Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁོར་ལོ་ཐ་མའི་ཆོས་འཁོར་ལས་བྱུང་བའི་མདོ་སྡེ།
   
   
   
   
   
   
   
   
   


 
previousའཁོར་ལོ་ཐ་མའི་ཆོས་འཁོར་ལས་བྱུང་བའི་མདོ་སྡེ།next

འཁོར་ལོ་ཐ་མའི་ཆོས་འཁོར་ལས་བྱུང་བའི་མདོ་སྡེ།


GTN003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལས་བྱུང་བའི་མདོ་སྡེ་ནི། ཡོངས་སུ་མྱ་ངན་ལས་འདས་པ་སོགས་སྙིང་པོའི་མདོ་ཕྱོགས་བཅུ་གསུམ་ཕྱོགས་མཐུན་དང་བཅས་པ་ངེས་དོན་གྱི་མདོ་སྡེ་དག་ནི་མདོ་མང་གི་ཁྲོད་དུ་བཞུགས་ཤིང་། ཕལ་ཆེན་དང་དཀོན་བརྩེགས་གཉིས་བརྗོད་བྱའི་དོན་གཙོ་བོར་


GTN003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་བཀོད་པ་ལས། དེ་ཡང་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ནི། བརྡ་རྙིང་དུ་སངས་རྒྱས་རྨ་ག་ཆད་དུ་གྲགས་ཤིང་། ཡང་ན་སྙན་གྱི་གོང་རྒྱན་དུའང་བསྒྱུར་པ་ཡོད་དེ། དེ་ལྟ་བུའི་མཚན་དེའང་བྱེ་བྲག་གི་མིང་སྤྱི་ལ་བཏགས་པས་གསལ་ཏེ། མདོ་སྡེའི་ལེའུ་ཉི་ཤུ་རྩ་དགུའི་བར་དུ་དཀར་ཆག་ལྡན་དཀར་མ་སོགས་སུ་བཤད་པ་གང་ཞིག །དེས་ལྷག་མ་རྣམས་ལའང་མཚན་དེ་ལྟར་དུ་གྲགས་པའི་ཕྱིར་རོ། །དེས་ན་མཚན་དེ་ལྟ་བུ་དང་ལྡན་པའི་མདོ་སྡེ་འདི་ལ། སྤྱིར་ཤོ་ལོ་ཀ་འབུམ་དང་ལེའུ་བརྒྱ་ཡོད་པ་ལས། སྔོན་ན་ལེནྡྲ་པར་བི་ཧ་ར་ལ་མེའི་དགྲ་བྱུང་བའི་རྐྱེན་གྱིས། མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་པ་རྣམས་སྡེ་དགེའི་སྤར་མ་ལྟར་ཐོབ་པ་ལ། སངས་རྒྱས་ཕལ་པོ་ཆེའི་ལེའུ་ཉེར་དགུ། ཤོ་ལོ་ཀ་བཞི་སྟོང་ཉིས་བརྒྱ། བམ་པོ་ཉི་ཤུ་རྩ་དགུ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། ས་བཅུ་བསྟན་པ། ཀུན་བཟང་གིས་བསྟན་པ། ཏིང་ངེ་འཛིན་བཅུ་པའི་ལེའུ། མངོན་ཤེས་བསྟན་པའི་ལེའུ། བཟོད་པའི་ལེའུ། གྲངས་ལ་འཇུག་པའི་ལེའུ། ཚེའི་ཚད་ཀྱི་ལེའུ། བྱང་ཆུབ་སེམས་དཔའི་གནས་བསྟན་པའི་ལེའུ། ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ། དེ་བཞིན་གཤེགས་པའི་ལེའུ། རྒྱ་མཚོ་བསྟན་པའི་ལེའུ། དཔེ་བྱད་བཟང་པོ་བསྟན་པའི་ལེའུ། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་རྣམས་ལ་བམ་པོ་བརྒྱད་དེ། ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ནས་འདི་བར་ཁྱོན་བསྡོམས་ཤོ་ལོ་ཀ་སྟོང་བརྒྱད་བརྒྱ། བམ་པོ་བཅུ་དྲུག་ཡོད་དེ་ཀུན་ཏུ་


GTN003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་གྲགས་སོ། །དེ་བཞིན་གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པའི་ལེའུ། འཇིག་རྟེན་ལས་འདས་པའི་ལེའུ། སྡོང་པོས་བརྒྱན་པའི་ལེའུ། དེའི་གཤམ་དུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར། སྡོང་རྒྱན་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པ་གསུངས་པ་བཅས་པར་ལེའུ་ཞེ་ལྔ་པ་ཡན་ལ་བམ་པོ་བརྒྱ་དང་བཅོ་ལྔ། དེ་ཕྱིན་བམ་པོ་གཅིག་བཅས་བརྒྱ་དང་བཅུ་དྲུག་ཕལ་ཆེན་པུསྟི་ཀ་བཞི་ལེགས་པར་མནོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། ཀླུ་སྒྲུབ། ཨཱརྱ་དེ་བ། འཇམ་དཔལ་གྲགས་པ། དྷརྨ་རཀྵི་ཏ། སོ་སོ་རི་པ། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙ་བ། མཆིམས་བཙོན་འགྲུས་སེངྒེ། རྗེ་བཙུན་ས་སྐྱ་པ། སུམ་པ་ལོ་ཙ་བ། ལྷོ་པ་ཁྱུང་སྟོན་པ། གཙང་པ་སྟོན་གྲགས། གཡོར་པོ་སྤྲུག་སྟོན། ཉང་བསོད་དབང་། ཇོ་སྟོན་ཟས་གཙང་། སློབ་དཔོན་གྲགས་སེང་། ཞང་ཀུན་འབུམ། དཀོན་མཆོག་བླ་མ། བག་སྟོན། མགོན་པོ་འབུམ། སྤྲུ་སྟོན། ཤེས་རྡོ་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཁོན་གྲགས་རྡོར། ཚལ་གྲགས་དོན། རིན་ཆེན་གྲགས། བླ་མ་ཤཱཀྱ་རྒྱལ་མཚན། ཁུ་སྟོན་འཇིགས་མེད་དཔའ་བོ། བློ་གྲོས་རྒྱལ་མཚན། འབུམ་རིན་ཆེན་ཆོས་དབང་། ཚུལ་ཁྲིམས་དབང་ཕྱུག །ཆོས་རྒྱལ་དོན་གྲུབ། དཀོན་མཆོག་འབངས། གྲགས་པ་དོན་འགྲུབ། ཚོགས་གཉིས་དཔལ་གྲུབ། དྷཱི་ཚ་སྤྲུལ་སྐུ། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། འདིས་པུསྟི་ལྔ་ཚོགས་གཉིས་པ་དང་
གཅིག་དྷཱི་ཚ་ལས་གསན། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། ཀུན་དགའ་བསྟན་པ་དར་རྒྱས། རྡོ་རྗེ་འཛིན་པ་ཀུན་དར་བ། འབུམ་རམས་པ་ཨོ་རྒྱན་སྐལ་བཟང་། འགྱུར་མེད་སྐལ་བཟང་འཕེལ་རྒྱས། ཐེག་མཆོག་བསྟན་འཛིན། ཀུན་བཟང་རྣམ་རྒྱལ། པདྨ་རིན་ཆེན། ཁྱབ་བདག་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །


previousའཁོར་ལོ་ཐ་མའི་ཆོས་འཁོར་ལས་བྱུང་བའི་མདོ་སྡེ།next