིང་། གངས་དཀར་བས། ཐོག་མར་སོ་ཐར་གཉིས། དེ་ནས་ལུང་བཞི། རྣམ་འབྱེད། ཞུ་བ། ཕྲན་ཚེགས་རྣམས་ཀྱི་གོ་རིམ་མཛད་མོད་ཀྱི། འདིར་སྔོན་གྱི་དཀར་ཆག་འཕང་ཐང་མ་སོགས་དང་མཐུན་པར་བྱུང་བའི་ཚལ་བ་བཀའ་འགྱུར་སོར་བཞག་ལྟར་གྱི་བསྒྲིགས་རིམ་སྡེ་དགེའི་སྤར་མ་ལྟར་བྱས་པར། ཐོག་མར་ལུང་གི་གཞི་སོ་ཐར་གྱི་མདོ་དང་རྣམ་འབྱེད། ཕྲན་ཚེགས་གཞུང་བླ་མའི་དམ་པ་སྡེ་བཞི་ལས། དང་པོ་ནི། ༼ཀ་པར།༽ རབ་བྱུང་གི་གཞི། གསོ་སྦྱོང་། དགག་དབྱེ། དབྱར་གནས། ཀོ་ལྤགས་ཀྱི་གཞིའི་སྟོད་རྣམས། ༼ཁ་པ་ལ།༽ བམ་པོ་ལྔ་བཅུ་རྩ་བཞི་ཡན་ལ། ཀོ་ལྤགས་ཀྱི་གཞིའི་སྨད། སྨན་གྱི་གཞིའི་སྟོད་ཆ། ༼ག་པར།༽ བམ་པོ་བརྒྱད་ཅུ་རྩ་གཉིས་ཡན་ལ་སྨན་གྱི་གཞིའི་སྨད་ཆ། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤམྦིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་


GTN003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞིའི་སྟོད་ཆ་རྣམས་སོ།། ༼ང་པར།༽དབྱེན་གྱི་གཞིའི་མཇུག་སྟེ་བཞི་བཅུ་བདུན། བམ་པོ་བརྒྱད་དང་དགུས་རྫོགས། འདི་ཡན་བཞི་བཅུ་བདུན་ནོ། ། གཉིས་པ་སོ་ཐར་གྱི་མདོ་དང་རྣམ་འབྱེད་ལ་མ་ཕ་གཉིས་ཀྱིས། དང་པོ་ནི། ༼ཅ་པར།༽ དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་མདོར་བསྡུས་ནས་སྟོན་པ་སོ་ཐར་གྱི་མདོ། བམ་པོ་གཉིས་པ། དེའི་རྒྱ་ཆེར་སྟོན་པའི་རྣམ་འབྱེད་བམ་པོ་ཉེར་གཅིག་ཡན་ལ། ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྱི་བཅུ་པ་དབྱེན་གྱི་ལྷག་མ་ཡན། ༼ཆ་པར།༽ བམ་པོ་བཞི་བཅུ་རྩ་བཞི་ཡན་ལ་ལྷག་མའི་འཕྲོ་གསུམ་དང་། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས་བཅུ་གཅིག་ཡན། ༼ཇ་པར།༽ བམ་པོ་རེ་གཉིས་ཡན་ལ་ལྟུང་བྱེད་འབའ་ཞིག་པ་བཅུ་གཉིས་ནས་བདུན་བཅུ་རྩ་གཉིས་པ་ཡན། ༼ཉ་པར།༽ ལྟུང་བྱེད་རྫོགས་པ། སོར་བཤགས་བཞི། བསླབ་པའི་ཆོས་མང་པོ། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་རྣམས་ཏེ། ཕའི་རྣམ་འབྱེད་ཡོངས་རྫོགས་བམ་པོ་གྱ་གསུམ་གྱིས་རྫོགས་པ། གཉིས་པ་མའི་རྣམ་འབྱེད་ལ། ༼ཏ་པར།༽ དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་བཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ་བམ་པོ་གཉིས་པ། དེ་དོན་རྒྱས་པར་སྟོན་པ་དགེ་སློང་མའི་འདུལ་བ་རྣམ་འབྱེད་བམ་པོ་ཉེར་བརྒྱད་པ་གསུམ་ཕྲན་ཚེགས་ལ། ༼ཐ་པར།༽ མ་ཚང་བ་ཁ་འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ་བམ་པོ་ཉེར་བདུན་ཡན། ༼ད་པར།༽ དེ་འཕྲོས་བམ་པོ་ལྔ་བཅུ་རྩ་


GTN003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དགུས་རྫོགས་པ། བཞི་པ་གཞུང་བླ་མའི་དམ་པ་སྡེ་བཞི་ནི། ༼ན་པར།༽ དེ་དག་གི་དཀའ་གནས་རྣམས་ཞུ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་འདུལ་བ་གཞུང་བླ་མའི་དམ་པར་གྲགས་པ་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་དང་རྫོགས་པའི་སྟོད་ཆ་བམ་པོ་ཉེར་གཉིས་ཡན། ༼པ་པར།༽ ཞུ་བ་རྫོགས་པའི་སྨད་བམ་པོ་ལྔ་བཅུ་རྩ་གསུམ་ཡན་ཏེ་འདུལ་བ་པོད་བཅུ་གསུམ་རྫོགས་ཤིང། དེ་ཡང་ཞུ་བ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ནི། ལུང་ཞུ་བའི་འགྲེལ་པ་ལས། སྟོན་པ་འདས་ནས་གསུང་རབ་ལ་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཞེས་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས། དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་གྱུར་ཏེ། མཆོད་རྟེན་དག་ཀྱང་བཤིག །དགེ་འདུན་གྱི་ཀུན་དགའ་ར་བ་དག་ཀྱང་མེར་བསྲེགས། དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའ་ཡི་གླེགས་བམ་རྣམས་ཀྱང་ཕུང་པོར་བརྩེགས་ནས་བསྲེག་གོ །དེ་ནས་རིམ་གྱིས་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་དག་ནས་སྡེ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ། གཞུང་བླ་མའི་གླེགས་བམ་ནི་མ་རྙེད་དོ། །དེ་དག་གིས་འདི་ལྟར་ཁ་ཆེའི་ཡུལ་ན་དགེ་སློང་ཞིག་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས་དེ་དག་ཁ་ཆེའི་ཡུལ་དུ་དོང་སྟེ། དེའི་དྲུང་དུ་ཕྱིན་ནས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་གཞུང་བླ་མ་འདོན་ཏོ་ཞེས་ཐོས་པ་གང་ཡིན་པ་དེ་ཁ་ཏོན་གྱིས་ཤིག །དེས་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །དེ་ནས་དེ་དག་གིས་ཇི་ལྟ་བུ་ཞིག་དྲན་པ་དེ་ཁོ་ན་བཞིན་དུ་སྨྲོས་


GTN003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་སྨྲས་པ་དང་། དེས་དེ་ཁོ་ན་བཞིན་དུ་ཁ་ཏོན་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་རེ་ཞིག་གཞུང་བསྡུ་བར་བྱས་ཏེ། ཕྱིས་ཚིག་དང་ཚིག་གི་དོན་རྣམ་པར་དཔྱད་པའི་སྒོ་ནས་སྦྱར་བར་བྱའོ། །སྙམ་དུ་བསམས་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས་དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དགེ་སློང་གཞན་དག་ཀྱང་ཡུལ་གཞན་དག་ན་གཞན་དུ་འདོན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པར་བསྡུས་པའི་གཞི་པོ་ཉམས་པས་གཞུང་བླ་མ་འདི་ལ་འདོན་པའང་རྣམས་སུ་མ་དོན་ཀྱང་རྣམ་པ་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱི་འདུལ་བའི་བཤད་པ་ལས་ཡང་དང་ཡང་དུ་ཞུས་པ་ལས་འདི་སྐད་དུ་བྱུང་ངོ་ཞེས་བཤད་དོ། །དེ་བས་ན་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ཁ་ཆེ་བ་ཞེས་བྱ་སྟེ། ཞེས་འབྱུང་བས་ཞུ་བས་རྫོགས་པ་དང་བཅས་པའི་གཞུང་བླ་མ་ནི་ཡང་དག་པར་བསྡུས་པའི་གཞི་པོ་ཉམས་པས་མ་དག་ཅིང་། ཞུ་བ་མ་རྫོགས་པ་ནི་ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བའམ། མེས་མ་ཚིག་པར་ཕྱིས་ཐལ་བའི་གསེབ་ནས་རྙེད་པར་གྲགས་པས་དང་པོའི་གཞུང་མ་ཉམས་པ་ཉིད་ཡིན་པས་ཤིན་ཏུ་དག་གོ ། འདི་སྐབས་འདུལ་ལུང་སྡེ་བཞི་སོ་ཐར་གྱི་མདོ་གཉིས་དང་བཅས་པ་ཁྱོན་བསྡོམས་ཤོ་ལོ་ཀ་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱ། རྣམ་འབྱེད་ཡན་ཆད་ལ་ཤོ་ལོ་ཀ་ཕྱེད་དང་བཞི་བརྒྱ་ལ་བམ་པོ་དང་། དེ་ཕྱིན་བཞི་བརྒྱ་ལ་བམ་པོར་བྱས་པའི་བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་དང་བམ་པོའི་སུམ་ཆ་གཅིག་བཅས་


GTN003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་མནོས་པའི་བརྒྱུད་པ་ནི། སཾམྱགྶཾ་བུདྡྷ།༼ཤཱཀྱ་མུ་ནེ།༽ཡང་དག་པར་རྫོགས་པའི་སངས་རྒྱས་༼ཤཱཀྱ་ཐུབ་པ།༽ མ་ཧཱ་ཀ་ཤེཿ འོད་སྲུང་ཆེན་པོ། ཨཱ་ནནྟཿ ཀུན་དགའ་བོ། ཤ་ན་བསྟྲཾ་བཱཾ། ཤ་ནིའི་གོས་ཅན། ཨུ་པ་གུཔྟ། ཉེར་སྦས། བྷ་ཝཱ་ནནྟཿ སྲིད་དགའ། མེ་ཙ་ཀཿ ནག་པོ་པ། པཱུརྞཿ གང་པོ་སྟེ་བདུན་དགྲ་བཅོམ་པ་བདུན། ཨཱ་ཙརྱ་ཨ་ཤྭ་གྷོ་ཥཿ སློབ་དཔོན་རྟ་དབྱངས། ཀུན་མ་ར་ལ་ལཱི་ཏདཿ གཞོན་ནུ་རོལ་པ། ཤྲཱི་མ་ཏི། བློ་གྲོས་དཔལ། ཧ་རི་བྷ་དྲཿ འཕྲོག་བྱེད་བཟང་པོ། ཤུ་ར་བཿ དཔའ་བོ། བ་སུ་མི་ཏྲཿ ནོར་ཤེས། དབྱིག་གཉེན་ཞེས་དོན་བསྒྱུར་ཀྱང་རུང་། བ་སུ་ལིཿ དབྱིག་ལེན་ཏེ་རྒྱ་གར་དབུས་ཀྱི་པི་ཏ་བདུན་ནོ། །སཾ་གྷ་བྷ་དྲཿ དགེ་འདུན་བཟང་པོ། ཨཱི་ཤྭ་རཿ དབང་ཕྱུག །སྐནྡྷ་ལིཿ ཕུང་པོ་ལེན། སཾ་གྷ་བ་སུཿ དགེ་འདུན་ནོར། པཱུརྞ་མི་ཏྲཿ གང་བའི་བཤེས་གཉེན། དྷརྨྨ་དརྟཿ ཆོས་སྦྱིན། བུདྡྷ་དེ་ཝཿ སངས་རྒྱས་ལྷ། དྷ་ར་དརྟ་འཛིན་སྦྱིན་ཏེ་ཁ་ཆེའི་པཎྜི་ཏ་བརྒྱད་དོ། །པུཎྱ་སེ་ནཿ བསོད་ནམས་སྡེ། སཾ་གྷ་སེ་ནཿ དགེ་འདུན་སྡེ། པུཎྱ་ནནྟཿ བསོད་ནམས་དགའ་བ། ཛྙཱ་ན་ཙནྟྲཿ ཡེ་ཤེས་ཟླ་བ། ཛྙཱ་ན་སོ་མཿ ཡེ་ཤེས་ཟླ་བ། ཨ་ཤོ་རཀྵི་ཏཿ མྱ་ངན་མེད་འཚོ། སརྦ་རཀྵི་ཏཿ ཐམས་ཅད་བསྲུངས། དྷརྨ་ཀོ་ཥཿ ཆོས་ཀྱི་མཛོད། དྷརྨ་རཀྵི་ཏཿ ཆོས་འཚོ། ཀལྱཱ་ཎ་རཀྵི་ཏཿ དགེ་བ་འཚོ། པྲཛྙཱ་རཀྵི་ཏཿ ཤེས་རབ་འཚོ། ཤྲཱི་མརྒྒོ་པ་དེ་ཤཿ ལམ་ཉེ་བར་སྟོན་པའི་དཔལ། མོ་ཀྵ་རཀྵི་ཏཿ ཐར་པ་འཚོ། ཀ་ལྱཱ་ཎ་རཀྵི་ཏཿ དགེ་ལེགས་འཚོ། བི་ཛི་ན་པྲ་བྷ་ཝཿ རྣམ་པར་རྒྱལ་བའི་འོད། ཨ་མྲྀ་ཏ་ཝརྨཱ། འཆི་མེད་གོ་ཆ། པྲ་བྷཱ་ཀ་ར་སེ་ནཿ འོད་ཀྱི་འབྱུང་གནས་སྡེ། ཨ་དི་རྒྱ་སེ་ནཿ ཉི་མའི་སྡེ། མརྒྒོ་པ་དེ་ཤཿ ལམ་ཉེ་བར་སྟོན་པ། སཾ་གྷ་སེ་ནཿ དགེ་འདུན་སྡེ་སྟེ་ཡུ་གུར་གྱི་སློབ་དཔོན་ཉི་ཤུའོ། །ཤི་ལ་དཱ་པཿ ཚུལ་ཁྲིམས་འབངས། ཡ་ཤཱ་དཱ་པཿ སྙན་གྲགས་འབངས། བུདྡྷ་དཱ་པཿ སངས་རྒྱས་འབངས། ཤིཀྵ་བྷ་དྲཿ བསླབ་པ་བཟང་པོ། གུ་ཎ་སོ་མཿ ཡོན་ཏན་ཟླ་བ། ཨ་ཤོ་ཀ་མི་ཏྲཿ མྱ་ངན་མེད་པའི་བཤེས་གཉེན། ཤཱུཀླ་མི་ཏྲཿ དཀར་པོའི་བཤེས་གཉེན། ཤཱཀྱ་མི་ཏྲཿ


GTN003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་བཤེས་གཉེན་སྟེ་ཁུ་ཧེན་གྱི་སློབ་དཔོན་བརྒྱད་དོ། ། དེ་ནས་ཀ་ཡོལ་གྱི་སློབ་དཔོན་ཤཱི་ལ་མི་ཏྲཿ བོད་ཀྱི་བཤེས་གཉེན་དབུས་བློ་གསལ་སངས་རྒྱས་འབུམ། འགྲོ་མགོན་འཕགས་པ་རིན་ཆེན། བླ་མ་རིན་པོ་ཆེ་འོད་ཟེར། མཁན་ཆེན་བཟོད་པ་དཔལ། དགའ་གཟུངས་པ་རྗེ་བསོད་ནམས་ཚུལ་ཁྲིམས། གྲ་འོར་མཁན་པོ་ཤེས་རབ་རྡོ་རྗེ། མཁན་པོ་བློ་གསལ་བ། དམར་དཔལ་ལྡན་རྡོ་རྗེ། དམར་རྒྱ་མཚོ་རིན་པོ་ཆེ། རྗེ་བསོད་ནམས་རིན་ཆེན། འགྲོ་བཟང་སྙིང་པོ། དཔལ་ལྡན་རྒྱལ་མཚན། འབུམ་རམས་པ་རིན་ཆེན་ཆོས་བཟང་། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །དཔའ་བོ་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་མཆོག་འབངས། རྒྱལ་ཚབ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། ཀུ་སཱ་ལི་པ་གྲུབ་པ་རྡོ་རྗེ། སྡོམ་བརྩོན་ལོ་ཙ་བ་དྷརྨཱ་ཤྲཱི། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་ཡིད་བཞིན་ལེགས་གྲུབ། འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོ། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན། ལུང་རིགས་སྨྲ་བའི་ཉི་མ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། རིམ་གཉིས་གྲུབ་པའི་དགེ་བའི་བཤེས་གཉེན་བླ་མ་དམ་པ་པདྨ་རིན་ཆེན། དེས་བཀའ་དྲིན་མཚུངས་མེད་སྐྱབས་མགོན་རྡོ་རྗེ་འཆང་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་ལ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། ། གཞན་ཡང་བརྒྱུད་ཚུལ་མང་དུ་ཡོད་ཀྱང་སྨིན་གླིང་གཏེར་ཆེན་ཡབ་སྲས། ཀུན་གཟིགས་ལྔ་པ་ཆེན་པོའི་གསན་ཡིག་སོགས་སུ་གསལ་བ་ལྟར་ལ། གཞུང་བླ་


GTN003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སོ་ཐར་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་ནི། འདུལ་འཛིན་བསོད་ནམས་བཟང་པོ། བླ་མ་དཀོན་མཆོག་སེངྒེ། བསོད་ནམས་ཡེ་ཤེས། དེ་ལ་བཀའ་བཞི་པ་གྲགས་པ་གཞོན་ནུ་དང་། བྱང་སེམས་གཉིས་ཀས་གསན། གཉིས་ཀ་ལ་མཁན་པོ་བསོད་ནམས་བཟང་པོ། སློབ་དཔོན་དཔལ་ལྡན་བཟང་པོ། མཁན་པོ་ནམ་མཁའ་རྒྱལ་མཚན། བསོད་ནམས་རིན་ཆེན། རྗེ་ནམ་མཁའ་རྒྱ་མཚོ། དྭགས་རམས་པ་ཆོས་རྒྱལ་བསྟན་པ། དཔལ་བོ་ཆོས་རྒྱལ་དོན་འགྲུབ་མན་འདྲ། འདུལ་བའི་ཐོག་མ་རབ་བྱུང་གི་གཞི་ནས་བཟུང་། དབྱེན་གྱི་གཞིའི་སྟོད་ཆ་ཡན་གླེགས་བམ་གསུམ་གྱི་བརྒྱུད་པ་ནི། དབུས་པ་༼འདི་པོ་ཏི་གསུམ་པོའི་བརྒྱུད་པ་ཡིན།༽ སངས་རྒྱས་འབུམ་ཡན་ལ་གོང་ལྟར་ལས། དེ་ནས་དགའ་ལྡན་པ་བཀྲ་ཤིས་དཔལ། སློབ་དཔོན་ཚུལ་ཁྲིམས་བཤེས་གཉེན། སྐྱོར་ལུང་མཁན་པོ་ཐམས་ཅད་མཁྱེན་པ། ཐང་ཆེན་འདུལ་འཛིན་དཔལ། མཁན་པོ་རིན་ཆེན་བཟང་པོ། ཐུ་སྟོན་བཀྲ་ཤིས་བཟང་པོ། ཆོས་སྒོ་ཤཱི་ལ་བྷ་དྲ། གུ་རུ་སིདྡྷིའི་མཚན་ཅན། ཚལ་གྲགས་དོན་པ། རྗེ་ཤཱཀྱ་རྒྱལ་མཚན། ཐུ་སྟོན་རྡོ་རྗེ་གདན་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཚོགས་མཁན་ཆེན་ཆོས་གྲུབ་སེངྒེ། ཆོས་རྗེ་རྣམ་པར་རྒྱལ་བ། ཚོགས་མཁན་ཆེན་རིན་ཆེན་ཀུན་ལྡན། དགེ་སློང་རྡོ་རྗེ་གྲགས་པ། བླ་མ་དགེ་འདུན་ལེགས་གྲུབ། ཁུ་སྟོན་ངག་དབང་རྣམ་རྒྱལ། རྗེ་བཀའ་འགྱུར་བ་ཆེན་པོ། གཉིས་ཀར་རབ་འབྱམས་ཆོས་རྗེས་གསན། དེ་ནས་དོན་གྲུབ་ཆོས་གླིང་པ་ཀུན་དགའ་བསྟན་པ་དར་རྒྱས། འདུལ་བ་འཛིན་པ་ཀུན་དགའ་དར་རྒྱས། སྡོམ་བརྩོན་ཡིད་བཞིན་ལེགས་གྲུབ། འདུལ་འཛིན་འགྱུར་
མེད་སྐལ་བཟང་། མཆོག་སྤྲུལ་ཐེག་མཆོག་བསྟན་འཛིན། མཆོག་སྤྲུལ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། པདྨ་རིན་ཆེན། ལྷར་བཅས་སྐྱེ་དགུའི་འདྲེན་པ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། དེས་བདག་ལའོ། །


previousབཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་འདུལ་ལུང་སྡེ་བཞི།next