Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དབྱར་གནས་ཀྱི་གཞི།
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousདབྱར་གནས་ཀྱི་གཞི།next

དབྱར་གནས་ཀྱི་གཞི།


GTN005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་ནི། སྔོན་དུ་གཙུག་ལག་ཁང་བྱི་དོར་བྱ་བ་དང་། རྟེན་དགྲམ་པ་སོགས་བྱ་ཞིང་གནས་མལ་གྱི་གདན་སྤྱད་སོགས་སྟོབ་རྒྱུ་ཡོད་ན་སྟ་གོན་བྱས་ལ། དབྱར་སྔ་མ་ཡིན་ན། དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་ཚར་མ་ཐག། གནས་མལ་སྟོབ་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ཇི་ལྟར་ན་ལས་བྱེད་པས། {ཟླ་བ་དྲུག་པའི་ཉའི་སྐྱ་རེངས་འཆར་བ་དང་། དགེ་ཚུལ་སློང་གི་གསོ་སྦྱོང་མཛད་སྦྱིན་ནས། དགེ་ཚུལ་རྣམས་འདུ་ཁང་ཕྱིར་འཁོར་གཡབ་འོག་ཏུ་རང་རང་གི་གདིང་བར་འདུག་དགོས། མཁན་པོ་ཁྲིར་བཞུགས་བཞིན།}


GTN005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ། ཞེས་དྲིས་པའི་ལན་དུ། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། དེ་ནས་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་བསྐོས་པའི་དགེ་སློང་དེས་གནས་མལ་


GTN005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབ་པ་དང་ཚུལ་ཤིང་བྲིམ་པ་ཡང་བྱའོ། །གལ་ཏེ་གནས་མལ་སྟོབ་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་བའི་ཆོ་ག་ནི། རྩོད་པ་ཞི་བྱེད་ནས་འབྱུང་བ་ལྟར་བརྗོད་དེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ། ཞེས་དྲི། སྤྲོ་ཟེར་ན། {མཁན་པོས་གོང་སྤྲོ་བར་གདབ་པས། དགེ་འདུན་ལ་ཚུལ་ཤིང་བྲིམ་པར་བསྐོ་བ་གསོལ་བ་དང་གཉིས་སོགས་ཁ་བསྒྱུར་བཅས་དེ་དེ་བཞིན་དུ་འཛིན་ཏོ་བར་བརྗོད།} སྔར་གྱི་དབྱར་གྱི་གནས་མལ་སྟོབ་པ་ཞེས་པའི་དོད་དུ། དགེ་འདུན་ལ་ཚུལ་ཤིང་བྲིམ་པར་ཞེས་བསྒྱུར་བས་གསོལ་གཉིས་ཀྱི་ལས་མཇུག་སྡུད་དང་བཅས་པ་བརྗོད་དོ། །དེས་ཚུལ་ཤིང་འཇམ་ཞིང་དྲང་བ་སྲིད་དུ་ཁྲུ་གང་བ་དྲི་བཟང་པོས་ཁ་བསྒྱུར་བ་དགེ་འདུན་གྱི་གྲངས་ལས་མི་ཉུང་བ་རྣམས་གཟེབ་ཀྱི་པྲོག་མར་རས་དཀར་བཏིང་བས་དཀྲིས་པ་རྒན་པའི་མཐར་བཞག་ལ། རང་ཉིད་འགྲེང་སྟེ་ཐལ་མོ་སྦྱར་ནས་དབྱར་གྱི་ཁྲིམས་བརྗོད་པར་བྱ་སྟེ། {དབྱར་བདག་རྒན་པས་རང་མལ་ནས་སྣམ་སྦྱར་བཅས་གཟན་ཕབ་ཕྱག་གསུམ་གཟན་ཕྲག་ཁྱེར་འགྲེང་འདུད་ཀྱིས།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བ་མི་བྱ་བ་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་བའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་


GTN005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་སྨོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་པ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །{ཡང་གཙུག་ལག་ཁང་གི་ཕྱི་རོལ་དུ་དགེ་ཚུལ་རྣམས་ལ་ཞལ་ཕྱོགས། གདིང་བ་བཅས། དགེ་ཚུལ་མང་པོ་འཚོགས་ན་ཕྱག་འབུལ། རེ་གཉིས་ལས་མེད་ན་ཚུལ་ཕྱག་ནང་ལྟར་དགོངས་གསོལ་ནས། བརྟགས་པར་དགོངས་སོ་བར་བརྗོད་ནས། ནང་དུ་བྱོན་ནས་གྲལ་དུ་བཞུགས།} ཞེས་བརྗོད་ནས་གྲལ་དུ་འདུག་གོ །དེ་ནས་ལས་བྱེད་པས། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དེང་ཚུལ་ཤིང་བཞེས་ཏེ། སང་ནངས་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །{དབྱར་བདག་གཉིས་ལངས་ནས་སྣམ་སྦྱར་ཕྲག་ཁྱེར་སོ་སོའི་ཚུལ་ཤིང་སར་འོང་ནས་རྒན་པོས་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་གཡས་པའི་དཀྱིལ་མཛུབ་ཀྱིས་ཚུལ་ཤིང་གི་རྩེ་དང་གཡོན་པས་སྲིན་ལག་གིས་མཇུག་ནས་འདྲེན་ཏེ་སྤྱི་བོར་བཟུང་། འདི་ནི་བདག་ཅག་སོགས་བརྗོད་དེ་སྟོན་པའི་སྐུ་མདུན་དུ་ཕུལ། རྒན་པོས་མཁན་པོའི་ཚུལ་ཤིང་སྟབས་པ་ཁྲི་ལས་ཕྱེད་འཕགས་ཀྱིས་


GTN005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་བླངས་ཏེ་པང་དུ་འཇོག་སྟེ། དེ་ནས་དབྱར་བདག་པས་རྒན་རིམ་དང་། གཞོན་རིམ།} དེ་ནས་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་པའི་{གཡས་}གུང་{གཡོན་}སྲིན་གཉིས་ཀྱིས་སྣ་གཉིས་ནས་བླངས་ཏེ་སྤྱི་བོར་རེག་ནས། འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །ཞེས་བརྗོད་དེ་སྟོན་པའི་སྤྱན་སྔར་དབུལ། དེ་ནས་པྲོག་མ་སོ་སོའི་མདུན་དུ་ཁྱེར་ཏེ་གནས་བརྟན་{མཁན་པོ་}ནས་རིམ་པར་བྲིམ་ཞིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་སྟན་ལས་ཕྱེད་འཕགས་ཏེ་རང་རང་གི་ཚུལ་ཤིང་བླངས་ནས་དལ་བུས་པང་དུ་བཞག །དགེ་སློང་རྫོགས་པ་དང་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི། འདི་ནི་དགེ་ཚུལ་འདི་དང་འདིའི་འོ། །ཞེས་རང་རང་གི་མཁན་སློབ་ཀྱིས་བླང་། མཇུག་ཏུ་{དེ་ལྟར་དགེ་སློང་གི་ཚུལ་ཤིང་རྫོགས་པ་དང་དབྱར་བདག་གཉིས་ཀས་དགེ་སློང་གཞོན་རིམ་ནས་རྒན་པས་མཁན་པོ་བཅས་པར་ཚུལ་ཤིང་བསྡུས་ཏེ་གྲངས་རྩི། ཡང་མཁན་པོ་རིམ་པ་ཚུལ་ཤིང་བྲིམ་པར་དགེ་སློང་རྣམས་ཀྱི་རང་གནས་ལེན་དགོས་ལྟར་དགེ་ཚུལ་གྱི་ཚུལ་ཤིང་དགེ་སློང་གིས་བླང་། འདི་ལ་དགེ་ཚུལ་གྱི་མིང་བརྗོད་དགོས་གསུངས། དེ་རྗེས་ཚུལ་ཤིང་ལྷག་མ་ཟུར་དུ་ཕྱུང་སྟེ། དགེ་ཚུལ་གྱི་ཚུལ་ཤིང་བསྡུ་ལ་གྲངས་རྩི། མཇུག་ཏུ་དབྱར་བདག་རྒན་པས་ཚུལ་ཤིང་ལྷག་མ་མཁན་པོས་མདུན་དུ་བཏེགས་པས་}འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་གནས་བརྟན་གྱིས་{མཁན་པོས།}བླང་། དེ་ནས་དགེ་སློང་དང་དགེ་ཚུལ་གཉིས་རིམ་པར་མ་འདྲེས་པར་བསྡུས་ནས་གྲངས་བཟུང་སྟེ། བྲིམ་པ་པོས་འགྲེང་སྟེ་ཐལ་མོ་སྦྱར་ནས། {དབྱར་བདག་པས་གདིང་བའི་ཕྱག་བཅས།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །ཞེས་གོ་བར་བྱ་ཞིང་། གྲལ་ན་གནས་པ་རྣམས་ཀྱིས་བཞེས་སོ་ཞེས་ལན་ཟེར་


GTN005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགག་དབྱེའི་རིགས་འགྲེ་ལས་བཤད་ཁུངས་མེད་པས་མ་དག་གསུངས། དགེ་ཚུལ་འདི་ཉིད་ཀྱིས་བླངས་ཞེས་བརྗོད་པ་ནི་མདོར་མ་བཤད་ཀྱང་མཆིམས་ཆེན་གྱི་ཡི་གེ་ལྟར་ཕྱག་ལེན་དུ་མཛད་དོ། །{ཡང་གཙུག་ལག་ཁང་གི་ཕྱི་རོལ་ནས་དགེ་ཚུལ་ལ་ཕྱག་འགྲེང་འདུད་བཅས་ནང་ལྟར་དགེ་གསོལ་གྲངས་བརྗོད་བཅས་གྲུབ་ནས་ནང་དུ་ལོག །དབྱར་རྒན་པས་སྒོ་ལྡེ་མིག་འབྱར་བ་མཁན་པོར་ཕུལ། གཙུག་ལག་ཁང་སོགས་བརྗོད།} དེའི་འོག་ཏུ་གནས་མལ་སྟོབ་པ་ནི། སྤྱིར་གནས་ཁང་དང་མལ་སྟན་སོགས་གཉུག་མར་གནས་པ་རྣམས་ལ་བསྟབས་ཟིན་པ་དག་ཡིན་མོད་ཀྱི། འོན་ཀྱང་གློ་བུར་བ་ལ་གསར་སྟོབ་དགོས་པ་དང་། དེར་མ་ཟད་སྟོབ་རྒྱུ་ཡོད་ན་སོ་སོར་སྟོབ་པར་བྱ་བ་སྟེ། བསྐོས་པོས་{དབྱར་རྒན་པས།}གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་བཟུང་ནས། {གཉིས་ཀས་ལག་གཡས་སྟེང་གཡོན་འོག} དང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། མཁན་པོ་འམ་སློབ་དཔོན་ནམ་གནས་བརྟན་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱི་བཞེས་ཤིག །ཅེས་རྒན་རིམ་ནས་དགེ་ཚུལ་གྱི་མཐའི་བར་དུའང་རང་རང་གི་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་གཏད་ཅིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་ལྷུང་བཟེད་ལྟར་བླང་ངོ་། །དེ་ནས་མལ་སྟན་ཡང་རིམ་པ་བཞིན་དུ། {སླར་དབྱར་བདག་གཉིས་ཀས་རྒན་གཞོན་རིམ་བཞིན་ཕྱོགས་སོ་སོར་ནས་ཁོའུ་ལྡེ་མིག་དབྱར་བདག་གཏད་ནས་གཙུག་ལག་ཁང་སོགས་བརྗོད། དེ་ཐོག་མར་དགེ་སློང་། དེ་ནས་དགེ་ཚུལ་སོ་སོའི་གདིང་ཆོས་ཀྱི་སྣེདང་། དགེ་ཚུལ་སློང་གི་རང་རང་གི་ཆོས་གདིང་གི་སྣེ་གཉིས་གཡས་སྟེང་གཡོན་འོག་བྱས་འཛིན་ལ་གདན་སྣེ་དབྱར་བདག་གིས་བཟུང་ནས། གདན་ཆ་འདི་ལ་སོགས།} གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག །ཅེས་བྲིམས་ཚར་བའི་རྗེས་སུ་སྟོབ་པ་པོས་དགེ་འདུན་གྱི་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས། {དབྱར་བདག་པས་གདིང་ཕྱག་བཅས།}དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ།


GTN005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གདིང་བ་རུང་བ་མ་ཡིན་པར་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་བྱས་ནས། སྤྱོད་ལམ་དེ་ཉིད་ཀྱིས་དབྱར་ཁས་བླང་བ་གོ་བར་བྱ་སྟེ། {ཡང་ཕྱི་ནས་དགེ་ཚུལ་རྣམས་ལའང་ཞུ་དགོས། ནང་དུ་ཕྱིན་རྒན་པའི་མཐའ། ལོགས་ནས་གདིང་ཕྱག་འགྲེང་འདུད་བཅས་དགེ་འདུན་བཙུན་པ་སོགས་བརྗོད།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་གདུགས་ལ། སྦྱིན་བདག་འདི་ཞེས་བྱ་བའམ་དམིགས་བསལ་མེད་ན་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དུ་བཅས་པ་དུ་མ་དང་། ཞལ་ཏ་པ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད། {ཡང་དགེ་ཚུལ་ལ་ཞུས་འཕྲོར། དགེ་ཚུལ་རྣམས་ནང་དུ་ཁྲིད་དེ། དགེ་སློང་རྣམས་ཀྱི་རྒྱབ་ཏུ་བསླབ་གྲལ་བཞུགས། དབྱར་བདག་རང་མལ་འཁོད་པ་དང་། མཁན་པོས། ཕྱོགས་བཅུ་ན་སོགས་དགོངས་གསོལ་ཞེས་བསྔོ་བའི་མཐུན་གྱུར་བསྐུལ། མཁན་པོས་བསྐུལ་བཅས། བསོད་ནམས་འདི་སོགས། འགྲོ་ཀུན་དགེ་རྩ་སོགས། འགྲོ་བའི་བསྡུག་སྔལ་སོགས། འཇིག་རྟེན་བདེ་སོགས། ཕན་བདེ་འབྱུང་བའི་སོགས། ཨོ་རྒྱན་དུས་གསུམ་སོགས། སངས་རྒྱས་སྐུ་གསུམ་སོགས། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་ཤོག །ལྷུག་འདོན་དེ་ལྟར་འགྲུབ་པར་སོགས། དགེ་ཚུལ་སློང་ཐམས་ཅད་གདིང་ཆོས་ཕྲག་འཕེན་ནས་སྣམ་སྦྱར་ཕྱག་བསྣམ་གཙུག་ལག་ཁང་བསྐོར་ཏེ་རང་གནས་སུ་བྱོན་པ་ལགས།} དེ་ནས་བསྔོ་སྨོན་དང་ཤིས་བརྗོད་བྱས་ནས་གྲོལ་ཏེ་དབྱར་གྱི་སྦྱོར་བ་ཚུལ་འཇུག་གི་ཆོ་གའོ། །དེ་ནས་དབྱར་ཁས་བླང་བ་དངོས་གཞིའི་ཆོ་ག་ནི། དེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནངས་པར་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པ་དགེ་སློང་གི་མདུན་དུ་ཁས་བླང་བར་བཤད་ཀྱང་། དེང་སང་འདུས་ནས་མཛད་པ་ཕྱག་ལེན་


GTN005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདའ་བས་གཎྜི་བརྡུངས་ཏེ་འདུས་པ་དང་། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། ཞེས་སོགས་ཀྱི་རྒྱུད་ཆགས་གསུམ་པ་དང་གཞི་བདག་ལ་གཏོར་མ་བཏང་། དེ་ནས་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཏེ། {ཚེས་བཅུ་དྲུག་གི་ནངས་མོ་སྐྱ་རེངས་རྗེས་མ་འཆར་དུས་བཞེངས་བརྡས་བསྐུལ་ཏེ། དགེ་ཚུལ་སློང་སྡེབ་འཚོགས་མཛད། ཐུབ་བསྟོད་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་བར་འདོན་ལ། མཁན་པོ་ཁྲི་ལས་བབ་གདིང་བར་བཞུགས་པ་ཞལ་ཐུར་གཟིགས་ལ། དབྱར་བདག་གཉིས་ཀས་ཕྱག་གསུམ་འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་བ་བཙུན་པ་འདུལ་བ་འཛིན་པ་དབྱར་གནས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། མཁན་པོས་ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཙོག་པུར་འདུག་སྟེ། བཙུན་པ་སོགས།} བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། {ཕྱག་གསུམ་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། དབྱར་གནས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཆོས་བཞིན་འདུལ་བ་སོགས།} དབྱར་ཕྱི་མ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བསྒྱུར། སྦྱིན་བདག་སོགས་ཡོད་ན། གྲུམ་པ་བཅོས་པའི་སླད་དུ་ཞེས་པའི་མཇུག་ཏུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་ཞེས་སྦྱར་རོ། །{དེ་ནས་དབྱར་རྒན་པས་མཁན་པོའི་གཡས་ཕྱོགས་སུ་གཟན་ཕབ་བཅས་གདིང་བའི་སྟེང་ཞལ་མཁན་པོ་ཕྱོགས་བཞུགས་པ་གྲོགས་དན་དགེ་སློང་བགྲེས་པ་གཉིས་བཅས་བསླབ་ཕྱག་


GTN005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་སྔ་མ་ལྟར་ཐུགས་བཏད་ཞུ། ལན་གདབ་དབྱར་ཁས་བླངས་ཚར་ནས། མཁན་པོ་ཁྲི་ལ་གཟན་ཕབ་བཅས་ཞལ་ཕྱིར་གཟིགས་ཏེ་བཞུགས། མཁན་གྲོགས་གཉིས་རང་གྲལ་བཞུགས། དེ་འཕྲོས་དགེ་སློང་རྒན་གཞོན་ལྟར་གྲལ་དཀྱིལ་ནས་དབྱར་བདག་གཉིས་ཀྱི་ཕྱོགས་སོ་སོར། དགེ་སློང་གསུམ་རེ་ལ་སྔར་ལྟར་དབྱར་ཁས་བླང་མཇུག །དགེ་སློང་ནས་དགེ་ཚུལ་གསུམ་རེ་བཅས་མ་རྫོགས་པར་ཁས་བླང་ཞུ། དེ་རྫོགས་ནས་མཁན་པོས་སྔར་ཉིན་ལྟར་དགོངས་གསོལ། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སོགས་མཐུན་གྱུར་ཞུ། བསོད་ནམས་འདི་ཡིས་སོགས་སྔར་ལྟར་ཚོགས་རྫོགས་མཐར་འགྲུབ་གྱུར་ཅིག །གདིང་ཆོས་ཕྲག་འཕེན་སྣམ་སྦྱར་ལག་ཐོགས་གཙུག་ལག་ཁང་བསྐོར་ཏེ་རང་གནས་སུ་གྲོལ་ལོ།} དམིགས་བསལ་ཡུལ་མེད་ན་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པར་འགྱུར་ཏེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་དབྱར་ཁས་བླངས་པའི་རྗེས་སུ་ཇི་ལྟར་བསྒྲུབ་པའི་བྱ་བ་ནི། ཟླ་བ་ཕྱེད་ཅིང་གནས་མལ་ལ་ལོག་པར་སྤྱད་མ་སྤྱད་བརྟག་པ་སོགས་བསྐོས་པའི་གང་ཟག་གི་བྱ་བ་དང་། དགེ་འདུན་སྤྱིའི་བྱ་བ་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་བརྩོན་ཅིང་། ལྷུང་བཟེད་ཁ་སྒྱུར་བ་སོགས་དོན་མང་བ་དང་བྱ་བ་མང་བ་སྤང་། འཁྲུག་སློང་གི་རྒྱུ་ལྟུང་བ་གླེང་བ། རྙེད་པ་བགོ་བ། འཐབ་རྩོད་བྱེད་པ་སྤང་། གཙུག་ལག་ཁང་ཐིགས་ཚགས་སོགས་ཀྱིས་བསྐྱང་། མཚམས་ཀྱི་ཕྱི་རོལ་ཏུ་ཞག་ཏུ་མི་སྡོད། འོན་ཀྱང་ཆོས་ལྡན་གྱི་དགོས་པའི་དབང་གིས་མཚམས་ཀྱི་ཕྱིར་ཞག་སྡོད་བྱེད་དགོས་ན་དབྱར་མི་རལ་བའི་སླད་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེ་ལ་དབྱར་གྱི་མཐའི་ཞག་དྲུག་མ་གཏོགས་པ་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་གང་རུང་བྱིན་གྱིས་བརླབ་པའི་ཆོ་ག་ནི། མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ {དབྱར་བདག་ལ་མཚམས་ནང་དེ་ནས་ཞུ་བ། གདིང་ཆོས་བཅས་བསླབ་ཕྱག་སྔོན་འགྲོས། བསྟན་པ་རིན་པོ་སོགས་ནས་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཆོས་བཞིན་འདུལ་བ་སོགས།} ཙོག་པུར་འདུག་སྟེ། {མཚམས་ཀྱི་ཕྱི་རོལ་དུ་ཞག་ཐོགས་སར་འགྲོ་དགོས་ན་དབྱར་བྱིན་རླབས་དབྱར་བདག་གང་རུང་ལ་མཚམས་ནང་དེ་ནས་ཞུ་བ། བསླབ་ཕྱག་སྔོན་འགྲོས་གཟན་


GTN005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་འཕེན་གདིང་ཆོས་བཅས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཙོག་པུར་འདུག་སྟེ།} བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །{བསྟན་པ་རིན་པོ་ཆེ་སོགས་ནས་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཆོས་བཞིན་འདུལ་བ་བཞིན་སོགས།} དེ་བཞིན་དུ་ཞག་གཅིག་དང་གཉིས་སོགས་གང་ཡིན་འདོན་པ་བརྗེ་བར་བྱའོ། །གལ་ཏེ་ཞག་བདུན་གྱིས་མི་འགྲུབ་པའི་དགེ་འདུན་ལ་སོགས་པའི་ཆོས་ལྡན་གྱི་ཆེད་དུ་འགྲོ་དགོས་ན། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པར་བྱས་རྗེས་ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་ཆོ་ག་ནི། དགེ་འདུན་གྱི་ཆེད་ཡིན་ན། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྤྲོའམ་དྲི། དེས་ཀྱང་སྤྲོ་ལགས་ཞེས་བྱ། རང་དོན་ཡིན་ན་དྲི་མི་དགོས་ཞེས་གཉག་དབོན་གསུང་། དེ་ནས་རང་གིས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ཏེ་རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་


GTN005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གནང་བ་སྦྱིན་པའི་ལས་དངོས་ནི། ལས་བྱེད་པས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་སྔར་ལྟར་ལས། གསོལ་ཏོ། །དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་


GTN005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་ལྟར་ལས། གསོལ་ཏོ། །དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་ཞེས་པ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་དགེ་འདུན་ལས་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་གི་དགེ་སློང་ཞིག་གི་མདུན་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་སྔགས་ནི། སྔར་གྱི་ཞག་བདུན་པའི་ཆོ་ག་དེ་ཉིད་ལ། ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་
དགུང་བདུན་ཞེས་པའི་ཚབ་ཏུ། དགེ་འདུན་ནམ་ཆོས་ལྡན་གྱི་སླད་དུ་དགུང་བརྒྱད་དམ་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །


previousདབྱར་གནས་ཀྱི་གཞི།next