Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ།
  
  
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousདད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ།next

དད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ།


GTN005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༼མཁས་གྲུབ་ཆེན་པོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་ལ་གདམས་པ།༽ ༈ ཐམས་ཅད་མཁྱེན་དངོས་བླ་མ་རྗེར། །གུས་འདུད་སློབ་བུ་རྣམ་རྒྱལ་ལ། །སྐྱེས་ཐོབ་སྦྱངས་པ་ཆེས་ཕྲ་ཡང་། །ཉམས་འགྱུར་མགྲིན་པའི་གླུ་འདི་སྤྲིང་། །ཐོག་མར་རྟེན་མཆོག་བསྟན་སྒོར་ཞུགས། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་བསྲུངས། །ཐོས་བསམ་སྒོམ་པས་རྒྱུད་སྨིན་སྦྱངས། །ང་རྣམ་དག་ཐུབ་པའི་རྗེས་འཇུག་ཡིན། །བར་དུ་གསང་བ་སྔགས་ལམ་སྤྱོད། །རིམ་གཉིས་རྣལ་འབྱོར་ལམ་དུ་བསླངས། །བླ་མའི་གསང་གསུམ་དམ་ཚིག་འབད། །ང་གྲུབ་ཐོབ་རྣལ་འབྱོར་ཆེ་རྒྱུད་ཡིན། །ཐ་མར་གཞི་འབྲས་དབྱེར་མེད་ཀྱི། །ཀ་དག་ཆོས་སྐུའི་རྒྱལ་ས་བཟུང་། །ལྷུན་གྲུབ་སྣང་བཞིའི་ལྟད་མོས་གཡེངས། །ང་པད་འབྱུང་བི་མའི་བརྒྱུད་འཛིན་ཡིན། །


GTN005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ང་དེ་ལྟར་ལྡན་པའི་རྣལ་འབྱོར་ལ། །ཁོང་འཁྲུལ་སྣང་ཅན་གྱིས་བསྒྱུར་དུ་མེད། །རྣམ་རྟོག་བདག་འཛིན་བྲལ་བ་ལ། །དགྲ་གཉེན་འཁྲི་བ་དབྱིངས་སུ་ཆོད། །ཁྱེད་རིམ་གཉིས་སྔགས་ཀྱི་དྲོད་ཚད་ཉུལ། །མཉམ་རྗེས་དབྱེར་མེད་འཇོག་པ་ལ། །གྲག་སྟོང་ཚིག་གི་རྗེས་དཔྱོད་པའི། །རྣམ་རྟོག་གཉེན་པོས་མ་ཐུལ་ལམ། །གང་ཤར་དྲན་པའི་རང་སོ་ལྟོས། །དེ་ངོར་དགའ་སྡུག་དབྱིངས་སུ་ཡལ། །དབྱིངས་རིག་བསྲེས་ལ་མཉམ་པར་ཞོག །འཁོར་འདས་བྱང་ཆུབ་སེམས་སུ་རྫོགས། །ང་རང་རིག་དོན་གྱི་བླ་མ་ལ། །བཤགས་པ་དེར་འཛིན་བྲལ་བས་མཛོད། །བསྟོད་པ་འདུ་འབྲལ་མེད་པར་བསྟོད། །མཆོད་པ་རྣམ་པར་མི་རྟོག་མཆོད། །བླ་སློབ་དམ་ཚིག་སྲད་བུས་སྦྲེལ། །སྐྱེ་ཀུན་འབྲལ་མེད་རྗེས་སུ་སྐྱོང་། །


GTN005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྐྱེན་ངན་ལམ་དུ་སློང་བར་གྱིས། །འགལ་རྐྱེན་གྲོགས་སུ་འཆར་བར་མཛོད། །ང་རང་རིག་བླ་མ་སྙིང་དབུས་སྒོམས། །སངས་རྒྱས་ཀུན་འདུས་ངོ་བོར་བསྐྱེད། །དབང་བཞི་རང་སེམས་བླ་མ་དང་། །དབྱེར་མེད་ངང་ལ་མཉམ་པར་ཞོག །བུ་མ་ཡེངས་རྩོལ་བས་རང་དོན་སྒྲུབས། །མཉམ་རྗེས་དབྱེར་མེད་ལྟ་བ་དང་། །རིམ་གཉིས་རྣལ་འབྱོར་ཉམས་སུ་ལོངས། །ང་དང་སྐད་ཅིག་འདུ་འབྲལ་མེད། །ང་བཅུ་ཕྲག་ཤེས་བྱའི་གནས་ལ་མཁས། །ཐེག་དང་གྲུབ་མཐའི་གནས་ཀུན་འབྱེད། །རང་རིག་འགྱུར་མེད་བཙན་ས་ཟིན། །འགྲོ་འདྲེན་ལྷག་བསམ་ཀུནྡར་འཁུ། །ཁྱོད་བླ་མར་མོས་གུས་ལྟེམ་རྐྱང་མེད། །དད་འདུན་ཡིད་སྲུབ་ཀྱིས་བསྒྱུར་ན། །ཉམས་འགྱུར་དེ་བཞིན་དག་སྣང་སྦྱོངས། །ང་པདྨོ་འདམ་གྱིས་གོས་སྐྱོན་མེད། །


GTN005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རིག་པ་ཧུར་བསྐྱེད་ནམ་མཁར་ལྟོས། །མཐོ་མི་མངོན་ཉི་མ་ཉི་ཟེར་གཉིས། །འདི་མ་བྲལ་ཁྱེད་རང་བདག་མི་འབྲལ། །ནམ་མཁར་ཕྱོགས་འཛིན་ཨེ་འདུག་སོམས། །ཉི་མར་མུན་པ་ཨེ་འདུག་སོམས། །ངེད་ཀྱི་མགུལ་ཕུར་དར་མདུད་འདི། །ཁྱེད་ལ་བར་ཆད་སྲུང་མཚོན་སྦྱིན། །རང་དོན་ལྷུན་གྱིས་གྲུབ་པ་དང་། །གཞན་དོན་མཐའ་རུ་ཕྱིན་པ་འོང་། །སྐྱེ་འདི་ཚེ་རབས་ཐམས་ཅད་དུ། །ཁྱེད་དང་བྱང་ཆུབ་མ་ཐོབ་བར། །འགྲོགས་ཤིང་མཐར་ཐུག་དབྱིངས་གཅིག་ཏུ། །དབྱེར་མེད་མངོན་འཚང་རྒྱ་བར་ཤོག །དེ་སྐད་གང་དྲན་གླུ་ངག་འདི། །ཚིག་མི་སྙན་ཡང་དོན་ལ་སྙན། །ཉམས་སུ་ལོངས་ལ་གསོལ་བ་ཐོབ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ནས།


previousདད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ།next