Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཉེར་མཁོ་སྣ་ཚོགས་བཏུས་པ་ལས།
  
  
  
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousཉེར་མཁོ་སྣ་ཚོགས་བཏུས་པ་ལས།next

ཉེར་མཁོ་སྣ་ཚོགས་བཏུས་པ་ལས།


GTN005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉེར་མཁོ་སྣ་ཚོགས་བཏུས་པ་ལས། ནང་ཉམས་ལེན་གྱི་སྐོར་ལ། ཡང་སྒོམ་ཕྱོགས་ཀྱི་སྐབས་གསལ་བ་ཞེས་པའི་དོན་ནི། ཐོག་མར་འགྲོ་བ་སེམས་ཅན་ཐམས་ཅད་འཁྲུལ་པར་ཤར་ནས་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཡང་། ཡེ་དོན་གྱི་ཀུན་གཞི་ལས་གསལ་ཆའི་སྣང་བ་ཤར་བ་ལ་རང་མདངས་ཡིན་པར་མ་ཤེས་པས་ཡུལ་དུ་བཟུང་ཞིང་རང་གཞན་ཐ་དད་དུ་འཛིན་པའི་དབང་གིས་འཁྲུལ་པ་ཡིན་ཚུལ་སོགས་ཀྱི་ཞིབ་ཆ་རྣམས་ཕྱག་རྫོགས་ཀྱི་གཞིའི་གྲོལ་འཁྲུལ་བཤད་པའི་སྐབས་དག་ལས་འབྱུང་བ་ལྟར་ཡིན་ལ། ད་ལྟ་ལམ་ཉམས་སུ་ལེན་དུས་སེམས་ཉིད་ངོ་བོ་སྟོང་པ་ངོས་བཟུང་བྲལ་བའི་རང་མདངས་གསལ་བ་འགག་མེད་ཀྱི་ཆ་ལས་ཕྱི་ནང་གི་འཆར་སྒོ་མཐའ་དག་སྣང་བ་འདི་ཡིན་ཏེ། ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཡུལ་དུ་གྱུར་པ་ཐམས་ཅད་གསལ་བའི་ཆར་མ་གྱུར་པ་གཅིག་ཀྱང་མེད་མོད། ནང་གི་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་འགྱུ་ཚོར་ཆགས་སྡང་ཐམས་ཅད་ཀྱང་གསལ་བར་མ་གྱུར་པ་ཅི་ཡང་མེད་ལ། ལར་ཕྱི་ནང་གི་དངོས་པོ་མཐའ་དག་མ་ལུས་པ་རྣམས་རང་སེམས་ཀྱི་གསལ་ཆའི་


GTN005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྒོ་ཁོ་ན་ཡིན་པ་འདི་ལ་གསལ་བ་ཟེར། འདི་མེད་ན་ང་འཁོར་བར་འཁྱམས་འཁྲུལ་དང་ཐུགས་དམ་ཉམས་ལེན་བྱ་རྒྱུ་བྱེད་མཁན་བྱས་འབྲས་ཐམས་ཅད་མི་འབྱུང་བར་སྟོང་པ་ཕྱང་ཆད་དང་། ཆད་པ་མཐར་ལྷུང་བ་ཞིག་ལས་མི་ཡོང་། དེའི་ཕྱིར་ན་ཐེག་པ་གོང་འོག་གི་ཉམས་ལེན་ཀུན་དང་། ཁྱད་པར་སྒོམ་ཕྱོགས་ཀྱི་སྐབས་འདིར་གསལ་ཆ་ལམ་དུས་ཁྱེར་བཤད་པ་ཡིན་ལ། ལྷག་པར་དེང་སང་གི་སྒོམ་ཆེན་ལ་ལ་ཞིག་གིས་བླ་མ་མཚན་ལྡན་དང་། གདམས་ངག་ཟོལ་མེད་ཀྱིས་མ་ཟིན་པའི་སྐྱོན་དབང་གིས། སེམས་གསལ་ཆའི་འཆར་སྒོ་ཐམས་ཅད་སྒོམ་དུ་མི་འདོད་པར་ནན་གྱིས་བཀག་ནས་མི་རྟོག་པ་ཞིག་ཁོ་ན་དགོས་པར་འདོད་མཁན་མང་དུ་གདའ་བས། དེ་ལྟར་བྱས་ན་ཞི་གནས་འགོག་པར་འགྱུར་ཚེ་ཕྱག་རྫོགས་སུ་གཏན་ནས་མི་འགྲོ་ལ། བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་མཐར་ཐུག་འབྲས་བུ་མངོན་འགྱུར་གྱི་ཚེ་ཡང་། མཁྱེན་བརྩེ་མཛད་ཕྲིན་ཐུགས་རྗེ་ཐམས་ཅད་ཀྱང་གསལ་བ་འདིའི་མཐུ་འབྲས་ཡིན་པས། ད་ལྟ་ལམ་གྱི་དུས་སུ་འདི་བཀག་ན་མཐར་འབྲས་བུའི་དུས་སུ་མཁྱེན་བརྩེ་སོགས་ག་ནས་འོང་། དེ་ཕྱིར་ཉམས་ལེན་གྱི་རྩ་བ་གསལ་བ་ལམ་ཁྱེར་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན་པ་དང་། ལམ་དུ་ཁྱེར་ཚུལ་གང་ཞེ་ན། རྣམ་རྟོག་དང་ཚོགས་དྲུག་སོགས་གང་སྣང་ཅིར་ཤར་ཐམས་ཅད་ལ་ཨ་འཐས་རྗེས་འབྲངས་ཀྱང་མི་བྱེད། དགག་བྱ་མི་དགག །གཉེན་པོ་དང་ཁ་བསྒྱུར་སོགས་གཞན་གང་ཡང་མི་བྱ་བར། རང་རིག་ཁོ་ནས་ཟིན་ཙམ་རང་སར་གློད། གང་དགར་


GTN005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱུར། གང་འགྲོར་བཏང་། ཇི་ལྟར་ཤར་ཡང་ཐ་མལ་ཤེས་པ་སོ་མ་འདི་ཀ་ལས་མ་འདས་ཚེ། བཟང་ངན་གྱི་ཞེན་འཛིན་དགག་བསྒྲུབ་མི་བྱེད་པར་འདི་གཅིག་པུས་ཆོག་པ་ལ་རང་རིག་རང་གསལ་གྱི་ཉམས་ལེན་ཟེར། འགག་བསྡུ་ན། ད་ལྟའི་རྣམ་རྟོག་གི་འགྱུ་དྲན་འདི་ཀ་ལ་གསལ་བ་ཟེར་བ་ཡིན། འདི་ཀ་རང་ལ་རང་གིས་རིག་ཙམ་དྲན་ཙམ་བྱེད་མཁན་དེ་ལ་དྲན་པ་ཡང་ཟེར། རང་རིག་ཀྱང་ཟེར། མཉམ་བཞག་ཀྱང་ཟེར། ལྷག་མཐོང་ཡང་ཟེར་བ་སྟེ་ཆོས་ལུགས་ཐམས་ཅད་ཀྱི་དགོངས་པ་མཐུན་པར་སྒོམ་ཉམས་སུ་ལེན་རྒྱུ་འདི་རང་གིས་ཆོག་པ་ཡིན་པས་འདི་ལས་ལྷག་པའི་སྒོམ་གནས་ཆའམ་བདེ་གསལ་མི་རྟོག་སོགས་དང་ཅི་ལྟ་བུ་བསྒྲུབས་ཀྱང་བཅོས་མ་ཁོ་ན་ཡིན་ཚེ། མ་བཅོས་ཐ་མལ་ཤེས་པ་བཟོ་མེད་དུ་མི་འགྲོ་ཞིང་སྒོམ་སྐྱོན་མེད་དུ་མི་འགྱུར་བས། དེས་ན་གནད་འདི་གཅིག་པུ་ལ་ངེས་འདྲོངས་ཐག་ཆོད་ཅིག་དགོས་ཤིང་། ཡང་གསལ་སྟོང་དབྱེར་མེད་ཅེས་པའི་གསལ་བ་གོང་བཤད་དེ་ལ། སྟོང་པ་ནི། འཁོར་འདས་ཀྱི་འཆར་སྒོ་ཅིར་སྣང་གི་གསལ་ཆ་དེ་ཐམས་ཅད་ཀྱི་ངོ་བོ་ནི་རང་སེམས་ཁོ་ན་ལས་མ་འདས་ལ། སེམས་ཁོ་རང་ཁ་དོག་དབྱིབས་མཚན་མ་མ་གྲུབ་པའི་སྟོང་པ་ཉིད་དང་། དེ་གཉིས་ཀྱང་དོན་ལ་ཐ་མི་དད་པར་སྟོང་པའི་རང་མདངས་གསལ་བ། གསལ་བའི་ངོ་བོ་སྟོང་པ་ཡིན་པ་ལ་དབྱེར་མེད་ཅེས་བྱའོ། །


GTN005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་ནི། ཁ་དོག་དབྱིབས་ཀྱི་སྣང་ཚུལ་གང་དང་གང་ལྟར་འཆར་བ་མཐའ་དག་ལ། སྣང་བ་ཞེས་བྱ་ལ། དེ་དག་ཇི་ལྟར་སྣང་ཡང་སེམས་ཀྱི་མདངས་ལས་གཞན་པའི་དངོས་པོ་བདེན་པར་གྲུབ་པ་གཏན་ནས་མ་ཡིན་ཕྱིར་ངོ་བོ་སྟོང་པ་སྟེ་དེ་གཉིས་དབྱེར་མེད་ལ། ཡང་མཚོན་བྱེད་དཔེའི་བླ་མ་དངོས་སུ་སྣང་བ་འདི་སྣང་ཆའམ་གསལ་ཆའི་བྱེ་བྲག་ཡིན། དེས་ངོ་སྤྲད་ནས་རང་སེམས་རང་ངོ་རིག་པ་ནི་མཚོན་བྱ་དོན་གྱི་བླ་མ་སྟེ། གཉིས་ཀའང་དབྱེར་མེད་དུ་རྟོགས་དགོས་ལ། སྣང་སྲིད་འཁོར་འདས་ཀུན་རང་སེམས་ཀྱི་རོལ་རྩལ། དེ་དག་གི་རང་བཞིན་སྟོང་པ། སྟོང་པའི་ངང་ཚུལ་རིག་ཅིང་རྟོགས་པ་རིག་སྟོང་དབྱེར་མེད། ཚོར་བ་བདེ་བའི་རིག་གང་ཤར་ཐམས་ཅད་ནི། སྡུག་བསྔལ་ཟུག་རྔུ་མེད་པས་བདེ་བ་ཞེས་ཟེར་ལ། བདེ་བ་ཤར་མཁན་ནམ་ཚོར་མཁན་ནི་སེམས་ཁོ་རང་། བདེ་བ་དེ་ཉིད་དངོས་པོ་བདེན་གྲུབ་མེད་པའི་སེམས་ཀྱི་གསལ་ཆའི་བྱེ་བྲག་ཡིན་པ་ལས་གཞན་པའི་དངོས་པོ་གང་ཡང་མིན་ཕྱིར་བདེ་སྟོང་དབྱེར་མེད། ལྷ་དང་དཀྱིལ་འཁོར་སྔགས་དང་འོད་ཟེར་སྤྲོ་བསྡུ་སོགས་མཐའ་དག་ཀྱང་དོན་དམ་པར་སྒོམ་མཁན་བསྒོམ་རྒྱུ་སྒོམ་པ་སོགས་སེམས་ལས་གཞན་མེད་པས། སེམས་ཀྱི་ངོ་བོ་སྟོང་པ་རྫོགས་རིམ། གསལ་ཆ་ལྷར་སྣང་བ་བསྐྱེད་རིམ། དེ་གཉིས་སེམས་གཅིག་པུར་ཚང་ཕྱིར་བསྐྱེད་རྫོགས་དབྱེར་མེད་ཡིན་ནོ། །


GTN005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྙིང་རྗེ་ནི། སེམས་ཀྱི་ངོ་བོ་སྤྲོས་བྲལ་སྟོང་ཉིད་གོང་དུ་བརྗོད་པ་བཞིན་ལས་གདངས་འགགས་མེད་ཀྱི་འཆར་ཚུལ་ཙམ་དུ་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་བཅོས་མིན་རང་ཤུགས་སུ་འཆར་བ་དང་། ཤར་ཡང་ཤར་མཁན་དང་འཆར་རྒྱུ་འཆར་བའི་ཡུལ་སོགས་མཐའ་དག་རང་རིག་གཅིག་པུ་ཉིད་ཡིན་པའི་ཚུལ་རྟོགས་པ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡིན་ཏེ། འདི་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཡང་ཟེར་ལ། ཆོས་སྤྱི་ཁྱབ་ལྟར་ན། འདི་ལ་ཡང་ཆོས་ལ་དམིགས་པའི་སྙིང་རྗེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་རྒྱས་པར་མང་མོད་ཀྱང་། འདིར་ནི་བདག་དང་སེམས་ཅན་དང་སྙིང་རྗེ་ཉིད་དང་གསུམ་ཀ་རང་སེམས་གཅིག་པུར་ཐག་ཆོད་པ་ཁོ་ནས་ཆོག་གོ། བདག་གཞན་དབྱེར་མེད་ཀྱང་འདི་ཀ་ཡིན་ཏེ། བདག་དང་གཞན་དུ་སྣང་བ་ཐམས་ཅད་ནི་འཁྲུལ་རྟོག་གི་བག་ཆགས་ཡིན་ཕྱིར། སེམས་ཉིད་འོད་གསལ་སྟོང་པ་སྤྲོས་བྲལ་གྱི་རང་ངོ་ལ་བདག་གཞན་གྱི་དངོས་པོ་མ་གྲུབ་ལ། བདག་གཞན་དུ་སྣང་ཞིང་མཐོང་བ་འདི་ནི་རྨི་ལམ་གྱི་སྣང་བ་ལྟར། མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་བག་ཆགས་ཀྱི་རང་གཟུགས་ཡིན་ནོ། །ཡང་འཁྲུལ་ངོར་སྣང་ཞིང་འཆར་བ་ཐམས་ཅད་འཁོར་བའི་ཆོས་ཡིན་ལ། འཁྲུལ་པ་རང་ངོ་རིག་པའི་ཆ་ཐམས་ཅད་མྱང་འདས་ཀྱི་ཆ་ཡིན་པ་དང་། དོན་དམ་པར་ནི་འཁྲུལ་མ་འཁྲུལ་དུ་དབྱེ་བ་ཉིད་ཀྱང་ངོས་བཟུང་གི་མཚན་མ་དང་བྲལ་ཕྱིར། འཁོར་


GTN005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སེམས་སུ་ཐག་ཆོད་དགོས་ལ། དེ་ཆོད་ན་རྒྱུ་འབྲས་དགེ་སྡིག །ངན་སོང་དང་ཐར་ལམ། སེམས་ཅན་དང་སངས་རྒྱས། ཆོས་དང་ཆོས་མིན་སོགས་ཀྱི་སྤང་བླང་གི་མཚན་མ་མཐའ་དག་རང་སར་གྲོལ་བ་ཡིན།


previousཉེར་མཁོ་སྣ་ཚོགས་བཏུས་པ་ལས།next