Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས།
  
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས།next

ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས།


GTN005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས་བཞུགས་སོ། །༼དབུ་མཛད་ཁོ་ནས།༽ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་དག་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཐམས་ཅད། རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་༼ཐམས་ཅད་ཀྱིས་༽དགོངས་སུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༼དབུ་མཛད་གཅིག་པུས་གསུང་བར།༽ ཉི་མ་ན་ཉིན་ལོ། ད་ཞག་གི་ཟླ་བ། མདང་ད་ནངས་འདི་ལ་ཤི་ཟེར་བ་རྣ་བས་ཐོས་ཚད། མིག་གིས་མཐོང་ཚད། སྔོན་ནས་སོང་བ་མེད་པ། རྒྱབ་ནས་དགེ་བའི་བསྐུལ་བ་མེད་པ། དམ་པའི་ཆོས་ཀྱི་ར་མདའ་ མེད་པ། བར་དོ་ན་ཡ་ང་བ། འཇིག་རྟེན་ན་ཡི་མུག་པ། མི་ཚེ་སྟོང་ཟད། འཁོར་བ་སྟོང་འཁྱམས། ལས་ངན་སྡིག་ཅན་རྣམས་ཀྱིས་གཙོར་བྱས་འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ།


GTN005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། སྒོས་ངན་སོང་གསུམ་གྱིས་བསྡུས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལ་སྤྱོད་པ་ཐམས་ཅད་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཐམས་ཅད་གསུང་མཆོག་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས། གནས་མཆོག་རི་བོ་ཏ་ལའི་ཞིང་ཁམས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱད་པར་དུ་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱི་ལུས་བསྐྱེད་པའི་དྲིན་ཆེན་ཕ་མ། སེམས་བསྐྱེད་པའི་རྡོ་རྗེ་སློབ་དཔོན། རྒྱུ་ཟས་ནོར་ཟོག་གསུམ་སྦྱིན་པའི་ཡོན་བདག །ཕོ་མོ་ཕུ་ནུ་རུས་ཐོབ་ཀྱི་འབྲེལ་བ། གཞན་ཡང་ནུ་ཞོ་འཐུང་ཚད། ཤ་ཁྲག་ཟོས་ཚད། སྤུ་གོས་གྱོན་ཚད། འོག་རྟ། འགེལ་མཛོ། ཁ་ལག་གི་འབྲེལ་བ་ཐོབ་པའི་བསྔོ་དགོས་ཡིད་ལ་དྲན་ཚད། བསྔོ་ཡིག་ལག་ཏུ་བླངས་པའི་སེམས་ཅན་ཐམས་ཅད་ལས་ངན་པའི་སྒྲིབ་པ་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱུ་ཁ་ལག་གི་འབྲེལ་བའི་སེམས་ཅན་ཐམས་ཅད་ཀྱི་ཁ་ཐོག་ཏུ་མནའ་གང་བསྐྱལ། ལག་ཐོག་ཏུ་སྡིག་པ་གང་བྱས། སེར་སྣ་འཇུར་གེགས་གཡོ་སྒྱུ་གསོག་འཇོག །ཁས་ལེན་དང་དམ་ཚིག་ཉམས་པ་མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་


GTN005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་དགེ་བའི་སྡིག་པ་དང་། སྒྲིབ་པའི་ལས་བྱས་པ་ཐམས་ཅད་ཚེ་འདིའི་འགལ་རྐྱེན་དུ་མ་གྱུར། ཕྱི་མའི་ལན་ཆགས་སུ་མ་གྱུར། བར་དོར་འཁྲུལ་སྣང་དུ་མ་གྱུར་པ་སྐད་ཅིག་ཉིད་ལ་གསུང་མཆོག་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས་བྱང་ཞིང་དག་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ས་ཕྱོགས་ཡུལ་ཁམས་འདི་དག་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་ནས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་བསྐལ་པ་ལ་ལོངས་སྤྱོད་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༼དབུ་མཛད་ཁོ་ནས་འབྲེལ།༽ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །༼ཐམས་ཅད་ཀྱིས།༽ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༈ ཕ་སངས་རྒྱས་ཀུན་དངོས་སྤྱན་རས་གཟིགས། །མ་ཁམས་གསུམ་འགྲོ་བ་


GTN005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མགོན། །བུ་འདིར་ཚོགས་ཀུན་གྱི་སྐྱབས་དང་གཉེན། །རྗེ་མཐོང་ཐོས་གྲོལ་བྱེད་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ལར་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ལས་རླུང་ནག་འཚུབ་མ་ཤུགས་རེ་ཆེ། །རྐྱེན་ནད་དང་གདོན་གྱི་རྦ་རླབས་འཁྲུགས། །བུ་ཐར་འདོད་ཡོད་ན་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། དུས་ད་ལྟ་དལ་འབྱོར་མི་ལུས་ཐོབ། །ཆོས་དགེ་བ་སྒྲུབ་ན་རང་དབང་ཡོད། །འདི་རྙེད་པ་དཀའ་ལ་འཇིག་པ་སླ། །ད་ནམ་འཆི་མི་ཤེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། གནས་གང་དུ་འདུག་ཀྱང་འཆི་བ་འོང་། །གྲོགས་སུ་དང་འགྲོགས་ཀྱང་གཤོལ་ ཐབས་མེད། །ཚེ་དུས་ལ་བབ་ན་ཕན་པ་མེད། །ཤི་རྒས་གཞོན་མ་ངེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ལས་དགེ་སྟོབས་ཆེ་བ་མཐོ་རིས་འགྲོ། །ལས་སྡིག་སྟོབས་ཆེ་བ་ངན་སོང་འགྲོ། །ལས་དགེ་སྡིག་འདྲེས་མ་བར་དོ་འཁྱམས། །ལས་དེ་འདྲ་བསམ་ན་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཆོས་གསུང་མཆོག་ཡི་གེ་དྲུག་མ་འདི། །ཡར་མཐོ་རིས་ཐར་པའི་ལམ་སྐས་ཡིན། །མར་ན་རག་དམྱལ་བའི་སྒོ་འདན་ཡིན། །བར་སྲིད་པ་བར་དོའི་སྐྱེལ་མ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་གསོན་པོ་རྣམས་ཀྱི་རིམ་གྲོ་ཡིན། །ཁོང་གཤིན་པོ་རྣམས་ཀྱི་འགྲོ་


GTN005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བརྫང་ཡིན། །ཚེ་འདི་ཕྱི་གཉིས་ཀྱི་གྲོགས་པོ་ཡིན། །བློ་གཏད་ན་མི་བསླུ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ནམ་འཆི་བའི་དུས་སུ་གཅིག་པུ་འགྲོ། །གཉེན་ཉེ་འབྲེལ་བརྩེ་གདུང་ཆེ་བར་ བསྐྱུར། །ཟོག་བསགས་པ་ཕངས་སེམས་ཆེ་ཡང་ལུས། །རང་གར་སྐྱེ་མི་ཤེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། མི་ཤི་བའི་ར་མདའ་ལྷ་ཆོས་ཡིན། །ཆོས་ཤི་གསོན་མ་དགོས་ཐུན་མོང་ཡིན། །ལྷ་བླ་མ་སེར་སྐྱ་ཕོ་མོ་ཚོགས། །མི་འདི་ཚོགས་ཀུན་གྱིས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐར་པའི་ལམ་སྟོན་བླ་མ་དཀོན་མཆོག་གསུམ། །ཐར་པའི་དེད་དཔོན་འཕགས་པ་སྤྱན་རས་གཟིགས། །ཐར་ལམ་མཆོག་གྱུར་གསུང་མཆོག་ཡིག་དྲུག་ཡིན། །ཐར་འདོད་ཀུན་གྱིས་ཡི་གེ་དྲུག་མ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །འགག་པ་མེད་པ་ ཡི་གེ་དྲུག་མའི་སྒྲ། །རེ་དོགས་མེད་པ་ཐུགས་རྗེ་ཆེན་པོའི་ཐུགས། །བཀའ་དྲིན་རྒྱུན་ཆད་མེད་པར་གསོལ་བར་ཐོབ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། འདིར་ཚོགས་སྐལ་ལྡན་ཕོ་མོ་ཐམས་ཅད་ཀྱི། །ཤི་བ་མཐོང་ཐོས་དྲན་རེག་ བསྔོ་དགོས་དང་། །བདག་ལ་འབྲེལ་བ་ཐོགས་པའི་སེམས་ཅན་རྣམས། །ཕྱིར་མི་ལྡོག་པའི་ས་ལ་འགོད་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།


GTN005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཆེན་ཕ་མའི་གཙོ་བྱས་སེམས་ཅན་རྣམས། །འབྲུ་དྲུག་སྙིང་པོས་ལམ་ སྣ་འདྲེན་པར་ཤོག །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །ན་རཀ་དམྱལ་བ་མི་ཟད་སྟོང་པར་ཤོག །ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །ཆོས་འཁོར་དྲི་མེད་འདི་ ཡིས་བྱིན་རླབས་ཀྱིས། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཡོངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ས་ཆུ་མེ་རླུང་འབྱུང་བཞིའི་སྒྲ་རྣམས་ཀུན། །རིགས་ལྔ་ཡེ་ཤེས་ལྔ་ཡི་འོད་ཀློང་དུ། །ཆོས་སྐུ་སྟོང་གསལ་རང་སྒྲ་ངོ་ཤེས་ནས། །ཡི་གེ་དྲུག་མའི་སྒྲ་རུ་འགྱུར་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། སྦྱིན་བདག་ཕོ་མོ་གཙོ་བྱས་མཁའ་ཁྱབ་རྣམས། །དམིགས་མེད་རབ་འབྱམས་རྒྱལ་བའི་ཞིང་ཁམས་ནས། །འགག་མེད་གསུང་དབྱངས་ཡིག་དྲུག་བརྒྱ་ཕྲག་གཅིག །ཐུགས་རྗེ་རྩོལ་མེད་ངང་ནས་འདྲེན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ། །དེ་ལྟར་ཡི་གེ་དྲུག་མའི་སྒྲ་དབྱངས་ཅི་ནུས་གསོལ་བ་བཏབ་ན་གནས་སྐབས་དང་མཐར་ཐུག་གི་གཏན་བདེ་བླ་ན་མེད་པ་འགྲུབ་པར་སྨོས་ཅི་དགོས། ༼ཕ་སངས་རྒྱས་ཀུན་དངོས་མན་ཆད་རྣམས།༽མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་བས་སོ། །


previousཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས།next