Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དགག་དབྱེའི་གཞི།
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousདགག་དབྱེའི་གཞི།next

དགག་དབྱེའི་གཞི།


GTN005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་དགག་དབྱེའི་གཞིའི་ཆོ་ག་ལ། སྦྱོར་བ་ནི། དགག་དབྱེ་འབྱུང་བའི་ཞག་བདུན་ལ་སོགས་པའི་སྔ་རོལ་ནས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་དང་། མཁོན་ཡོད་ན་བཟོད་པར་གསོལ་བ་དང་། གཙུག་ལག་ཁང་བརྒྱན་པ་སོགས་བྱས་ལ། དབྱར་སྔ་མ་ཡིན་ན་སྟོན་ཟླ་ {ཟླ་བདུན་པའི་ཉེ་བརྒྱད་ཀྱི་དགོང་མོ་ཉི་མ་ནུབ་ནས་དགག་དབྱེའི་གསོ་སྦྱོང་ཡིན་ཕྱིར་དགེ་ཚུལ་སློང་དབྱར་མ་གནས་པ་རྣམས་ཀྱང་འདི་ནུབ་འབྱོན་སྲོལ་ཡོད་པས་གཎྜི་བརྡུང་པར། དགེ་ཚུལ་སློང་མ་འདྲེས་པ་གདིང་ཆོས་སྣམ་སྦྱར་སོགས། ཐམས་ཅད་གྲལ་དབྱར་གནས་ལྟར་བྱ། དབུ་མཛད་ནས་མཛད་བཅུ་བསྐུལ་བ་ནས་ཚུལ་ཁྲིམས་རབ་བསྔགས་ཀྱི་མདོ་མཇུག་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་བར། གསོ་སྦྱོང་དུས་ལྟར་བྱས། དགེ་ཚུལ་སློང་རྣམས་གཙུག་ལག་ཁང་བསྐོར་ནས་གྲོལ།} འབྲིང་པོ་དབྱུག་པའི་ཟླ་བའམ། ཕྱི་མ་ཡིན་ན་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས་བཅུ་བཞིའི་མཚན་ཐོག་ཐག་འཆད་ནུས་པའི་དགེ་སློང་སྡེ་སྣོད་འཛིན་པ་ཡོད་ན་ཁྱིམ་པ་རྣམས་ཀྱང་ཉན་པར་བསྐུལ་ཏེ་ཆོས་བསྟན། དེ་ཙམ་མི་ནུས་ན་ཚེས་གྲངས་བརྗོད་དེ་བསྐུལ་ནས་དུས་བཟང་གི་མདོ་འདོན་པ་ཙམ་ངེས་པར་བྱ་ཞེས་མཁན་པོ་མཆིམས་ཆེན་པོས་གསུངས། བཅུ་བཞི་མཚན་མོའི་ཐ་རྫོགས་པ་སྐྱ་རེངས་ཤར་བའི་མདུན་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔ་པར་གྱུར་པའི་སྔ་དྲོའི་དུས་སུ་རྩྭ་ཟོར་བ་སྟ་གོན་བྱ། ལས་ཀྱི་གཎྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་འདུས་པ་ན། {ཚེས་ཉེར་དགུའི་སྐྱ་རེངས་མ་འཆར་བར་བཞེངས་གཎྜི་བརྡུང་ནས་དགེ་སློང་རྣམས་ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་སྔར་ལྟ་ལ། བྱིན་རླབས་དེ་ལྟུང་བ་བྱིན་གྱིས་བརླབས་ལ་དགེ་འདུན་གྱི་དགག་དབྱེ་མཛད་ལ་སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་བསྒྱུར་དགོས། ཐད་གྲལ་དགེ་ཚུལ་སློང་མ་འདྲེས་པར་བཞུགས། དབུ་མཛད་ནས་མཛད་བཅུའི་འཕྲོར། ཐམས་ཅད་བཞེངས་གཉིས་རེ་ཕན་ཚུན་དུ་ཕྱག་ཟིང་པོར་མཛད་ནས་བཞེངས་བཞིན་པ།}


GTN005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ཕན་ཚུན་དུ་ཕྱག་ཟིང་པོར་བྱས་ལ། འགྲེང་སྟེ་འདུད་པ་དང་བཅས་པས། དབྱར་དགེ་འདུན་ གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །{སར་བཞུག} ཞེས་བྱས་ལ་འདུག་སྟེ། {ཆོས་ཁྲིམས་པས་མདོ་བསྐུལ།} དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། ཞེས་བསྐུལ་ནས། རྒྱུད་ཆགས་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་གདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ཀྱི་བཤགས་པ་བྱེད་དགོས་ནའང་བྱས་ལ། དགེ་ཚུལ་རྣམས་བཀར་ཏེ། {དགེ་ཚུལ་གསོ་སྦྱོང་མི་དགོས། དེ་ནས་དབྱར་བདག་པས་དགེ་ཚུལ་སློང་བར་ཡོལ་བས་བཅད། འདུན་པ་ཕུལ་དགོས་ན་བྱ།} དེའི་འོག་ཏུ་མཚམས་ནང་དེ་ན་ཡོད་པའི་དགེ་སློང་ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གཉིས་ཀ་འབུལ་བའི་སྔགས་ནི། དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གནས་


GTN005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དེ་ནས་ལྟུང་བ་ཤེས་པ་རྣམས་བཤགས་བསྡམ་བྱིན་གྱིས་བརླབ་པ་གང་ལ་གང་འོས་བྱ་སྟེ། དེ་ཡང་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་འདུ་བའི་སྔ་རོལ་དུ་བྱ་ཞིང་། དེར་མ་གྲུབ་ན་འདིར་བྱས་ལ། {དེ་ནས་མཁན་པོ་ཁྲིར་བཞུགས་ནས། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་མཐུན་བྱིན་རླབས་འདི་ལས་གྲལ་དུ་མ་འདུས་པའི་གོང་དུ་བྱ་བ་གསུངས་ཀྱང་མ་འགྲུབ་པས་འདིར་བགྱིས། དེ་ཡང་ཐོག་མ་ཡུལ་དུས་ཀྱི་བཤགས་པར་མ་ནུས། དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པ་ལགས་ཞེས་བསྒྱུར། ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ་བར་བརྗོད། གནས་ལ་བློ་མཐུན་མི་མཛད།} ལྟུང་བ་ཐུན་མོང་པ་རྣམས་ཀྱི་བྱིན་རླབས་ཀྱང་བྱའོ། །དེ་རྗེས་སྔ་རབས་པ་རྣམས་གནས་ཀྱི་བློ་མཐུན་མཛད་མོད། དེ་ལ་མཁས་པ་ཁ་ཅིག །དགག་དབྱེའི་ལས་དངོས་གཞི་དེ་གང་ཟག་གི་ལས་ཡིན་གྱི། དགེ་འདུན་གྱི་ལས་དངོས་མ་ཡིན་པས། དགེ་འདུན་གྱི་དགག་དབྱེའི་གནས་སུ་བློ་མཐུན་པར་བགྱིའོ། །ཞེས་འདོན་མི་རིགས་པའི་ཕྱིར་མི་འཐད་གསུང་། གང་ལྟར་ཀྱང་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བྱས་པ་དེ་ཉིད་ལས་གཞན་ཐམས་ཅད་ཀྱི་གནས་ཡིན་པས། དེ་མ་ཞིག་ན་ལས་གཞན་བྱེད་པ་ལ་བློ་མཐུན་བསྐྱར་ནས་བྱེད་མི་དགོས་པ་གསལ་བར་གསུངས་པས་གསོ་སྦྱོང་གི་ལག་ལེན་ཡོད་པའི་གཉུག་མར་གནས་པའི་དགེ་འདུན་གྱི་གནས་རྣམས་སུ་བྱེད་མི་དགོས་པར་གྲུབ་བོ། །དེ་ནས་དགག་དབྱེ་བྱེད་པ་པོ་བསྐོ་སྟེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ་ཞེས་དྲི། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། ཡང་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་པོ་


GTN005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་བསྡུ་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བ་བཟོད་པར་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། ཡང་ལས་བྱེད་པས། དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་


GTN005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །{མཁན་པོ་ཁྲི་ལས་བབས་ཏེ་གདིང་བར་བཞུགས།}ཞེས་བརྗོད། དེ་ནས་དགག་དབྱེ་དངོས་གཞིའི་ཆོ་ག་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས། དང་པོ་ལའང་གཉིས་ལས། ཐོག་མར་ཚུལ་ཁྲིམས་དང་ཆོས་རྣམ་པར་དག་པའི་ཕྱིར་ལྟུང་བའི་དགག་དབྱེ་བྱ་སྟེ། {དབྱར་བདག་རྩྭ་ཆུན་ཐོགས་གདིང་ཆོས་སྣམ་སྦྱར་བཅས། མཁན་པོའི་མདུན་ཕྱག་སྔོན་འགྲོས། བསྟན་པ་རིན་པོ་ཆེ་སོགས་ནས་དགག་དབྱེའི་ཆོ་ག་ལ་ཐུགས་བཏད་པར་ཞུ། ཆོས་བཞིན་སོགས་གསུངས། དགག་དབྱེ་ཞུ་བ། མཁན་པོ་དགོངས་སུ་གསོལ། དབྱར་བདག་དགག་དབྱེ་ཚར་ནས། དབྱར་རྒན་གདིང་བའི་སྟེང་མཁན་པོའི་གཡས་སུ་བཞུགས། མཁན་པོ་དང་གྲོགས་དན་དགེ་སློང་བགྲེས་པ་གཉིས་བཅས་དགག་དབྱེ་ཞུ། གྲོགས་ཕྱིར་རང་གནས་འཁོད། མཁན་པོ་ཁྲིར་བཞུགས། དགེ་སློང་གསུམ་རེས་དགག་དབྱེ་ཞུ།} བསྐོས་པའི་དགེ་སློང་དེས་རྩྭ་ཟོར་བ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་བྲིམ། དེ་རྗེས་དགེ་སློང་གསུམ་མན་ཆད་ཀྱིས་བསྐོས་པ་དེ་རྒན་ལ་ཕྱག་བྱས། ཙོག་པུར་འདུག་སྟེ་ཡུལ་རྟེན་གཉིས་ཀས་རྩྭ་ཆུན་རྒྱ་གྲམ་དེའི་རྩ་བ་རང་རང་གི་རྐང་པས་མནན། རྩེ་མོ་ལག་གཉིས་ཀྱིས་བཟུང་སྟེ། {གཡས་སྟེང་གཡོན་འོག} ཚེ་དང་ལྡན་པ་{མཁན་པོ་}དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་{བཅུ་བཞི་པ་}ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་{བཅུ་བཞི་པ་}ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་


GTN005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

{ཚོགས་པའི་}དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་མམ། རྐྱེན་དབང་གིས་མ་གྲུབ་ན་གཉིས་སམ་གཅིག་བརྗོད་པས་ཀྱང་ཆོག །མཇུག་ཏུ་ཐབས་ལེགས་བྱའོ། {བསྟན་པ་སོགས།} དེ་ནས་བསྐོས་པ་དེས་ཀྱང་གཞན་ཞིག་གི་དྲུང་དུ་དགག་དབྱེ་བྱས་རྗེས་རྩྭ་ཆུན་རྣམས་བསྡུས་པ་བགྲངས་ནས། འགྲེང་སྟེ་འདུད་པས། {དབྱར་བདག་རྒན་པོས་མཁན་པོར་ཕྱོགས། གདིང་ཕྱག་གཟན་ཕྲག་ཁྱེར།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་{དགེ་ཚུལ}དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་པའི་རྗེས་སུ་གྲལ་ན་འཁོད་པ་རྣམས་ཀྱིས། {མཁན་པོས་བསྐུལ་ཏེ།} ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། དེ་ནས་རྙེད་པའི་སྒོ་དབྱེ་བའི་ཕྱིར་རྫས་ཀྱི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་ {དབྱར་བདག་རྒན་པོ་འགྲེང་བཞིན། དར་ཕུལ།} རང་གི་རྫས་ཁབ་ཡན་ཆད་གང་རུང་ཞིག་ཐོགས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ། ཞེས་བརྗོད་པས། ཐམས་ཅད་ཀྱིས་{མཁན་པོས་བསྐུལ།} ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་བརྗོད། {དབྱར་བདག་པས་ཡོལ་བའི་ཕྱིར་དགེ་ཚུལ་ལ་རྩྭ་བཀྲམ། དགེ་ཚུལ་གསུམ་རེས་དབྱར་བདག་ལ་དགག་དབྱེ་ཞུ། རྩྭ་བགྲངས། ཡོལ་བའི་ཕྱིར་དགེ་སློང་རྒན་རིམ་གྱི་རྒྱབ་ནས་ཕྱག་གསུམ་གོང་འདྲས། དགེ་ཚུལ་འདི་སྙེད་ཀྱིས་དགག་དབྱེ་


GTN005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད། དགེ་ཚུལ་སློང་ལྷན་དུ་ལེགས་པར་མཛད་སོགས་བརྗོད་འཕྲལ། དབྱར་བདག་པས་ཕྱག་འདུད་སོགས་མི་དགོས་འགྲེང་བཞིན་རྫས་དགག་ཞུ། དགེ་ཚུལ་གྱིས་ལན་བརྗོད། དབྱར་བདག་གིས་ཡོལ་བ་བསལ། མཁན་པོས་དབྱར་གནས་ལྟར་བསྔོ་བའི་མཐུན་གྱུར་གྱིས་བསྐུལ། དེ་ལྟར་སོགས་ཀྱིས།} དེའི་འོག་ཏུ་དགེ་ཚུལ་རྣམས་བོས་ཏེ་དགག་དབྱེ་སྔར་བཞིན་བྱེད་དུ་བཅུག་ནས་དགེ་འདུན་ལ་གོ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། བསྐོས་པ་དེས་དགེ་སློང་དང་དགེ་ཚུལ་གྱི་དབྱར་རྙེད་རྣམས་བསྡུས་ཏེ་ལྷན་ཅིག་ཏུ་བགོ་བར་བྱ་ཞིང་། བསྔོ་བ་དང་ཤིས་བརྗོད་བྱས་ནས་ལྡང་བ་ནི་དགག་དབྱེའོ། །དེ་ཉིན་ཚེས་བཅོ་ལྔ་ཡིན་ཡང་གསོ་སྦྱོང་བྱ་མི་དགོས་ཏེ། དགག་དབྱེ་བྱས་པས་གསོ་སྦྱོང་ཡང་དེས་འགྲུབ་པའི་ཕྱིར། དེ་ལྟར་ཡང་ས་གའི་ལྷས། སྡིག་པ་དམན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། །རྒྱུ་མཚན་དེས་དབྱར་ཁས་མ་བླངས་པའི་རབ་བྱུང་དེ་ཉིན་གློ་བུར་དུ་ལྷགས་པ་གཞན་ཡོད་ནའང་དགག་དབྱེ་བྱེད་དགོས་པར་གྲུབ་བོ། །དེའི་ཕྱི་ཉིན་ཚེས་བཅུ་དྲུག་ལ་གནས་ལ་ལྷག་པར་ཆགས་པ་དང་དུབ་པ་སོགས་སྤང་བའི་ཕྱིར་རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །{དེ་ནས་དུང་གིས་བསྐུལ་ཏེ་འཚོགས་འགྲོ་དགེ་སློང་དབྱར་རྙེད་བགོ་བ་སོགས་བྱ། ཚུལ་ཤིང་གི་ལས་ཀ་དགེ་ཚུལ་ཞིག་བསྐོས་ནས། ཅོད་པན་ལ་ལོ་རྟ། ཞལ་གྲངས་སྨོན་བྱང་སོགས་མཁན་པོས་མཛད། ཚུལ་ཤིང་གཙུག་ལག་ཁང་གི་སྒོ་གླེགས་སུ་འདོགས། ཕྱི་ཉིན་ལྗོངས་རྒྱུ་ཆབ་ཞུགས་སོགས་གནང་བ་ལགས།} གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། རྐྱེན་དབང་གིས་དབྱར་ཟླ་བ་གསུམ་གནས་པར་མི་ནུས་ན་ཟླ་བ་གཅིག་གམ་ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། མདོ་རྩ་བར། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །ཞེས་སོ། །ཡང་གསོ་སྦྱོང་གཉིས་སོགས་མ་སོང་བ་དང་ཉ་སྟོང་མ་ཡིན་པའི་དུས་སུའང་དམག་འཁྲུགས་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་ཐམས་ཅད་གྱེས་དགོས་ན། དགེ་སློང་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཕྱག་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་


GTN005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགག་དབྱེ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡང་དགག་དབྱེ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱི་ཡི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཞེས་པ་ནས། ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་པའི་བར་གསུམ་དང་། ཐབས་ལེགས་བྱའོ། །དགེ་འདུན་ཐམས་ཅད་མི་འགྱེས་པར་གང་ཟག་འགའ་ཞིག་རྐྱེན་དབང་གིས་འགྲོ་དགོས་ནའང་རང་གི་མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ཞིག་གི་དྲུང་དུ་ཆོ་ག་འདི་བྱར་རུང་བ་ཡིན་ནོ། །དེ་ནི་ཚོགས་ཀྱི་དགག་དབྱེའོ། །ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བ་ལས་མཚམས་གཞན་གྱི་གཙུག་ལག་ཁང་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་དོ། །ཡང་དགག་དབྱེ་གང་དུ་བྱ་བའི་གནས་དེ་ན་དགེ་སློང་བཞི་ལས་མེད་ན། དགག་དབྱེ་བྱེད་པ་པོ་བསྐོས་མི་རུང་བས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་གོང་ལྟར་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བརྗོད་རེས་ཀྱིས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་མ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། རང་གཅིག་པུ་ཡིན་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །དེ་ནི་དགག་དབྱེ་བྱིན་གྱིས་བརླབ་པའི་ཆོ་གའོ། །


GTN005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་འགྲོ་ལ་ཕན་བདེ་ཡི། །འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །གཞིར་གྱུར་ལྷག་པ་ཚུལ་ཁྲིམས་ཀྱི། །སྙིང་པོ་དག་ཅིང་སྤེལ་བའི་ཕྱིར། །གཞི་གསུམ་ཆོ་ག་ཐར་གླིང་དུ། །བགྲོད་པའི་གྲུ་ཆེན་བཟང་པོ་འདི། །གཉོས་བཙུན་དྷརྨ་ཤྲཱིས་བསྡེབས། །བསྟན་དང་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་མགོན་བླ་མ་མཆོག་གི་བཀའ་སྩལ་མ་ཆོག་པར་བརྟེན་དགེ་སློང་རྨོངས་པ་དྷརྨས་རབ་མྱོས་ཀྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཨོ་རྒྱན་དཔལ་འབྱོར་རོ། །ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་རྩོམ་པ་པོ་རང་ཉིད་ཀྱིས་དབྲི་བསྣན་ཅུང་ཟད་བགྱིས་སོ། །རྒྱལ་བསྟན་གཞི་མ་སོ་ཐར་འདུལ་ཁྲིམས་མཆོག །བསྟན་ལ་འཇུག་འདོད་རྣམས་ཀྱི་ཉམས་བཞེས་ཕྱིར། །བསྟན་པའི་གསལ་བྱེད་གཞི་གསུམ་ཆོ་གའི་སར། །ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནས་བསྐྲུན། །སརྦ་མངྒལཾ། །དགེའོ། །དགེའོ། །དགེའོ། །༼འགྱུར་མེད་མཐུ་སྟོབ་རྣམ་རྒྱལ་དཔལ་བཟང་པོས། མཆན།༽ རུང་ཆུ་བྱིན་རླབས་ནི། བསྟན་པ་རིན་པོ་ཆེ་སོགས་ནས། རུང་ཆུ་བྱིན་རླབས་ཀྱི་ཆོ་ག་ལ་


GTN005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཏད་པར་ཞུ། དབྱར་བདག་པས། ཆོས་བཞིན་འདུལ་བ་སོགས། གནས་བརྟན་བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བས། སྨན་ཐུན་ཚོད་རུང་བ་འདི་དག་བདག་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་བརྗོད། ཐབས་ལེགས་བྱ། ཆོས་བཞིན་སོགས། བསྟན་པ་རིན་པོ་ཆེ་ནས་སོགས། བཀའ་དྲིན་ཆེ་ལགས། ༈ མར་ངོའི་གསོ་སྦྱོང་བཅུ་བཞི་པའི་དུས། ༢ མར་ངོ་། ཧོར་ཟླ་བཅུ་པ། དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༤ མར་ངོ་། ཧོར་ཟླ་བཅུ་གཅིག་པ། དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༦ མར་ངོ་། ཧོར་ཟླ་བཅུ་གཉིས་པ། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༨ མར་ངོ་། ཧོར་ཟླ་དང་པོ། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །


GTN005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༡༠ མར་ངོ་། ཧོར་ཟླ་གཉིས་པ། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༡༢ མར་ངོ་། ཧོར་ཟླ་གསུམ་པ། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༡༤ མར་ངོ་། ཧོར་ཟླ་བཞི་པ། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༡༦ མར་ངོ་། ཧོར་ཟླ་ལྔ་པ། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༡༨ མར་ངོ་། ཧོར་ཟླ་དྲུག་པ། དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༢༠ མར་ངོ་། ཧོར་ཟླ་བདུན་པ། དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །


GTN005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༢༢ མར་ངོ་། ཧོར་ཟླ་བརྒྱད་པ། སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༢༤ མར་ངོ་། ཧོར་ཟླ་དགུ་པ། སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༈ ཡར་ངོའི་གསོ་སྦྱོང་བཅོ་ལྔ་པའི་དུས་ནི། ༣ ཡར་ངོ་། ཧོར་ཟླ་བཅུ་གཅིག་པ། དགུན་སྟོད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༥ ཡར་ངོ་། ཧོར་ཟླ་བཅུ་གཉིས་པ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ། །༧ ཡར་ངོ་། ཧོར་ཟླ་དང་པོ། དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༩ ཡར་ངོ་། ཧོར་ཟླ་གཉིས་པ། དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ།


GTN005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་མ་ལུས་སོ། །༡༡ ཡར་ངོ་། ཧོར་ཟླ་གསུམ་པ། དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༡༣ ཡར་ངོ་། ཧོར་ཟླ་བཞི་པ། དཔྱིད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ། །༡༥ ཡར་ངོ་། ཧོར་ཟླ་ལྔ་པ། སོས་ཀ་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༡༧ ཡར་ངོ་། ཧོར་ཟླ་དྲུག་པ། སོ་ཀ་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ། །༡༩ ཡར་ངོ་། ཧོར་ཟླ་བདུན་པ། དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༢༡ ཡར་ངོ་། ཧོར་ཟླ་བརྒྱད་པ། དབྱར་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ།


GTN005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་མ་ལུས་སོ། །༢༣ ཡར་ངོ་། ཧོར་ཟླ་དགུ་པ། སྟོན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༢༥ ཡར་ངོ་། ཧོར་ཟླ་བཅུ་པ། སྟོན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ། །ཟླ་ཤོལ་ཡོད་པའི་ཚེ་དཔེར་ན་ཟླ་བ་བཅུ་གཅིག་པ་གཉིས་བརྩེགས་ལྟ་བུ་ལ། དེའི་མར་ངོར་དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཤོལ་དང་བཅས་པའི་ཟླ་བ་ཕྱེད་དང་གཉིས་ནི་ཞེས་པ་ལྟར་ཐམས་ཅད་འགྲེ་ཤེས་པར་བྱའོ། །སརྦ་མངྒལཾ།


previousདགག་དབྱེའི་གཞི།next