Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ།
  
  
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousམར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ། next

མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ།


GTN005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་འཕྲན་བུ་བཀོད་པ་ཞེས་བྱ་བ་བཞུགས། འོ་ན་ད་ལམ་མར་མེ་སྨོན་ལམ་ལས་འཕྲོས་པའི་གཏམ་ཅུང་ཟད་ཙམ་ཞིག་ཞུ་ན། དེ་ཡང་འོ་སྐོལ་འགྲོ་བ་ལྷ་དང་བཅས་པའི་སྟོན་པ་ཀུན་མཁྱེན་རྒྱལ་བ་ཤཱཀྱ་ཐུབ་པས་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་མཛད་པས། ཉེ་བར་བསྡུ་ན། རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་སུ་འདུས། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར། རྒྱུའི་ཐེག་པ་ལས་འབྲས་བུའི་ཐེག་པ་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་སྟེ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་སྒོ་ནས་ཆོས་སྐུ་རྟོགས་པར་བྱས་ནས། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་ཁྱེར་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་ཆེན་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་


GTN005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ལ་གསང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ་ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་ཕྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་ དང་སྒྲུབ་སྡེ་གཉིས་ལས། འདིར་ལྷའི་ངོ་བོ་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དང་བརྒྱུད་པའི་བབས་སོའི་དབང་གིས་དེ་གཉིས་ཀའི་ཡང་རྩ་བར་གྱུར་པ་ཡིན། སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པ་ལས་འདི་ནི་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེ་སྟེ། ཇི་སྐད་དུ། ངོམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔


GTN005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་གཏེར་གནས་དང་འདོན་པའི་དུས་རྟགས་རྟེན་འབྲེལ་སོགས་ཇི་ལྟར་ལུང་བསྟན་པ་བཞིན་ངོམ་ཤོད་བྱིང་མདའ་གནམ་ལྕགས་བྲག་གུ་རུའི་གསང་ཕུག་གོང་མ་ནས་ཨོ་རྒྱན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ལ་སྔགས་སྲུང་རག་གདོང་མས་མངོན་སུམ་དུ་ཕུལ་བའི་ཆོས་སྐོར་ཏེ། དེ་ལྟར་ཡང་། ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་༔ དྲག་པོ་གསང་བའི་སྒྲུབ་པ་དང་༔ ཨ་ཏི་རྫོགས་ཆེན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་དང་བཅས་པ་སྤྱན་དྲངས་སོ༔ ཟབ་ཆོས་འདི་ལ་ཀུན་ལས་ངོ་མཚར་རྨད་དུ་བྱུང་བའི་ཁྱད་འཕགས་ཀྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་རྒྱུད་དང་རིག་སྔགས་ཀྱི་སྦྱོར་བ་མཐའ་དག་རྩ་བ་འདི་ལས་འཕྲོས་ཤིང་། འདིར་མ་འདུས་པའི་ལྷ་སྔགས་མེད་པར་མ་ཟད་རྣམ་པ་ཙམ་དུའང་རྣམ་འཕྲུལ་བཀོད་པའི་ཡོན་ཏན་ཚད་མེད་པས། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་རྒྱལ་བ་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །ཨོ་རྒྱན་ཆོས་རྗེ་གླིང་པ་སོགས་ཀྱི་གཏེར་ལུང་དུ་གསལ་ཤིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད། ཀུན་དགའ་བོ། ཐུ་མི་སཾ་བྷོ་ཊ། བཻ་རོ་ཙཱ་ན། ཟུར་ཆེན་དང་རོང་ཟོམ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ས་སྐྱ་པཎ་ཆེན། འགྲོ་མགོན་ཞང་ཚལ་པ་


GTN005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྟན་པ་ཡོངས་སུ་རྫོགས་པའི་མཁས་གྲུབ་འབའ་ཞིག་པའི་སྐྱེ་ཕྲེང་བཟུང་ཞིང་། སྐུ་ཚེ་དེ་ཉིད་ལ་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། མཛད་པའི་ཕྱག་རྗེས་ཕྱོགས་རེར་མ་ཡིན་པར་ཕྱོགས་སྒོར་མོ་ནས་ལྷུན་གྱིས་གྲུབ་ལ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་བརྒྱུད་སྲོལ་ཆུ་བོ་ཀུན་འདུས་ཀྱི་ཤིང་རྟ་ཆེན་པོ་ཡིན་ལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ནས། བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ། དབང་ཆེན་སྤྲུལ་པ་པདྨ་བསྟན་འཛིན། གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་རྒྱལ། དེ་ལས་གཏེར་ཆེན་ཉིད་ཀྱི་ཡང་སྲིད་ཁྲི་ཆེན་པདྨ་དབང་གི་རྒྱལ་པོ་དང་། ལྕམ་གྲུབ་པའི་དབང་མོ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ཟུང་ལ་བརྒྱུད་པ་སྟེ་མྱོས་རིགས་རྡོ་རྗེ་འཛིན་པའི་ཁྲི་བརྒྱུད་བར་མ་ཆད་པ་དང་། སྔ་མ་ལས་གཏེར་ཆེན་ཉིད་དང་ཐུགས་བརྒྱུད་གཅིག་པའི་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གསན་ཅིང་། ཕྱི་མ་ལས་གངས་ཅན་ཙམ་ན་མཁས་ཤིང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གསན་ཅིང་། རྗེ་འདིས་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཀྱིས་རྗེས་སུ་བཟུང་བ་ཐམས་ཅད་ཕྱིར་མི་ལྡོག་པ་ལ་དབུགས་ཆེན་འབྱིན་པ་རྡོར་སེམས་ཉིད་ཀྱིས་བརྡའ་སྒོ་ནས་ལུང་བསྟན་པ་བརྙེས་པ་སྟེ། དེ་ལྟ་བུའི་ཟབ་ཆོས་དེ་ཉིད་ཨོ་རྒྱན་འགྲོ་འདུལ་གཏེར་བདག་གླིང་པས་ངོམ་ཤོད་བྱིང་གི་འོད་བཀོལ་བྲག་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་པ་སྤྱན་དྲངས་ནས་སྐལ་ལྡན་གྱི་འདུལ་བྱ་དཔག་མེད་སྨིན་གྲོལ་འགོད་པར་མཛད་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་


GTN005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་རིམ་པར་བྱོན་པའི་སྟེང་ནས་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་བསྐམས། དམ་ཉམས་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་བླངས་པ་ལ། ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་སྟེ། ལཀྵི་ཞེས་པས་སྒྲ་ལས་དྲངས་ན་ཕུན་སུམ་ཚོགས་པ་སྟེ། ཕུན་སུམ་ཚོགས་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་གསུངས་པའི་ཕུན་སུམ་ཚོགས་པ་ལྔ་ལས། གནས་ཕུན་སུམ་ཚོགས་པ་ཐ་མལ་གྱི་གྲོང་ལས་རིང་ཞིང་ཡུལ་ལ་དགེ་བཅུ་སོགས་དམ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པ་རྒྱལ་བ་གོང་མས་བྱིན་གྱིས་བརླབས་པ་ཉམས་དགའ་ལ་བག་ཕེབས་ཤིང་ཏིང་འཛིན་རང་ཤུགས་རྒྱུད་ལ་སྐྱེ་བའི་ཆོས་སྡེ་ཆེན་པོ་འདི་ཉིད་དང་། དུས་ཕུན་སུམ་ཚོགས་པ་ནི་རྒྱལ་བ་ཐུབ་པའི་དབང་པོས་བྱིན་གྱིས་བརླབས་ནས་འཇིག་རྟེན་གསུམ་གྱི་སྟོན་པ་ཚད་མར་གྱུར་པའི་དུས་ཆེན་དང་། སྟོན་པ་ཕུན་སུམ་ཚོགས་པ་བདེ་གཤེགས་མྱ་ངན་མེད་དཔལ་བདག་སོགས་གདུལ་བྱའི་མགོན་དུ་རྡོ་རྗེ་སློབ་དཔོན་མཆོག་གི་རྣམ་པར་རོལ་པ་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་བདག་པོར་མངོན་པར་བཞེངས་པ་དང་། འཁོར་ཕུན་སུམ་ཚོགས་པ་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་ལ་གཞོལ་བའི་འདུས་པ་རྒྱ་མཚོ་སྤྱི་དང་རྡོ་རྗེ་རྒྱལ་ཐེབས།


GTN005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོར་དུས་འཛིན་མངག་གཞུག་སོགས་ཕྱི་ནང་གི་ལས་ཀྱི་གཉེར་འཛིན་མ་ཚང་བ་མེད་པ་དང་། སྒྲུབ་རྫས་ཕུན་སུམ་ཚོགས་པ་གསང་ཆེན་བླ་ན་མེད་པ་ནས་ཇི་ལྟར་བསྟན་པའི་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་བརྒྱན་བཀོད་སྤྱི་དང་། ཁྱད་པར་དུ་ཡང་ལུས་ཅན་གང་ཞིག་གིས་མྱོང་རེག་མཐོང་བ་ཙམ་གྱིས་ཀྱང་རྒྱུད་ལ་དགེ་བའི་ས་བོན་བླ་ན་མེད་པ་སྨིན་པས་འཁོར་བ་མཐའ་ཅན་དུ་འགྱུར་ནུས་པའི་ཕན་ཡོན་བརྗོད་ཀྱིས་མི་ལང་བའི་སྐྱེ་བདུན་རིལ་བུས་གཙོས་པ་རིག་འཛིན་བརྒྱུད་པའི་མྱོང་གྲོལ་དམ་རྫས་ཀྱི་ཕབས་རྒྱུན་ཁྱད་པར་དུ་འཕགས་པ་དུ་མ་དང་བཅས་པའི་བསྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོ་དང་བཅས་པ། གསང་བ་ཕྱིའི་ཕྱག་བཞེས་མཐའ་དག་ཚང་ལ་མ་ནོར་བ་ཞག་བདུན་ཕྲག་གི་རིང་ལེགས་པ་བསྙེན་སྒྲུབ་བསྒྲུབ་པ་ཆེན་པོའི་རིམ་པར་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ཆད་ལྷག་མེད་པར་འགྲུབ་ནས་མཐའ་རྒྱས་དོན་ཡོད་པར་བྱ་བའི་ཕྱིར། མར་མེའི་སྨོན་ལམ་བྱ་བ་ཡིན་ཏེ། ཡང་དག་གི་རྒྱུད་ལས། འབྲས་བུ་རང་བྱུང་ཡེ་ཤེས་མེ་འབར་བས། །མཐའ་དབུས་མེད་པར་གསལ་བའི་མེ་འབར་འདི། །འཁོར་བའི་མུན་ཁང་འཇོམས་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་རང་བྱུང་གི་ཡེ་ཤེས་རང་ཆས་སུ་བཞུགས་པ་ཉིད་མར་མེའི་སྣང་བ་འདི་ལྟ་བུའི་རྟེན་ཅིང་འབྲེལ་འབྱུང་གི་མཐུ་ལ་བརྟེན་ནས་མ་རིག་འཁོར་བའི་མུན་པའི་སྨག་རུམ་ཕར་མཐར་བཅོམ་སྟེ་སྐྱབས་མགོན་རྡོ་རྗེ་འཆང་གི་གསང་ཆེན་དཀྱིལ་འཁོར་ཟབ་མོ་གཅིག་ཏུ་བསྡུས་ཤིང་མར་མེ་


GTN005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་གཟིགས་པའི་རྡོ་རྗེའི་དཔོན་སློབ་འདུས་པའི་ཚོགས་མཐའ་དག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ཀྱི་བར་དུ་མི་འབྲལ་ཞིང་མར་མེ་དང་མེའི་འོད་བཞིན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གྲལ་དུ་མངོན་པར་འཚོགས་པའི་རྟེན་ཅིང་འབྲེལ་འབྱུང་དུ་མ་ཡེངས་པའི་ངང་ནས་ཚིག་རྗེས་སུ་དོན་དགོངས་པའི་སྨོན་ལམ་འདི་ཉིད་ཀྱི་རྗེས་ཟློས་གནང་བར་ཞུ། ཕྱག་གསུམ་འཚལ་ནས། རྩེ་ཞྭ་གསོལ་ནས། དབྱངས་འཐེན་ནོ།། །།དབོན་སྦྲུལ་པས་སོ་མཆན་།


previousམར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ། next