Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཇུག་རྩོམ།


 
previousམཇུག་རྩོམ།no next

མཇུག་རྩོམ།


GTN003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། ༀ་སྭསྟི་སིདྡྷིརྦྷ་བ་ཏུ། གཟིགས་དང་ལྷུམ་ཞུགས་བལྟམས་དང་སྒྱུ་རྩལ་བསྟན། །རྒྱལ་སྲིད་སྐྱོང་དང་རབ་བྱུང་དཀའ་ཐུབ་མཛད། །སངས་རྒྱས་ཆོས་འཁོར་བསྐོར་དང་བདུད་རྣམས་བཏུལ། །ཆོ་འཕྲུལ་བསྟན་ཞིང་མྱ་ངན་འདས་པ་སོགས། །༡ བཅུ་གཉིས་མཛད་པ་འགྲོ་ལ་བདེ་སྟེར་བ། །


GTN003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སྟོན་པ་ཤཱཀྱའི་རིགས་འཁྲུངས་སོགས། །འདས་དང་མ་བྱོན་ད་ལྟར་བཞུགས་བཞིན་གྱི། །རྫོགས་སངས་རྒྱས་པ་རྣམས་ལ་དགྱེས་ཡི་རངས། །༢ དེ་དག་རྣམས་ཀྱི་ཐོག་བར་མཐའ་གསུམ་དུ། །དགེ་བའི་རང་བཞིན་རྣམ་པར་དཀར་བ་ཅན། །ཀུན་ནས་འཚེ་བའི་ཉོན་མོངས་རྒྱུ་བཅས་པ། །འགོག་བྱེད་དུ་གསུངས་དམ་པའི་ཆོས་ལ་འདུད། །༣ གང་བསྟན་ཐོས་བསམ་སྒོམ་པས་འཛིན་མཛད་ཅིང་། །ཚུལ་ཁྲིམས་ལ་གནས་བསླབ་པའི་གཞི་ལ་སྦྱངས། །དམར་སེར་ངུར་སྨྲིག་རྒྱལ་མཚན་འཆང་བའི་མཆོག །འཕགས་ཚོགས་འདུས་པའི་དགེ་འདུན་རྣམས་ལ་བསྔགས། །༤ གང་ཞིག་རྒྱལ་བས་གསུངས་པའི་ཆོས་སོ་ཅོག །དེ་འགྲེལ་མཁས་གྲུབ་ཡོངས་ཀྱི་བསྟན་བཅོས་སོགས། །ཐམས་ཅད་རང་རིག་བདེ་གཤེགས་སྙིང་པོ་གང་། །རྟོགས་བྱེད་ཉིད་དུ་བསྟན་ལས་གཞན་དུ་ཅི། །༥


GTN003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་ཕྱོགས་སུ་ལྷུང་བའི་མིག་ཅན་འགའ། །རྒྱལ་གསུང་དྲང་ངེས་དགོངས་པར་མ་རེག་བཞིན། །ཤན་འབྱེད་གཏམ་གྱིས་ཆོས་འཁོར་རིམ་པ་གསུམ། །དྲི་མ་ཅན་དུ་བྱས་འདིས་རང་ཡིད་སྐྱོ། །༦ དེས་ན་རྗེ་བཙུན་འཕགས་པ་ཐོགས་མེད་སོགས། །བདེན་པར་གསུངས་པས་དྲང་ངེས་འབྱེད་པ་རུ། །མི་འཇིགས་སེངྒེའི་སྒྲ་ཡིས་ལུང་སྟོན་པར། །བློ་གྲོས་ཕྱོགས་རེ་བ་ཡིས་བསྙོན་དུ་ཅི། །༧ དེ་ཚེ་རྒྱལ་བཀའ་ཡིན་མིན་རྣམ་རྟོག་པས། །བརྟག་དཔྱད་གསུང་གིས་ཐེ་ཚོམ་གཞིར་བཞག་མོད། །རྒྱལ་བསྟན་དབང་བྱས་ཐར་ལམ་རྗེས་མཐུན་དུ། །སྟོན་ན་རྒྱལ་བའི་བཀའ་དང་ཁྱད་མེད་སྒྲོགས། །༨ བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་སོགས་གསུང་པ་ལྟར་རོ། ། དེ་ཕྱིར་འཁོར་ལོ་དང་པོ་དྲང་དོན་དང་། །བར་པ་འདྲེས་མ་ཐ་མ་ངེས་དོན་དུ། །བཞེད་པའི་གྲུབ་མཐའ་བསླད་བྲལ་པུསྟི་ཀཿ །


GTN003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་ཕྲེང་བ་མངོན་པར་གསལ་དེ་རྨད། །༩ དེ་འདྲའི་ཆོས་ཀྱི་ལུང་རྒྱུན་མི་ཉམས་པར། །སྤེལ་ཆེ་སྙན་གྲགས་ཀྱིས་གཙོས་ལོག་སྦྱོར་ཡིད། །མ་གཡོས་བྱང་སེམས་ཁོ་ན་ལྷུར་ལེན་པའི། །རྗེ་བཙུན་མཆོག་གི་སྐུ་དྲིན་གཞལ་དཀའི་ཡུལ། །༡༠ ཕྱི་ན་བསྟན་རྒྱན་འདུལ་བའི་ལུགས་བཞིན་སྤྱོད། །ནང་ན་སྨོན་འཇུག་བྱང་ཆུབ་སེམས་ཀྱིས་འབྱོངས། །གསང་བ་རིམ་གཉིས་ཟབ་མོར་དབང་ཟ་བའི། །གྲུབ་བརྙེས་གང་གི་རྣམ་ཐར་ཐོས་དཀའི་ཕུལ། །༡༡ ཇི་སྙེད་ཤེས་བྱའི་ཆོས་གཟིགས་འཁྲུལ་བྲལ་གྱིས། །ལྐོག་གྱུར་གསལ་སྟོན་སྦས་པའི་ཚུལ་འཛིན་པའི། །དོན་གྱི་རྡོ་རྗེ་འཆང་རྣམས་ཡིད་སྲུབ་ཀྱིས། །ཐུགས་དབྱུང་གཞན་དོན་དག་ལ་དགོངས་གཏད་ན། །༡༢ དེང་དུས་སྙིགས་མ་ལྔ་བདོའི་རང་མཚང་གིས། །


GTN003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་ཕལ་ཆེར་ལོག་པར་འདུན་པའི་སྐབས། །རྒྱལ་བསྟན་འཆད་རྩོད་རྩོམ་པས་འཛིན་པ་ནི། །རྒྱལ་བ་དངོས་ལས་ལྷག་པར་ཡོངས་སུ་བསྒྲགས། །༡༣ དཔེར་ན་རྒྱལ་གསུང་རྣམ་དག་ཚུལ་བཞིན་དུ། །ཐོས་པའི་ཕན་ཡོན་བགྲང་བྱར་མི་ནུས་ན། །འདིར་ཚོགས་འདུས་པའི་བསོད་ནམས་རྒྱ་མཚོའི་མཐའ། །འཇལ་འདོད་བློ་གྲོས་བུ་གར་ཆུན་དུ་ཅི། །༡༤ དེ་ཕྱིར་འདི་ལྟའི་ལེགས་བྱས་ཨཱ་དར་ཤར། །དགེ་ལེགས་འབུམ་གྱི་མཚན་མ་རྣམ་བཀྲ་བས། །སྤངས་རྟོགས་ཡོན་ཏན་གྱིས་འབྱོར་རྒྱལ་བའི་བསྟན། །སྤེལ་མཛད་བླ་མའི་ཞབས་པད་བརྟན་གྱུར་ཅིག །༡༥ བསྡུ་བཞི་དཔག་བསམ་གསར་པའི་ཚལ་བརྟེན་པའི། །དད་དང་མོས་པས་བསྡུས་པའི་སློབ་མའི་ཚོགས། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་རྣམས། །དབྱར་མཚོ་ལྟ་བུར་མི་ཉམས་གོང་འཕེལ་ཤོག །༡༦


GTN003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་ཀུན་ནས་བསྟན་པ་འཛིན་སྐྱོང་དང་། །སྤེལ་ལ་འདུན་པའི་བསྟན་འཛིན་སྐྱེས་བུའི་ཚོགས། །ཕྲག་དོག་ཟུར་ཟའི་གནོད་པས་མི་བརྫི་བར། །ཐུགས་མཐུན་ཆོས་བཞིན་འདོད་པ་ཡོངས་རྫོགས་ཤོག །༡༧ ཕྱོགས་ལྷུང་གཏམ་གྱི་སྨད་སྒྲོགས་ཆོས་སྤངས་ལས། །ལས་གྲོལ་ཐེག་དགུས་མཚོན་པའི་བཀའ་གཏེར་རྒྱུན། །ནུབ་མེད་འཁོར་བ་མཐའ་ཅན་མ་གྱུར་བར། །བརྒྱུད་འཛིན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཤོག །༡༨ ཕུན་ཚོགས་བསོད་ནམས་དཔལ་གྱིས་ཀུན་ནས་ཕྱུག །བདེ་སྐྱིད་ལྷ་ཡི་དཔལ་ལ་ཅོ་འདྲི་ཞིང་། །མངའ་འབངས་བྱམས་པའི་དཔལ་གྱིས་ལེགས་སྐྱོང་བའི། །མི་དབང་རྣམས་ཀྱི་ཆོས་སྲིད་བརྟན་གྱུར་ཅིག །༡༩ གང་ལ་མི་བདེའི་མཚན་མ་ཀུན་སྐྱེད་པའི། །རྒྱུ་རྐྱེན་མ་ལུས་ཞི་ཞིང་ཕན་དང་བདེའི། །ལེགས་པ་དུ་མའི་དགེ་མཚན་ཕྱོགས་ཀུན་ཏུ། །


GTN003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་ཇི་ལྟར་སྨོན་ཀུན་འགྲུབ་གྱུར་ཅིག །༢༠ བདག་ཀྱང་སྐྱེ་འདི་ནས་བཟུང་བྱང་ཆུབ་བར། །མགོན་པོ་མཆོག་དང་ནམ་ཡང་མི་འབྲལ་བར། །འཆད་རྩོད་རྩོམ་པས་རྒྱལ་བསྟན་སྤེལ་བྱེད་ཅིང་། །མ་རྒན་འགྲོ་རྣམས་སྒྲོལ་བའི་མཐུ་ལྡན་ཤོག །༢༡ མདོར་ན་རིས་མེད་རྒྱལ་བསྟན་དར་རྒྱས་འགྲོ་རྣམས་ཕན་བདེས་རྟག་འཚོ་ཞིང་། །དགེ་བཅུའི་ཁྲིམས་ལྡན་རྒྱལ་སྲིད་རྣམ་རྒྱས་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །དཀར་ཕྱོགས་ལྷ་རྣམས་དགའ་བས་ཆར་འབེབས་ལོ་ཕྱུགས་ལེགས་ཤིང་ནད་རྣམས་ཞི། །ཇི་ལྟར་སྨོན་པའི་དོན་རྣམས་མ་ལུས་མྱུར་བ་ཉིད་དུ་འགྲུབ་གྱུར་ཅིག །༢༢ གང་ཡང་རྒྱལ་རྣམས་འགྲོ་ལ་ཕན་ཕྱིར་བྱང་ཆུབ་སྤྱོད་པ་ཅི་བསགས་པ། །གང་རྣམས་ཐམས་ཅད་རྣམ་མཁྱེན་གོ་སར་དམིགས་མེད་ཉིད་དུ་བསྔོ་བས་མཚོན། །གང་ཞིག་ལེགས་བྱས་འདིས་བསྡུས་འདུས་དང་འདུས་མ་བྱས་དགེ་གཅིག་བསྡོམས་པར། །གང་རྣམས་ཐམས་ཅད་རྣམ་གྲོལ་རྒྱུར་བསྔོ་བསྔོས་པ་བཞིན་དུ་འགྲུབ་གྱུར་ཅིག །༢༣ སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་རབ་འབྱམས་རྒྱལ་དང་དེ་སྲས་བཅས། །


GTN003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་འབྲས་བུ་རོ་མཆོག་ཕུན་ཚོགས་ལུང་དང་རྟོགས་པ་དམ་པའི་ཆོས། །ཐོས་དང་བསམ་པའི་རྣམ་དཔྱོད་ཕུན་ཚོགས་བྱང་སེམས་འཕགས་ཚོགས་དགེ་འདུན་བཅས། །མཆོག་གསུམ་དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་དཔལ་ཀུན་དེང་འདིར་སྩོལ། །༢༤ ཅེས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་གྱི་ཐོབ་ཡིག་ཕན་བདེའི་གཏེར་མཛོད་བློ་གསལ་མགྲིན་རྒྱན་ཞེས་པ་འདི་ནི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་མཆོག་གི་རྡོ་རྗེ་སློབ་དཔོན་སྒོ་ཆེན་བླ་མ་ཨོ་རྒྱན་བསོད་ནམས་ལགས་ཀྱི་བཀའ་བསྩལ་པ་དང་། ལྷར་བཅས་འགྲོ་བའི་སྐྱབས་མགོན་དཔལ་ལྡན་བླ་མ་དམ་པ་ནས་ཀྱང་བཀའ་གནང་བ་ནོད་པ་ལྟར་རྒྱལ་བ་ཞེ་ཆེན་པའི་མཆོག་སྤྲུལ་ཟུང་གི་བཀའ་དྲིན་ལ་ཉེ་བར་བརྟེན་པའི་སློབ་འབངས་ཐ་ཤལ་སྤྲུལ་མིང་འཆང་བ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་ངམ་ལྔ་རིག་སྨྲ་བ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་སུ་འབོད་པས་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཉི་འོད་བཀྲ་ཤིས་འཁྱིལ་བར་རྒྱལ་བཀའ་འགྱུར་རོ་ཅོག་གི་ཆོས་གྲྭར་རྫོགས་པར་བགྱིས་པ་འདིས་ཀྱང་དྲི་མེད་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། བྷ་ཝནྟུ། བཀྲ་ཤིས་པར་ཤོག །དགེའོ།། །།


GTN003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་སྨོན་ཚིག འདི་ལྟར་བགྱིས་པའི་བསོད་ནམས་དགེ་ཚོགས་ཀྱིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག །འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །འབྲེལ་ཐོགས་གཙོར་བྱས་མ་གྱུར་འགྲོ་བ་ཀུན། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་ནས་སུ།། མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ནི་ཞེ་ཆེན་དབོན་སྤྲུལ་ལྔ་པའི་མཚན་འཛིན་འགྱུར་མེད་གཞན་ཕན་འོད་ཟེར་ནས་སྨོན་པའོ།། །།


previousམཇུག་རྩོམ།no next