Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ།
  
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousགསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ།next

གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ།


GTN005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་འཇག་ཟུག་མ་ལས་གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ་བཞུགས་སོ། །ཨ་སྭཱ་སྟི། ན་མོ་གུ་ར་ཝེ། གདོད་ནས་སྤྲོས་ཀུན་ཞི་ཡང་སྤྲོས་ཚུལ་གྱིས། །སྐྱེ་སོགས་རོལ་པས་གདུལ་བྱ་རྗེས་འཛིན་པའི། །དྲིན་ཅན་བླ་མ་སྤྱན་རས་གཟིགས་དབང་དངོས། །རྟག་པར་གང་གི་ཐུགས་རྗེའི་རྒྱུན་གྱིས་སྐྱོངས། །འཆི་ཁའི་ཟབ་ལམ་འཕོ་བའི་གདམས་པ་གང་། །གདུལ་བྱར་སྤེལ་ཆེད་མཚམས་སྦྱོར་ཉུང་བསྡུས་འདི། །གང་གསུངས་ཇི་བཞིན་ཟིན་ཐོར་བདག་གིས་སྤེལ། གནང་བར་སྩོལ་ཅིག་དཔལ་ལྡན་བླ་མ་རྗེ། །དེ་ལ་འཕོ་བ་འཇག་ཟུག་མའི་གདམས་པའི་སྒོ་ནས་གསོན་འཕོ་བྱ་བ་ནི། བླ་མས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོ་


GTN005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བའི་གདམས་པ་ཉམས་སུ་ལེན་སྙམ་དུ་སེམས་བསྐྱེད་རྒྱ་ཆེན་པོར་གསལ་བཏབ་སྟེ་གསན་འཚལ། དེ་ཡང་རང་ཅག་ཐམས་ཅད་ད་ལྟའི་སྐབས་འདིར་དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་རིན་པོ་ཆེ་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་བ་འདི་འདྲ་བ་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ལུང་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་རེ། །མི་ཡི་ལུས་ནི་ཚོགས་རྙེད་མ་ཡིན་ནོ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་སོགས་དེ་ལྟ་བུའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་རྙེད་པས་མི་ཆོག་སྟེ། མྱུར་བར་དམ་པའི་ཆོས་ལ་ཉམས་ལེན་དྲག་པོ་མ་བྱས་ཕྱིན། བར་ཆད་ཀྱི་ཆོས་མང་པོ་དང་ལྡན་ཞིང་། ཁྱད་པར་འཆི་བདག་གི་ཞགས་པས་དོ་དགུང་ཙམ་དུའང་མི་གནོད་པའི་ངེས་པ་མེད་དེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་དང་། མི་རྟག་པའི་ཚོམ་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །


GTN005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །ཆུ་བུར་རྡོལ་འདྲ་ཡིད་བརྟན་མི་རུང་བས། །རང་གི་ལུས་འདི་ངེས་པར་འཆི་བ་སོམས། །ཞེས་པ་ལྟར། སྐྱེས་པའི་མཐའ་མ་འཆི་བར་ཐག་ཆོད་ན། འཆི་བ་མི་རྟག་པ་ནི་ནམ་འོང་ཆ་མེད། དེ་ཉིད་ཐོག་ཏུ་བབ་པའི་ཚེ་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་མཛའ་བཤེས་གཉེན་འདུན་གང་གིས་ཀྱང་ཕན་མི་བཏུབ་སྟེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། གང་དག་འཆི་བའི་དུས་ཀྱི་ཚེ། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་དང་། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་པས་དེ་ལྟ་བུའི་འཆི་བ་དེ་ཉིད་ཐོག་བབ་ཏུ་བྱུང་བའི་དུས་ན་སྐྱབས་དཀོན་མཆོག་གསུམ་ལ་དད་པ་བླ་ལྷག་ཏུ་བསྐྱེད། དམ་པའི་ཆོས་ལ་སྐྱབས་སུ་འགྲོ། འཕགས་པའི་དགེ་འདུན་ལ་ར་མདའ་སྦྲན་པས་བར་དོའི་འཇིགས་སྐྲག་གིས་སྡུག་བསྔལ་སོགས་ལས་གྲོལ་བར་འགྱུར་ཏེ། དེ་ཡི་དུས་སུ་དགོས་པའི་མན་ངག་ཟབ་མོའང་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་དེ། དེ་ཇི་ལྟར་དགོས་པའང་། མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས།


GTN005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་རླུང་གི་རྟར་བྱས་ནས། །སྟེང་གི་གནས་སུ་ཕྱིན་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བ་མང་། །ཞེས་འཆི་ཁའི་མན་ངག་ཟབ་མོ་འདི་དང་ལྡན་ན། རང་སེམས་སྤྱི་གཙུག་ནས་འཕོས་པས་བདེ་འགྲོར་བགྲོད་ལ། གདམས་པ་འདི་དང་མ་ལྡན་ཕྱིན། མི་ཚེ་ཆོས་ལ་གོམས་པའི་གང་ཟག་ཡིན་ཀྱང་། རང་སེམས་རླུང་དང་བསྡོངས་ཏེ་སྒོ་གཞན་ནས་ཐོན་ན་ངན་སོང་གི་ལམ་དུ་འགྲོ་བའང་། གོང་ལས། རྣམ་ཤེས་རླུང་གི་རྟར་བྱས་ནས། །འོག་གི་ལམ་དུ་ཕྱིན་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་གནས་སུ་ལྟུང་བ་མང་། །ཞེས་སོ། །དེ་ལྟ་བུའི་འཕོ་བ་དེ་ལའང་རྣམ་གྲངས་མང་དུ་ཡོད་པ་ལས་གདམས་པ་འདི་ནི། རྗེ་བཙུན་མར་པས། བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས་ལམ་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་ན། ཆོས་སྐྱོང་བའི་རྒྱལ་


GTN005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བོད་དུ་གདན་དྲངས་ནས་བསམ་ཡས་བཞེངས་པའི་སྐབས་ཤིག་ན། རྒྱལ་པོའི་བློན་པོ་ཉི་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ཞིག་ཡོད་པ་ལ། ཕོ་བྲང་གཉིས་འདུག་པ་ལས། རྒྱུ་རྫས་ཉེར་མཁོ་བཙལ་ཆེད། ནུབ་གཅིག་མེ་སྒྲོན་ཐོགས་ཏེ། བློན་པོ་རང་ཕོ་བྲང་གཅིག་ཤོས་སུ་སོང་བ་ན་སྒྲོན་མེ་ལས་མེ་སྟག་ཆད་པས་ཁང་པ་འབར་ཏེ། རང་གི་བླ་མཆོད་ཅིག་དང་། བློན་པོ་ཉིད་ཀྱི་ཕ་མས་གཙོས་ཕོ་མོ་སུམ་ཅུ་ཙམ་མེས་ཚིག་ཅིང་། མཛོ་རྟ་དྲེའུ་ཁྱི་ཕག་སོགས་མང་དུ་ཚེ་ཡི་དུས་བྱས་པས། བློན་པོ་མྱ་ངན་གྱིས་ནོན་པའི་གདུང་བ་སེལ་ཕྱིར། རྒྱལ་པོས་སློབ་དཔོན་ལ་བློན་པོ་གྲོལ་བའི་གདམས་ངག་ཞུས་པས། སློབ་དཔོན་ཆེན་པོ་དར་ཅིག་དགོངས་པར་བཞུགས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་ཀྱི་མདུན་དུ་བྱོན་ཏེ། མ་བསྒོམས་པར་འཚང་རྒྱ་བ་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཞུས་ཏེ། བློན་པོ་ཉི་མ་ལ་གདམས་པ་བསྟན་པས། བློན་པོ་ཉི་མས་གདམས་པའི་ཡོན་དུ་གསེར་ཉི་མ་ལྟར་འོད་འབར་བའི་ས་ལེ་སྦྲམ་ཅིག་དང་། དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བ་ཞིག་མཎྜལ་གྱི་སྟེང་དུ་བཞག་སྟེ། རིན་པོ་ཆེའི་ཕྱེ་མ་ལེགས་པར་སྤུངས་པ་ཕུལ་ནས། བློན་པོས་གདམས་ངག་ནན་ཏན་དུ་བསྒོམས་པས་ཞག་བདུན་ན་འཕོ་བ་འབྱོངས་ཞིང་དྲོད་ཚད་བརྙེས་ནས་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་སྔར་མེས་ཚིག་པ་ཐམས་ཅད་ཀྱང་བློན་པོ་ཉིད་ཀྱིས་དྲངས་ཤིང་། དག་པའི་ཞིང་དུ་སྐྱེས་སོ། །


GTN005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ལུང་བསྟན་དང་རྗེས་སུ་གདམས་ པ་དོན་ཡོད་པར་བྱ་བའི་ཕྱིར། གུ་རུ་ཉིད་ཀྱི་ཕྱག་གཡོན་པ་སྲིན་མཛུབ་ལས་རྨ་བཏོལ་ཏེ། སྐུ་མཚལ་ཕྱུང་ཞིང་། མཚོ་རྒྱལ་གྱིས་དབུ་སྐྲ་ཉག་གཅིག་གིས་ཤིང་ཏ་ལའི་ལོ་མ་ལ་གདམས་པ་འདི་ཉིད་བྲིས་ཏེ། མ་འོངས་སྙིགས་མའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་ཀྱིས་སྔར་ཆོས་ཡོན་དུ་གསེར་ཉི་མ་ལྟ་བུ་དང་དངུལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ལས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་ཏེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་གྱིས་མཚམས་སྦྱར་ཏེ། གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་དུ་གཅིག་བཅུག་ནས། ཆུ་དར་སྔོན་པོས་སྒྲིལ་བཅུག །ཨོ་རྒྱན་ཡབ་ཡུམ་གྱི་ཕྱག་རྒྱས་སྤྲས་ཏེ་རྫོགས་སངས་རྒྱས་པའི་ལུང་བསྟན་པའི་རི་བོ་ཤཱནྟི་ཞེས་བྱ་བར་འབོད་པ། དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་དབུས་སུ་ཕ་ཝོང་རུས་སྦལ་དང་འདྲ་བར་གཏེར་དུ་སྦས་ཏེ། ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་ལ་བསྐོས་པར། ཕྱིས་དུས་འདིར་བློན་པོའི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བས་མཚོ་དབུས་ནས་གདམས་པ་འདི་ཉིད་སྤྱན་དྲངས་ཏེ་མཚོར་གནས་པའི་ཀླུ་རྣམས་ལ་བསྟན་པས། ཀླུ་ཐམས་ཅད་བདེན་པ་མཐོང་ཕྱིར་མི་ལྡོག་པ་ལ་བཀོད། མཚོ་དེར་གནས་པའི་ཉ་སྲམ་སོགས་སྲོག་ཆགས་ཕལ་པ་རྣམས་ཀྱང་ཕྱིར་མི་ཟློག་པའི་ས་ལ་བཀོད་དོ། །དེ་ལྟར་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས། མཚུངས་མེད་ནམ་མཁའ་རྒྱལ་


GTN005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། དེས་རྟོགས་ལྡན་སངྒ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ། དེས་འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ། དེས་སྔགས་འཆང་པདྨ་དབང་དྲག་ལ། དེས་ཐུགས་ཆེན་ཀརྨ་ཆགས་མེད་ལ། དེས་གྲུབ་ཐོབ་པདྨ་རིག་འཛིན་ལ། དེས་རབ་འབྱམས་བསྟན་པའི་རྒྱལ་མཚན་ལ། དེས་གྲུབ་ཆེན་པདྨ་དབང་ཕྱུག་ལ། དེས་རྗེ་བླ་མ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ། དེས་བདག་གི་འདྲེན་མཆོག་དམ་པ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་དོན་གྱི་སླད་དུ་མཚན་ནས་སྨོས་ན༧པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་ལ་སྩལ་པ་སྟེ། དེ་ལྟར་གོང་སྨོས་ཀྱི་དམ་པ་དེ་རྣམས་ཀྱང་གྲུབ་ཐོབ་གོང་མས་འོག་མ་བྱིན་གྱིས་བརླབ་ནུས་པ་ཤ་སྟག །སྟེང་ ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །འོག་ན་རྡོ་རྗེའི་ཟམ་མ་ཆད་པའི་སྙན་བརྒྱུད་ཟབ་མོ་ལས་བྱུང་བའི་གདམས་པ་དེ་ལའང་གཉིས་ཏེ། སྦྱང་བ་དང་ལས་ལ་སྦྱར་བའོ། །དང་པོ་ནི། དབེན་པའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་ལ། ཐོག་མར་ཐུན་མོང་གི་སྔོན་འགྲོས་ལམ་གྱི་རྒྱུད་སྦྱང་དགོས་པས། མདུན་གྱི་ནམ་མཁར་རང་གི་དད་མོས་གང་ལ་ཆེ་བའི་རྩ་བའི་བླ་མར། མཆོག་གསུམ་རྒྱལ་བ་སྲས་བཅས་སློབ་མའི་ཚོགས་དང་བཅས་པས་བསྐོར་ནས་བཞུགས་པར་སྒོམ་ལ་དེའི་སྤྱན་སྔར། ཁྱོད་རང་གིས་གཙོར་བྱས་མཁའ་ཁྱབ་


GTN005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་སྐྱབས་འགྲོ་དང་། མ་གྱུར་གྱི་འགྲོ་བ་ཐམས་ཅད་བྱང་ཆུབ་ཏུ་འགོད་པའི་སེམས་བསྐྱེད་དང་། ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བཤགས་སྡོམ་དྲག་པོས་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་རྫོགས་པའི་ཐབས་སུ་མཎྜལ་གྱི་རིམ་པ། བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་ཞུགས་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་རིམ་བཞིན་ཁྱོད་ལ་སྟོན་པས་ཚིག་རྗེས་སུ་དོན་དྲན་བཞིན་པས་མ་ནོར་བར་བསྒྲུབས་པར་བྱས་པས་ཐུན་མོང་གི་སྔོན་འགྲོ་རྫོགས་ལ། དངོས་གཞི་འཕོ་བའི་རིམ་པ་ནི། ཨ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ཁྱེད་རང་གི་རྡོས་བཅས་ལུས་ཀྱི་ཕུང་པོ་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་གྱི་དབུས་སུ་བམ་རོ་གན་རྐྱལ་དུ་ཕྱོགས་པའི་སྟེང་དུ། ཁྱོད་རང་གི་རིག་པའི་ངོ་བོ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བསྐུམས་ཤིང་གཡས་བརྐྱངས་པའི་གར་སྟབས་ཀྱིས་མི་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔས་དབུར་རྒྱན། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། མཆན་ཁུང་གཡོན་ན་ཁ་ཊཾ་ག་འཛིན་ཅིང་། དབུ་སྐྲ་ནག་པོ་སིལ་བུ་གྲོལ་ཞིང་མཐུར་དུ་དཔྱངས་པ།


GTN005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་ན་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་གཡས་སུ་ལྟ་ཞིང་གྱེན་དུ་ཕྱོགས་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན་མཆེ་བ་བཞི་གཙིགས་སོ། །གཅེར་བུ་གཞོན་ཚུལ་ཅན་ལང་ཚོ་དར་ལ་བབ་ཅིང་ནུར་འབུར་རྒྱས་པ། སྐུ་སྣང་སྟོང་འོད་ཀྱི་རང་བཞིན་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ལུས་དབུས་དྲང་པོ་རྩ་ཨ་བ་དྷུ་ཏི་དབུ་མར་གྲགས་པ་ཕྱི་དཀར་ལ་ནང་དམར་བ་ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ ལྟར་དྲང་བ་སྟེ་མཚན་ཉིད་བཞི་ལྡན། བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་ཕྱིར་ཤིན་ཏུ་དྲང་པོར་གནས་པ། ངན་སོང་གི་སྒོ་གཅོད་པ་མཚོན་ཕྱིར་མར་སྣེ་ཕུག་རུབ་པ། ཐར་ལམ་གྱི་སྒོ་ཕྱེ་བ་མཚོན་ཕྱིར་ཡར་སྣེ་ཚངས་བུག་ཧད་པོར་ཡོད་པ། ནང་གི་སྙིང་ཐད་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ། ཁྱོད་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་དཀར་ལ་དམར་བ། གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཞིག་འདར་ཁྲིལ་ཁྲིལ་དུ་གནས་པར་སྒོམས་ལ། སྤྱི་བོར་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུའི་དབུས་སུ་སེངྒེའི་ཁྲིའི་སྟེང་དུ་ངོ་བོ་རང་གི་དད་མོས་ཆེ་བའི་རྗེ་བཙུན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། ཆོས་གོས་ངུར་སྨྲིག་གསོལ་ཞིང་ཞབས་ཀྱི་མཐེ་བོང་གཉིས་ཀྱིས་སྤྱི་བོའི་ཚངས་པའི་བུ་ག་ཅུང་ཟད་བཀག་


GTN005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དུ་བསྟན་ཅིང་བཞུགས་པར་མོས་ལ། བརྒྱུད་པའི་བླ་མ་རྣམས་དང་རྒྱལ་བ་སྲས་དང་བཅས་པའི་ཚོགས་སྤྲིན་ཕུང་འཁྲིགས་པ་བཞིན་གང་འདུལ་བྱའི་མོས་ངོར་རྣམ་རོལ་ཅིར་ཡང་འཆར་བའི་དཔག་ཡས་བྱིན་རླབས་ཀྱི་ཕུང་པོ་གཟི་བརྗིད་མཚུངས་པ་མེད་པའི་བདག་ཉིད་དུ་བཞུགས་པས། ཁྱོད་ལ་བརྩེ་བའི་ཐུགས་ཀྱིས་དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ནས། ཁྱོད་ཀྱི་རྣམ་ཤེས་དག་པའི་ཞིང་དུ་འདྲེན་ཅིང་བཞུགས་པར་སྒོམས་ལ་སེམས་གཞན་དུ་མི་ཡེངས་མ་འཁྲུལ་བར་མོས་གུས་མཆི་མ་འཁྲུགས་པ་ཙམ་གྱིས་གདུང་ཤུགས་དྲག་པོས་བརྒྱུད་པའི་བླ་མ་ལ་གསོལ་བ་ཐོབ་ལ། བདག་གི་ཧིཀའི་སྒྲ་ཡིས་བསྐུལ་བའི་ཚེ་ན་སྙིང་གའི་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་དཔག་ཆེན་གྱི་མདའ་ལྟར་སྤྱི་བོར་ནས་རྒྱངས་ཀྱིས་ཐོན་ཏེ་སངས་རྒྱས་ཀྱི་ཞབས་ཀྱི་མཐེ་བོང་ལ་རེག་ཙམ་དང་ཀ་ཞེས་མར་ཕབ་ནས་པད་གདན་ལ་འཁོད་པའི་མོས་པ་མཛོད་ལ་ང་ཡི་རྗེས་ཟློས་དང་རམ་བུ་གྱིས་ཤིག །ཨོཾ་ཨ་ཨཱཿ ཧཱུྃ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་ གྱིས་རློབས། །ཞེས་དང་། ཨོ་རྒྱན་པདྨའི་རྗེས་སུ་ཚབ་ཏུ། གཏེར་སྟོན་ཉི་ཟླ་སངས་


GTN005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་ བ་འདེབས། །རྟོགས་ལྡན་སངྒ་བྷ་དྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ ལ་གསོལ་བ་འདེབས། །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །རྫོགས་ཆེན་པདྨ་རིག་འཛིན་ལ་གསོལ་བ་འདེབས། །རབ་འབྱམས་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །འགྱུར་ མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །གྲུབ་ཆེན་པདྨ་དབང་ཕྱུག་ལ་གསོལ་བ་འདེབས། །འགྱུར་མེད་ཀུན་བཟང་རྣམ་རྒྱལ་གསོལ་བ་འདེབས། །པདྨ་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །བཀའ་དྲིན་སུམ་ལྡན་དྲིན་ཆེན་བླ་མ་རྗེ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་ལ་གསོལ་བ་འདེབས། །ཞེས་རིམ་བཞིན་མཚན་བཅུག་ནས། ཧིཀ་ཅེས་བདུན་གསུམ་ཉེར་གཅིག་སོགས་བརྗོད་ཅིང་འཕོ་བ་མ་འབྱོང་བར་དུ་སྦྱང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་བཟུང་། །


GTN005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དེ་ལྟར་སྦྱངས་པས་རབ་དྲན་མེད་དུ་འགྲོ་བ། འབྲིང་སྤྱི་བོ་ཟ་ཞིང་སྐྲང་བ། ཐ་མ་ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་སྐྱར་ཞིང་། མཐར་ཐུན་འཇོག་ཁར་སྤྱི་བོའི་སངས་རྒྱས་འོད་དཔག་མེད། ཕྱག་མཚན་ལྷུང་བཟེད་ནས་འཆི་མེད་བདུད་རྩིའི་རྒྱུན་བབས་པས་དབུ་མའི་ནང་བརྒྱུད་ལྟེམ་གྱིས་གང། སྤྱི་གཙུག་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པར་བསམ་ལ་ཚེ་བསྙེན་བྱ། ནམ་ཞིག་རང་ཉིད་འཆི་བའི་ཚེ་ཡང་རང་གི་རྩ་བའི་བླ་མའམ་དགེ་སློང་དམ་ཚིག་དང་ལྡན་པ་དམ་སེལ་མེད་པ་ཞིག་གིས་ངོ་སྤྲོད་པའི་དུས་སུའང་གོང་གི་གདམས་པའི་གནད་རྣམས་དྲན་པར་བྱ་དགོས་ལ། ཁྱད་པར། མིག །སྣ། རྣ་བ། ཁ། ལྟེ་བ། དཔྲལ་བ། ཆུ་ལམ། བཤང་ལམ་རེའི། རིགས་དྲུག་གི་སྒོ་དགུ་ཧཱུྃ་ཡིག་དམར་པོས་ཁྲིག་གེར་བཀག་པ་དང་ཐིག་ལེ་མཐུར་དུ་བབ་པ་མེད་པར་གྱེན་དུ་རླུང་དམིགས་སེམས་གསུམ་བསྐྱལ་ཅི་ནུས་བྱས་པས་འཐུས་སོ། །དེ་ལྟར་ཟབ་ལམ་འཕོ་བའི་རིམ་པ་ལེགས་པར་ནོད་པའི་དགེ་བ་དེ་ཉིད་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་མཛོད། བསོད་ནམས་འདི་


GTN005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བྱའོ། །སྨྲས་པ། སྐྱབས་གཅིག་དྲིན་ཆེན་བསྟན་འཛིན་ཆོས་རྒྱལ་གྱི། །གསུང་གསང་ཡི་གེར་བཀོད་ཅེས་རང་གཞན་འགྲོ། །ངན་འགྲོའི་སྒོ་ཁེགས་ཐར་པའི་བཙན་ས་ཟིན། །དོན་གཉིས་འབད་མེད་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་སོ། །མངྒ་ལཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།


previousགསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ།next