Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་།
  
  
  
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་།next

ཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་།


GTN005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་བཤད་པ་བཻ་ཌཱུརྱའི་མེ་ལོང་བཞུགས་སོ། །ཨ་སྭ་སྟི། གདོད་ནས་འགྲོ་ལ་རྗེས་བརྩེའི་ཐུགས། །སྙིང་རྗེས་གཞན་དབང་ལ་འཆོར་བས། །གཟོད་སྐྱེ་མཆོག་གི་སྤྲུལ་པའི་གར། །དྲིན་ཆེན་བླ་མར་ཤར་ལ་འདུད། །རང་གི་སེམས་ཉིད་འཕྲོ་འདུ་ལ། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གི ། སྤྲོ་བསྡུས་ལྷ་ཡི་གསང་གསུམ་དང་། །སྒོ་གསུམ་མཉམ་པར་སྦྱོར་བའི་ཐབས། །བསྐྱེད་རིམ་ལྷ་ཡི་གཞལ་ཡས་ཁང་། །མཚོན་ཚུལ་གླེང་བ་མདོ་ཙམ་འཆད། །དེ་ལ་ཇི་སྐད་དུ། ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་རྒྱས། །ཞེས་པའི་


GTN005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་དོན་སྨིན་ཁམས་ཕྱོགས་འདིར་སྔར་ནས་ད་བར་ཞི་ཁྲོ་དགོངས་པ་རང་གྲོལ་གཤིན་གསོན་གང་གི་དོན་ལ་ཡང་། འགྲོ་དོན་དབྱར་ཆུ་ལྟར་རྒྱས་པ་ལ་བླ་མ་གོང་མའི་བཞེད་ཚུལ་དུ་མ་ཞིག་ཡོད་ཚོད་ཀྱང་། ཞེ་རྫོགས་རྣམས་ཀཿ ཐོག་ཕྱག་བཞེས་སྟག་བླ་ན་རིམ་འདི་ལ་ཁུངས་བཅོལ་བ། གྲུབ་དབང་རྫོགས་ཆེན་པ་སྐུ་འཕྲེང་གཉིས་པའི་གསུང་གསང་བླ་མ་ངག་དབང་པདྨའི་དྲིས་ལན་དུ་གསལ་བ་དེ་བཞིན་ཡིན་པས། ལས་བྱང་ཆེ་བར་ཞི་ཁྲོ་གཉིས་ཀ་གཞལ་ཡས་ཁང་བསྐྱེད་ཆོག་ལྷན་སྟོན་མཛད་ཅིང་། བསྒོམ་སྐབས་ཀྱང་རྡོར་སེམས་ལུས་དཀྱིལ། བག་ཆགས་རང་གྲོལ་འདི་སྙིང་པོ་ཡང་ཞུན་ལྟ་བུ་ཡིན་པས། དེའི་དངོས་བསྟན་གྱིས་མཚོན་ནས། བདག་མདུན་གཉིས་ཆར་ཞི་དཀྱིལ་འོག་དང་ཁྲོ་དཀྱིལ་སྟེང་དུ་རེག་ལ་མ་འབྱར་བ། དཔེར་ན་སྐར་མ་དང་འོད་བཞིན་སྣང་ལ་རང་བཞིན་མ་གྲུབ་པར་བསྒོམ་དགོས་ཏེ། རྩ་ཤེར་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པས་མི་འགལ་བའི་གནད་ཀྱང་ཤེས་པར་བྱ་ཞིང་། དཀྱིལ་ཐང་བཀྲམ་སྐབས་འོག་གི་ཞི་བ་སྤྱི་འགྲེ་ལ་ལྷ་གནས་བཀོད། དེ་སྟེང་སྟེགས་ཀྱི་ཁར་ཁྲོ་བོ་ལྷ་གནས་ཁོ་ན་བཀོད་པའི་འཐུས་རྒྱུ་བདག་གི་བླ་མ་ཐམས་ཅད་མཁྱེན་པ་ཀཿཐོག་པཎྜི་ཏ་དང་། གྲུབ་དབང་རྒྱལ་ཚབ་རིན་པོ་ཆེས་གསུངས། སྐབས་འདིར་བསྐྱེད་རིམ་རྣམ་བཤད་དང་། བློས་བསླང་གི་ཐིག་རྩ་སོགས་ལ་གོ་བ་ཆགས་པའི་དབང་དུ་བྱས་ནས། སྲུང་བའི་གུར་རྡོ་རྗེ། རིན་ཆེན། པདྨ་རྒྱ་གྲམ། འཁོར་ལོ། མེ་རིའི་གུར་དབུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་


GTN005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྟེང་དུ་མེ་རི་རྡོ་རྭ་དུར་ཁྲོད་པད་དྲྭ་སོགས་གསལ་བཏབ་པ་དེ་ནང་དུ། གཞལ་ཡས་ཁང་གི་དགོས་ཆོས་ཙམ་སྨོས་ན་ཐོག་མར་ཞི་དཀྱིལ་འཆད་པ་ལ་དོན་ཚན་བཅུ་གཅིག་སྟེ། གཞལ་ཡས་ཁང་གཞི་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་ལྡན་གྱི་རྣམ་ པ་སྟེ། །ཞེས་སློབ་དཔོན་བི་མ་མི་ཏྲས་བཞེད་པས། དང་པོ་འོག་གཞིའི་རྒྱ་ཁྱོན་བློས་ཚད་དམིགས་སུ་མེད་པར་བདལ་བའི་རང་ བཞིན་ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོགས། བྱ་གྲུབ་སྟེ་ཡེ་ཤེས་ལྔ་མཚོན་པའི་བརྡའ་རྟགས་རྣམ་པ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པར་གསལ་བའི་ཞི་རྒྱས་དབང་དྲག་ལས་བཞིའི་རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་ཅན་གང་རུང་གི་ཆོས་ཉིད་འགྱུར་མེད་མཚོན་པའི་བརྡ་དོན་ཡིན་ལ། དྲྭ་བཅུ་གཉིས་ཀྱིས། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ་རྟེན་འབྲེལ་བཅུ་གཉིས་དག་པའི་བརྡའ་རྟགས་སོ། །གཉིས་པ་རྒྱུ་ནི། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་ བྱའི་རེ་བ་སྐོང་བའི་རྟགས་སུ་རིན་ཆེན་འོད་འབར་བ་ལས་གྲུབ་པའི་གཞལ་ཡས་ཁང་རིན་ཆེན་ལྔའི་རྩིགས་པ་ནང་ནས་རིམ་པར་མཐིང་དཀར་སེར་དམར་ལྗང་བའི་ཕྱི་ནང་ལྔ་སྦྲགས་ཅན་བསྒོམས་པས། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་མཚོན་ཞིང་། ཆོས་ཀྱི་དབྱིངས་ཀུན་ཏུ་མི་


GTN005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་མེད་པའི་བརྡ། གསུམ་པ་རྒྱ་ཚད་ནི། ཆོས་ཀྱི་དབྱིངས་ལ་རྒྱ་ཚད་མེད་པའི་བརྡ་རྟགས་སུ་གཞལ་ཡས་ཁང་། དེའི་ཚད་ཕྱོགས་བཅུ་ཐམས་ཅད་རྒྱ་ཡོངས་སུ་མ་ཆད་པའོ། །བཞི་པ་དབྱིབས་ནི། རང་བྱུང་གི་ཡེ་ཤེས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཟད་པར་ཟིལ་གནོན་སོགས་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་དེའི་བརྡ་རྟགས་ཀྱི་ཕྱག་རྒྱ་དབྱིབས་གྲུ་བཞི་པར་གྱུར་པ་སྟེ། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་བ་མི་མངའ་བ། གསུང་ལ་ཅ་ཅོ་མི་མངའ་བ། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ། ཐུགས་མཉམ་པར་མ་གཞག་པ་མི་མངའ་བ། འཁོར་འདས་ལ་བླང་དོར་མི་མངའ་བ་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བས་སྤྱོད་པ་མ་འདྲེས་པ་སྟེ་མི་མངའ་བ་དྲུག །ཆོས་སྟོན་པའི་འདུན་པ་གདུལ་བྱའི་བསམ་པ་གྲུབ་པའི་བརྩོན་འགྲུས། མི་བརྗེད་པའི་དྲན་པ། ཏིང་ངེ་འཛིན། ཤེས་རབ། སྤང་བྱ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལ་ཉམ་མི་ང་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཏེ་ཕྲིན་ལས་མ་འདྲེས་པ་གསུམ། འདས་དང་། མ་འོངས། ད་ལྟ་གསུམ་ལ་མ་ཆགས་མ་ཐོགས་པ་གཉིས་རེ་ཕྱེ་བས་ཡེ་ཤེས་གཟིགས་པ་སྟེ་བཅོ་བརྒྱད་དོ། །ཟད་པར་བཅུ་ནི། ས་ཆུ་མེ་རླུང་སྔོན་པོ་སེར་པོ་དམར་པོ་དཀར་པོ་ནམ་མཁའ་རྣམ་པར་ཤེས་པ་སྟེ་ནང་གི་ཁམས་དང་སྐྱེ་མཆེད་ལ་རང་དབང་ཐོབ་པས་ནུས་པ་


GTN005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཏེ་ཆུ་ལ་མི་ནུབ་པ་སོགས་ཡོན་ཏན་བཅུའོ། །ཟིལ་གནོན་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་ཟིལ་གྱིས་གནོན་པ་གཉིས་ནང་ཐུག་པར་མོས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པོ་སེར་པོ་དམར་པོ་དཀར་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཟེར་བཞི་འགྱེད་པས་བརྒྱད་དོ། །ལྔ་བ་གློ་འབུར་ནི། གྲུ་ཆད་ལས་ཕྱི་འཕྱར་བའི་རིན་པོ་ཆེའི་གློ་འབུར། རྡོ་རྗེ་ རིན་ཆེན་པདྨ་ལས་ཏེ་རིགས་བཞིའི་ཁ་དོག་ཅན་གྱིས་མཛེས་པ་སྟེ། ཡེ་ཤེས་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་བརྡ་རྟགས་ཏེ། མེ་ལོང་གི་མེ་ལོང་། མེ་ལོང་གི་མཉམ་ཉིད། མེ་ལོང་གི་སོར་རྟོག །མེ་ལོང་གི་བྱ་གྲུབ། མཉམ་ཉིད་ཀྱི་མེ་ལོང་། མཉམ་ཉིད་ཀྱི་མཉམ་ཉིད། མཉམ་ཉིད་ཀྱི་སོར་རྟོག །མཉམ་ཉིད་ཀྱི་བྱ་གྲུབ། སོར་རྟོག་གི་མེ་ལོང་། སོར་རྟོག་གི་མཉམ་ཉིད། སོར་རྟོག་གི་སོར་རྟོག །སོར་རྟོག་གི་བྱ་གྲུབ། བྱ་གྲུབ་ཀྱི་མེ་ལོང་། བྱ་གྲུབ་ཀྱི་མཉམ་ཉིད། བྱ་གྲུབ་ཀྱི་སོར་རྟོག །བྱ་གྲུབ་ཀྱི་བྱ་གྲུབ་དང་བཅུ་དྲུག་གོ །དྲུག་པ་རྩེ་མོ་ནི། སྒྱུ་འཕྲུལ་ཞི་ཁྲོ་ལྟར། གཞལ་ཡས་ཁང་དེའི་རྩེ་མོ་བུམ་པ་ ཟླུམ་པོའི་རྣམ་པར་འཁྱིལ་བ་ནི། ཐུགས་རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཅུར་དུས་བཞིའི་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་སྣང་བའི་ཕྱིར་རང་བཞིན་སོ་སོ་མ་ཡིན་ཞིང་། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་ཀློང་དུ་འཁྱིལ་བ་མཚོན་པའི་བརྡའ་རྟགས་སམ། ཡང་ན་


GTN005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་བུམ་པ་བསྒོམ་མིན་གང་ལྟར་ཡང་། ཕྱུར་བུ་ཞེས་པའི་དོན་མཐོངས་དཀའི་ཟུར་བཞིར་ཀ་བའམ་ཤིང་བརྩེགས་ཀྱི་བཀོད་པས་བཏེགས་པའི་རྒྱ་ཕིབས་བཀལ་བའི་རྩེ་མོར་ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ་ཕོ་འཁོར་མོ་འཁོར་མཆོད་རྟེན་ཏོག་ལྟ་བུ་སྟེ། འདིའི་ཀ་བ་བཞིས་ཆོས་སོ་སོར་ཡང་དག་པར་རིག་པ། དོན་སོ་སོར་ཡང་དག་པར་རིག་པ། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ། སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞི་མཚོན་པའི་བརྡ་རྟགས་ཡིན་ཞིང་། ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་ཆར་ཁེབས་བསྐྱོན་ཞིང་། ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པའི་བརྡའ་རྟགས་དབུས་ཕྱུར་བུ་རིན་པོ་ཆེའི་ཏོག་གིས་མཚོན་པའོ། །བདུན་པ་རྒྱན་གྱི་རྣམ་གྲངས་ལ་བདུན་ལས། དང་པོ་འོག་གཞིའི་རྒྱན་སྔར་ བཤད་འཁོར་ལོའམ་རྡོ་རྗེ་རྒྱ་གྲམ་དེ་ཡིན། གཉིས་པ་ལོགས་རྒྱན་ལ་གཉིས་ཡོད་པའི་རིན་པོ་ཆེའི་རྒྱན་ནི། རྩིགས་པ། ཕ་གུ། དྲ་བ། དྲྭ་ཕྱེད། ཤར་བུ། པུ་ཤུ། མདའ་ཡབ་རྣམས་ཏེ། དེ་ཡང་ཕ་གུ། བྲེ་ཕུལ། སྣམ་བུ། ཤར་བུ། མདའ་ཡབ་ཕྱུར་བུ་ལྔ་ནི། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་སྟོབས་ལྔ་མཚོན་པའི་བརྡའ་རྟགས། རིན་པོ་ཆེའི་དྲ་བ་དྲྭ་ཕྱེད་མེ་ཏོག་གི་ཕྲེང་བ། དར་དཔྱངས། མེ་ལོང་། ཟླ་གཟུགས། རྔ་ཡབ་སྟེ་བདུན་ནི། དྲན་པ། ཏིང་འཛིན། དད་པ། བརྩོན་འགྲུས། བཏང་སྙོམས། དགའ་བ། ཤིན་སྦྱངས་ཏེ།


GTN005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཡན་ལག་བདུན་མཚོན་པའི་བརྡའ་དོན། ཀ་བ་བརྒྱད་ནི། ཡང་དག་པའི་ལྟ་བ། རྟོག་པ། ངག །ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་མཚོན་པའི་བརྡའ་རྟགས། རྣམ་ཐར་བརྒྱད་མཚོན་པའི་ཀ་ཞུ་སྟེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར། རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར། འགོག་པའི་རྣམ་པར་ཐར་བ་དང་བརྒྱད་དོ། །གདུང་མ་བཞི་ནི་མི་འཇིགས་པ་བཞི་སྟེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་མི་འཇིགས། ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས། བར་གཅོད་བདུད་ལ་མི་འཇིགས། ངེས་འབྱུང་བར་གཅོད་པ་ལ་མི་འཇིགས་པའོ། །ནང་གི་ཕྱམ་ཉེར་བརྒྱད་ནི། སྟོང་ཉིད་བཅོ་བརྒྱད་དང་ཕར་ཕྱིན་བཅུ་སྟེ། དང་པོ་སྟོང་ཉིད་ནི། ནང་སྟོང་པ་ཉིད། ཕྱི་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད། ཆེན་པོ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད། དངོས་པོ་མེད་པའི་སྟོང་པ་ཉིད། ངོ་བོ་སྟོང་པ་ཉིད། དངོས་པོ་མེད་


GTN005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཕར་ཕྱིན་བཅུ་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་སོ། །ཐོག་ས་རིན་པོ་ཆེ་གཅལ་དུ་བཀྲམ་པ་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན། གདུགས་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབས་པ། བ་དན་ནི་སྙིང་རྗེ་ཆེན་པོ། །འོད་ཟེར་ཀུན་ཏུ་འཕྲོ་བ་ནི་སྐུ་གསུང་ཐུགས་མི་འཛད་པ་རྒྱན་གྱི་འཁོར་ལོ། །ཕྱི་ནང་མེད་པ་ཀུན་ཏུ་དྭངས་གསལ་མི་སྒྲིབ་པར་སྣང་བ་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པ་ཤེལ་གྱི་སྦུ་གུར་རིན་པོ་ཆེ་བཅུག་པ་ལྟ་བུའོ། །རྒྱལ་མཚན་ལ་མི་ནུབ་རྒྱལ་མཚན་བཅུ་འབྱུང་བ། རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན། གདུལ་བྱ་ཤྭ་བའི་རྒྱལ་མཚན། རྩལ་ཆེན་སེངྒེའི་རྒྱལ་མཚན། དཔལ་གཏུམ་སྟག་གི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། གཏུམ་པོ་དོམ་གྱི་རྒྱལ་མཚན། གཟི་མདངས་མིའི་རྒྱལ་མཚན། དམར་གསལ་རིན་ཆེན་སྦྲུལ་གྱི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། སྤྲུལ་སྐུ་རྡོ་རྗེའི་རྒྱལ་མཚན་རྣམས་སོ། །གཞན་ཡང་ཐུགས་རྗེ་དང་སྤྲུལ་པའི་ཕྲིན་ལས་རྒྱུན་མི་འཆད་པའི་རྟགས་སུ་འཕྲེང་བ། ཀུན་རྫོབ་དང་། དོན་དམ་བདེན་པ་དབྱེར་མི་ཕྱེད་པའི་བརྡའ་རྟགས་ཆུན་འཕྱང་། ཐབས་སྣ་ཚོགས་མ་འདྲེས་ཡོངས་རྫོགས་རྟགས་དོན་ཤར་བུའི་རྒྱན་ཞེས་བཤད་པ་ཡང་ཡོད་དོ། །


GTN005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་གྱི་རྒྱན་ནི། རྩིགས་པའི་ཕྱི་འགྲམ་རྨང་ན། ལུས། ཚོར་བ། སེམས། ཆོས་ཀྱི་དྲན་པ་ཉེ་བར་བཞག་པ་བཞི་མཚོན་པའི་བརྡའ་རྟགས་འདོད་སྣམ་དམར་པོའི་སྟེགས་བུས་བསྐོར་བ་དེའི་སྟེང་དུ་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་། སྒྲ་ཡི་ལྷ་མོ་དམར་མོ་པི་ཝཾ། དྲི་ཡི་ལྷ་མོ་སྔོན་མོ་དུང་ཆོས། རོ་ཡི་ལྷ་མོ་སེར་མོ་མཁར་གཞོང་ཟས་ཀྱིས་བཀང་བ། རེག་བྱའི་ལྷ་མོ་དཀར་མོ་ལྷ་ཡི་ན་བཟའ་པཉྩ་ལི་ཀ་ཐོགས་པ་སྟེ། གཞན་ཡང་མཆོད་པའི་ལྷ་མོ་བཅུ་དྲུག་སོགས་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་ལྟར་འཁྲིགས་པས། བསྒོམ་པའི་དབང་དུ་ན། རྩིགས་པ་ལྔ་ཡི་ཕྱི། དམར་པོའི་སྟེང་ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབ་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པའི་དཀྱིལ་འཁོར་ལྷ་ཚོགས་དགྱེས་པར་བྱེད་ཅེས་རྒྱལ་བ་གཡུང་སྟོན་པས་བཞེད་དོ། །གསུམ་པ་སྟེང་རྒྱན་སྔར་བཤད་ཕྱུར་བུ་དེའོ། །བཞི་པ་སྒོ་དང་རྟ་བབས་ཀྱི་རྒྱན་ནི་འོག་ཏུ་འཆད། ལྔ་པ་ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་གཡོན་གཉིས་ན་ཤིང་ཏ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་དག་གསེར་གྱི་ཐི་གུས་སྦྲེལ་བ་ལ་དྲིལ་ཆུང་གི་སྒྲ་སྒྲོགས་པ་སོགས་ཡིན་ཏེ། རྔམས་གློག་ལས། སྒོ་དྲུང་དེ་དག་རེ་རེ་ན། །ཏ་ལའི་ལྗོན་ཤིང་ཅོང་ཅོང་སྦྲེལ། །དྲི་དང་གཟུགས་དང་འོད་དང་ལྡན། །ཏ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོགས། །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་


GTN005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ལ། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཅེས་གསུངས་སོ། །དྲུག་པ་ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་པ་བཞི་སྟེ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་མཚོན་པའི་གྲུ་ཆད་དང་བར་ཁྱམས་སོ། །བདུན་པ་བདག་པོའི་རྒྱན་ནི། ལྷ་བཞི་བཅུ་རྩ་གཉིས་སོ། །བརྒྱད་པ་སྒོ་ཁྱུད་ནི། དངོས་པོ་དང་མཚན་འཛིན་གྱི་སྒྲིབ་པ་ལས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མཚན་མ་མེད་པ། སྨོན་པ་མེད་པ་སྟེ་ཐུན་མོང་བ་གསུམ་དང་། ཐུན་མིན་རང་བཞིན་གྱིས་འོད་གསལ་བ་སྟེ་བཞིའི་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལ་སོགས་དང་ཕུབས་ཅན་གྱིས་ཕྱོགས་བཞིར་བརྒྱན་པ་སྟེ། རྔམས་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །ཞེས་དང་། ཆོས་དོན་ལས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་གི་མ་རིག་མུན་པ་ལ། །ཡེ་ཤེས་མཐོངས་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱའོ། །ཞེས་སྒྱུ་འཕྲུལ་ཞི་ཁྲོར་འབྱུང་བའང་འདིར་མི་འཐད་པ་མེད་དོ། །དགུ་པ་རྟ་བབས་ནི་གཉིས་ཏེ། རྒྱུའི་རྟ་བབས་མཚོན་སྒོ་རྣམ་ཐར་སྒོ་ བཞིའི་སྒོ་ནས་མཚོན་བྱ་བྱང་ཆུབ་ཆེན་པོར་འཇུག་པ་ཡང་འཁོར་བ་ལས་རྣམ་པར་ཐར་པའི་ཐེག་པ་བརྒྱད་ཅེས། ཉན་ཐོས། རང་རྒྱལ་བྱང་སེམས་ཏེ་མདོ་དང་། སྔགས་ཕྱི་པ། ཀྲི་ཡཱ། ཨུ་པ། ཡོ་ག །ནང་པ་མ་ཧཱ་ཡོ་ག །ཨ་ནུ་ཡོ་ག་རྣམས་ནས་འཇུག་


GTN005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སུ་སྒོ་ཕུག་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པའི་བརྡའ་རྟགས་སོ། །འབྲས་བུ་རྟ་བབས་བརྒྱད་ནི། གོང་སྨོས་ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་པོ་མཐར་ཕྱིན་པའི་བརྡའ་རྟགས། སྒོ་ལོགས་ཀྱི་ཟུར་བཞི་ནས་འདུན་པ། འབད་པ། རྩོལ་བ། བརྩོན་འགྲུས་ཀྱི་ཡང་དག་པར་སྤོང་བ་བཞི་མཚོན་པའི་བརྡའ་རྟགས་ཀ་བ་བཞིས་བཏེགས་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། རྟ་རྐང་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པ། ཆུ་སྐྱེས་པདྨ་དམར་པོ། སྒྲོམ་གྱི་མཐའ་དང་དབུས་སུ་ཀ་ཆུང་བཞི་བཙུགས་པ་ལ་སྒྲོམ་ལེབ་ཁ་ཏོག་ཅི་མཛེས་བཙུགས་པ། ཟར་ཚགས་རིན་པོ་ཆེ་དཀར་པོའི་དྲྭ་མིག །སྣ་འཕྱང་ཕ་གུ་དང་འདྲ། ཆུན་འཕྱང་རིན་པོ་ཆེའི་དྲ་བ་དྲྭ་ཕྱེད། ཤར་བུ་སྤྱི་བླུགས་མགོ་མཐུར་བསྟན་ལྟ་བུ་གཞི་སྔོན་པོའི་སྟེང་བསྒྲིགས་པ། རྒྱ་ཕིབས་ཀྱི་བྱ་འདབ་ཕྱིར་འཕྱང་བའི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་ཆུང་བཅས། སྟེང་དུ་གསེར་ཀྱི་འཁོར་ལོ། གཡས་གཡོན་དུ་རི་དྭགས་བསེ་རུ་ཕོ་རྭ་གཅིག་དང་མོ་རྭ་མེད་ཀྱིས་བརྟེན་པའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོས་མཛེས་པའོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། རང་བྱུང་གི་ཡེ་ཤེས་ཀྱི་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་སུ་མེད་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས་གཞན་དུ་མ་དམིགས་པའི་ཕྱིར། ཡེ་ཤེས་ཀྱི་འཕྲུལ་པར་སྣང་བའི་གཞལ་ཡས་ཁང་རྒྱན་དང་


GTN005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐམས་ཅད་ཀྱང་ཤེལ་གྱི་སྦུ་གུར་རིན་པོ་ཆེའི་སྣ་ཚོགས་བཅུག་པ་ལྟར་མི་བསྒྲིབ་པར་གསལ་བའི་རང་བཞིན་ཅན་ནོ། །བཅུ་གཅིག་པ་གདན་ཁྲི་ནི་སྤྱི་ཙམ་དུ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེངྒེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུ་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་འགྲོ་བ་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་པའི་མི་འཇིགས་པ་བཞི་སྔར་སྨོས། ཉོན་མོངས་པའི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་དོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་མཁྱེན་པའི་སྟོབས། སྐྱེ་བ་མེད་པ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མི་དགེ་བ་བཅུ། ལུས་ཀྱི་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་སྤྱོད་


GTN005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ངག་གི་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི། ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་སེམས་དཔའ་དཔྱོད་པ་དྲན་པའོ། །དབང་བཅུ་ནི། སྐྱེ་བ། ཡོ་བྱད། ཚེ་ལ། ལས་ལ། ཡེ་ཤེས་ལ། མོས་པ་ལ། སེམས་ལ། རྫུ་འཕྲུལ་ལ། (ཆོས་ལ་དབང་བ།) སྨོན་ལམ་ལ་དབང་བའོ། །འཕྲིན་ལས་བཞི་སྔར་སྨོས། ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡའ་རྟགས་སུ་ཉི་ཟླའི་གདན། ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའི་གདན། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་ཏེ། དེ་དག་ཀྱང་གཙོ་བོ་དང་རིགས་ལྔ་ལ་གདན་ལྔ་བརྩེགས། སེམས་དཔའ་སུམ་བརྩེགས། ཞི་ཁྲོ་ཉི་རྐྱང་། ཐུབ་པ་པད་རྐྱང་ཡིན་པ་སྤྱི་ཙམ་མོ། །སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་ནི། གདུལ་བྱ་མ་རུངས་པ་འདུལ་བའི་ཕྱིར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་བཀོད་པ་སྟེ། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡའ་རྟགས་ཐོད་པ་སྐམ་རློན་རྙིང་གསུམ་སྤེལ་བའི་རྩིགས་པ་ཕྱི་མ་རིམ་པ་ལྔ་དང་། ནང་གསུམ་པ་ཐམས་ཅད་ཀྱང་རཀྟའི་སྤྱིན་ཐབས་སུ་སྦྱར་ཞིང་ཆོས་ཉིད་མི་འགྱུར་བའི་བརྡར་གནམ་ལྕགས་ཀྱི་གཟེར་བུས་བཏབ་པ། ལྷ་ཆེན་བརྒྱད་དེ། དབང་ཕྱུག །བརྒྱ་བྱིན། ཚངས་པ། ཁྱབ་འཇུག །ཉེ་དབང་། ཚོགས་བདག་གླང་སྣ། བྷྲ໏ངྒི་རི་ཏི། གཞོན་ནུ་གདོང་དྲུག་རྣམས། ཀུན་གཞི།


GTN005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད། ཉོན་ཡིད། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལྔ་སྟེ་རྣམ་ཤེས་ཚོགས་བརྒྱད་དག་པའི་བརྡའ་རྟགས། ཀ་བའི་ཚུལ་ཀླུ་ཆེན་པོ་བརྒྱད་དེ། མཐའ་ཡས། ནོར་རྒྱས། འཇོག་པོ། སྟོབས་རྒྱུ། པདྨ། པདྨ་ཆེན་པོ། དུང་སྐྱོང་། རིགས་ལྡན་རྣམས་ཡུལ་བརྒྱད་དུ་མ་རིག་པའི་འཛིན་པ་བཅོམ་པའི་བརྡའ་དོན་གདུང་མའི་ཚུལ་ལོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་དཔའ་སྟེ་ཀུན་འགྲོ་ལྔ། མོས་པ། འདུན་པ། དྲན་པ། ཏིང་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ། དད་པ། ངོ་ཚ་བ། ཁྲེལ་ཡོད་པ། བག་ཡོད་པ། བརྩོན་འགྲུས། བཏང་སྙོམས། མི་འཚེ་བ། ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པའི་དགེ་བའི་རྩ་བ་སྟེ་དགེ་བ་བཅུ་གཅིག་གོ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག །ཕྲག་དོག །སེར་སྣ། གཡོ། སྒྱུ། རྒྱག་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངེས་པ། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུ། འགྱོད་པ། གཉིད། རྟོག་པ། དཔྱོད་པ་སྟེ་གཞན་འགྱུར་བཞི་རྣམས་མཚོན་ཕྱིར་ལྷ་ཕྲན་གྱི་དྲལ་ཕྱམས་བྱས་པ། རྒྱུ་སྐར་ཉེར་བརྒྱད་དེ། བྲ་ཉེ། སྨིན་དྲུག །སྣར་མ། མགོ །ལག །ནབས་སོ། རྒྱལ། སྐག །


GTN005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །ལྷ་མཚམས། སྣྲོན། སྣྲུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར་རྣམས་འགྱུ་བྱེད་རྟོག་ཚོགས་དག་པའི་བརྡ་དོན། ཐོག་ཕུབ་ཀྱི་ཚུལ། གཟའ་བརྒྱད་དེ། (ཉི་ཟླ།) མིག་དམར། ལྷག །ཕུར། སངས། སྤེན། སྒྲ་གཅན་དུ་མཇུག་རྣམ་ཤེས་བརྒྱད་དང་ལྡན་པའི་བརྡའ། ཀ་བ་ལྟ་བུའི་ཚུལ། ཉི་མ་དང་ཟླ་བའི་མཐོངས་ཁུང་དུག་ལྔའི་མུན་པ་འཇོམས་པའི་བརྡའ་དོན། བརྩེགས་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱང་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དབྱིངས་ཡེ་གཉིས་སུ་མེད་པའི་བརྡའ་རྟགས། བྲེ་ཕུལ་གྱི་སྣམ་བུར། སྦྲུལ་སྦྲམ་དང་། ཐོད་ཕྲེང་གི་དྲ་བ་དྲྭ་ཕྱེད། རྐང་ལག་གི་ཤར་བུ་རྟ་བབས་རྣམས་ཀྱང་། སོར་མོ་དང་། ཐོད་པ། མིག །རྣ་བ། སྣ། ལྕེ། སེམས་བུ་སྟེ། དབང་པོ་ལྔ་དང་ཉི་ཟླའི་ཕྲེང་བས་སྤྲས་པ། སྒལ་ཚིགས་ཀྱི་མདའ་ཡབ། སྟེང་འོག་ཏུ་མཆོད་རྟེན་དང་དྲིལ་བུ་སོ་སོར་བརྒྱ་རྩ་བརྒྱད་རེ་བཅས། རིམ་པ་གཉིས་ཀའི་བརྩིགས་འགྲམ་འདོད་སྣམ་དང་ལྷ་ཆེན་པོའི་ཐོད་པ་སྦུབས་པའི་རྒྱ་ཕུབས་ཀྱི་སྟེང་དུ་སྣང་བ་སྣ་ཚོགས་སུ་སྣང་ཡང་རང་བྱུང་གི་ཡེ་ཤེས་ལས་གཡོ་བར་མི་ནུས་པའི་བརྡར། ཙིཏྟའི་ཏོག་གིས་མཛེས་པ། ཆོས་ཉིད་ཀྱི་དོན་ལ་བཟང་ངན་མེད་པའི་བརྡར། ཞིང་ལྤགས་ཀྱི་ཐོག་ཕུབ་པར་ཞིང་གི་འཕན་དང་། བླ་རེ། ཀ་གདན་རུས་སྦལ། ཆུ་འབབས་ཆུ་སྲིན་ཁ། ཕྱི་ནང་གི་ས་གཞི་ཐམས་ཅད་དུར་ཁྲོད་དང་ཁྲག་མཚོ་འཁྱིལ་བ་ཕྱི་རོལ་དུ་རུ་ཏྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་པའི་དུར་ཁྲོད་


GTN005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། ཕྱི་ནང་ཀུན་ཏུ་འཇིགས་པའི་མེ་འོད་དང་རླུང་ནག་འཚུབས་མ་འཁྱིལ་བར་བསྒོམས་ཤིང་། མཚོན་བྱ་མཚོན་བྱེད་ཀྱི་དག་པ་རྣམས་སོ་སོར་དྲན་པ་གལ་ཆེ་ཡང་། ལས་དང་པོ་བས་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མ་ནུས་ན། གཞལ་ཡས་ཁང་གི་ཆོས་དེ་ཐམས་ཅད་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དེ་དང་དེའི་མཚོན་བྱེད་དུ་ཤར་བ་ཡིན་ནོ་སྙམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་ཞེས་བདག་གི་བླ་མ་ཀཿ ཐོག་པཎྜི་ཏས་བཞེད། གདན་གྱི་སྐབས་སུ་སྒྱུ་འཕྲུལ་ཁྲོ་བོ་ལྟར་ན་ཞེ་སྡང་གནས་སུ་དག་པའི་བརྡའ་རྟགས་དབུས་སུ་གཏུམ་པོ་དོམ། གཏི་མུག་གནས་སུ་དག་པའི་ཤར་རྩིབས་ལ་ཁྱུ་མཆོག །ང་རྒྱལ་དག་པ་ལྷོར་མ་ཧེ། འདོད་ཆགས་དག་པ་ནུབ་ཏུ་གཟིག །ཕྲག་དོག་དག་པ་བྱང་དུ་སྟག་རྣམས་ཟུང་རེ་སྦར་བས་དྲེགས་པ་ཟིལ་གནོན་གྱི་གདན་དབུས་སུ་དབང་ཕྱུག་དང་ལྷ་ཆེན་དྲག་པོ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་སྲིན་པོ། བྱང་དུ་གནོད་སྦྱིན་རྣམས་ཕོ་ཁ་སྦུབས། མོ་གན་རྐྱལ་དུ་བསྣོལ་བའི་སོག་ཕྲག་དང་། ནུ་ཕྲག་ནས་ལས་ལ་ནན་ཏུར་དུ་བསྟན་པའི་ཕྱིར་བཟུང་བ་ཡིན། ཁྱུ་མཆོག་ངོས་འཛིན། ཉི་འོད་སེངྒེ་འགྲེལ་བར་གླང་ཁྱུ་བ་ཞེས་སྨོས། འདུལ་བ་ལུང་ལས། བ་གླང་གི་ཕྲུ་གུ་སེངྒེ་མོའི་འོ་མས་གསོས་པའི་རིགས་སུ་བཤད་ཅེས་སྨིན་གླིང་ལོ་ཆེན་རིན་པོ་ཆེས་གསུངས་སོ། །འཁོར་གྱི་གནས་ཡུལ་སྒོ་སྐྱོང་རྣམས་ལ་ཉི་མ་དང་ཞིང་གི་གདན། དབང་མོ་


GTN005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཞིང་སྐམ་པོའི་གདན་རེ་རེའོ། །ཞེས་གསུངས་ཀྱང་། འདིར་དབུས་སུ་ཆེ་མཆོག་ལ་སྟོང་པ་ཉིད་དེ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐོགས་པ་མེད་པ། མ་ཕམ་པ་ཡིན་པའི་མཚོན་བྱེད་སྲ་བརྟན་འགྱུར་མེད་བྲག་རིའི་སྟེང་ཐེག་དམན་གྱི་གཡང་ས་ལ་ཉམ་ང་མེད་པའི་དོན་རྟགས་ནམ་མཁའ་ལྡིང་བརྒྱད་ཀྱིས་ཕྱོགས་བཞི་ནས་བཏེགས་པར་རིན་པོ་ཆེའི་ཁྲི་རྐང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དབྱིངས་དོན་དམ། འབྲས་བུའི་དོན་དམ་སྟེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྲུབ་ཁྲི་རྐང་མཛོད་མིག་བདུན་ལྡན་བསྒོམས་པའི་སྟེང་ཉེས་སྐྱོན་གྱིས་མ་གོས་པའི་པདྨ། འོད་གསལ་བ་ཉིད་གདན་བྱས་རུང་འཐུས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་ཉིད་ཡིན་པའི་གནད་ཀ་དེས། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །ཞེས་སོ། །གཞུང་ཚིག་ལྟར་མཁའ་ལྡིང་གིས་བཏེགས་པའི་རིན་པོ་ཆེའི་བྲག་གི་རྣམ་པར་གདན་དེ་སྟེང་པད་ཉི་ཡིན་པ་ཞུ་ཅི་དགོས་པའི་དམིགས་པ་གང་འཚམས་བསྒྱུར་ཆོག །བུདྡྷ་ཧེ་རུ་ཀ་སོགས་ལ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲི་བཤམས་པ་ནི། དཔའ་གཏུམ་ཆེན་པོ་སྟག་གི་ཁྲི། འཇིགས་བྱེད་ཆེན་པོ་སེངྒེའི་ཁྲི། གདུག་པ་ཆེན་པོ་གཟིག་གི་ཁྲི། གཏུམ་པ་ཆེན་པོ་དོམ་གྱི་ཁྲི། སྟོབས་ཀྱི་རྒྱལ་པོ་གླང་པོའི་ཁྲི། བརྗིད་པའི་རྒྱལ་པོ་མ་ཧེའི་ཁྲི། འཇིགས་པའི་རྒྱལ་པོ་ཆུ་སྲིན་གྱི་ཁྲི། ཞེ་སྡང་རྒྱལ་པོ་སྦྲུལ་གྱི་ཁྲི་ཞེས་བཤད་པ་རྣམས་ཡིན་ལ། ཞི་ཁྲོ་གཉིས་ཆར་དགོས་ཆོས་སྒོམ་དོན་མཚུངས་པར་འཁོར་བའི་རྒྱུ་མ་རིག་གཟུང་འཛིན་གྱི་བུད་ཤིང་བསྲེགས་པའི་


GTN005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་མེ་རི་ཁ་དོག་ལྔ་ལྡན་ཞེས་ཀྱང་མི་འཇིགས་པའི་རྡོ་རྗེའི་རྭ་གུར། འཁོར་བ་མ་སྤངས་དབྱིངས་སུ་ལྷུན་གྲུབ་བརྡའ་རྟགས་དུར་ཁྲོད་ཆེན་པོ་བརྒྱད། ཤར་དུ་བསིལ་བའི་ཚལ། ལྷོར་སྐུ་ལ་རྫོགས། ནུབ་ཏུ་ལངྒ་བརྩེགས། བྱང་དུ་པདྨ་བརྩེགས་པ། ཤར་ལྷོ་ལྷུན་གྲུབ་གཏེར། ལྷོ་ནུབ་གསང་ཆེན་རོལ། ནུབ་བྱང་ཧེ་ཆེན་བདལ། བྱང་ཤར་འཇིགས་བྱེད་བརྩེགས་པ། དེ་དག་སོ་སོར་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང་བརྒྱད། ཡལ་གའི་གསེབ་ཏུ་ཞིང་སྐྱོང་བརྒྱད། ཆུ་བརྒྱད། ཀླུ་བརྒྱད། ནམ་མཁའ་ལ་ཆུ་རླུང་གི་སྤྲིན་བརྒྱད། གནས་ཀྱི་མ་མོ་བརྒྱད། རང་བྱུང་གི་མཆོད་རྟེན་བརྒྱད། དེ་ལ་སྐུ་རྒྱབ་གཏད་པའི་གྲུབ་ཆེན་བརྒྱད། རི་བོ་ཆེན་པོ་བརྒྱད། མེ་བརྒྱད། ལྷ་ཆེན་བརྒྱད་ཀྱི་རོ་བརྒྱད། རུ་ཏྲའི་སྙིང་དབུས་འགྱུར་མ་གྷ་དྷ། མགོ་བོ་ལྷོ་ཕྱོགས་སེངྒེའི་ཡུལ། ལག་གཡས་ཤར་ལྷོ་བལ་ཡུལ། ལག་གཡོན་ལྷོ་ནུབ་ས་ལིའི་ཡུལ། རྐང་གཡས་བྱང་ཤར་ལི་ཡུལ། རྐང་གཡོན་ནུབ་བྱང་ཁ་ཆེའི་ཡུལ། ཕོ་མཚན་བྱང་ཤར་ཨོ་རྒྱན་ཡུལ། ནང་རོལ་ཀུན་ནུབ་ཕྱོགས་ཟ་ཧོར་ཡུལ། གོང་གི་དུར་ཁྲོད་མིང་སྨོས་པ་དང་སྦྱར་བའི་འགྲིགས་སྐབས་འདིར་བརྒྱད་ཚན་བཅུ་གཉིས་པོ་སོ་སོར་མིང་སྨོས་པ་ཡོད་མོད། བཤད་ཚུལ་སྣ་ཚོགས་པས་མཐའ་གཅིག་ཏུ་ངོས་བཟུང་དཀའ་བས་སྤྲོས་པ་བསྐྱུངས། གཞན་ཡང་རོ་དང་། རོ་ལངས། ཅེ་སྤྱང་། མ་མོ་མཁའ་འགྲོ། འདྲེ་སྲིན་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནི། ཧེ་རུ་ཀའི་གནས་བཅུའི་རང་བཞིན། དེའི་ནང་དུ་ལྕགས་རི་འཁོར་ཡུག་གི་ཁྱམས་ཆེན་པོ་དང་། ཕྲིན་ལས་སྟོང་ཁམས་ཁྱབ་པའི་བརྡར་སྣ་ཚོགས་


GTN005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་སྟོང་བདལ་བ་རྣམས་སོ། །ཉུང་ངུའི་ཚིག་གིས་ཟབ་གསང་རྟོགས་དཀའི་གནད། །འགྲེལ་བྱེད་ལེགས་བཤད་སྐྱེས་ཀྱི་མཆོད་སྤྲིན་འདིས། །ཁྱེད་ཐུགས་དགྱེས་པ་མཆོག་གི་རྒྱུར་གྱུར་ནས། །དོན་གཉིས་དཔལ་གྱིས་འགྲོ་ཀུན་སྐྱོངས་གྱུར་ཅིག །ཅེས་ཀརྨ་གླིང་པའི་གཏེར་བྱོན་ཞི་ཁྲོའི་དཀྱིལ་འཁོར་བཤད་པ་བཻཌཱུརྱའི་མེ་ ལོང་འདི། མཁྱེན་བརྩེ་ནུས་པའི་སྣང་མཛོད་རྗེ་དབོན་བླ་མ་གྲུབ་རིག་འཛིན་པ་སྒྲུབ་མཆོག་དར་རྒྱས་ཞེས་པས་ཞི་དཀྱིལ་དང་ཁྲོ་བོའི་ལྷ་གནས་གསར་བྲི་མཛད་སྐབས་དཀྱིལ་འཁོར་གྱི་བཀོད་པ་འདི། བརྡ་དོན་རྟགས་རྣམས་དཔེ་དང་སྦྱར་ནས་གོ་སླ་བར་བྲིས་ཤིག་ཅེས་ལྷ་རྫས་བཅས་བསྐུལ་མ་གནང་བའི་དགོས་དོན་ཆེ་བར་གོ་སྟེ། ཤཱཀྱའི་དགེ་སློང་ཟེ་ཆེན་པ་ལྔ་རིག་སྨྲ་བ་སྔགས་རམས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་རང་གནས་དགོན་སྟོད་ནོར་བུ་རྩེའི་དབེན་རྫོང་བདེ་ཆེན་མངོན་དགའ་རུ་རང་ལོ་ང་བཞི་ཀུན་ལྡན་ལྕགས་བྱིའི་ས་ག་ཟླ་བ་སྔ་མའི་དམར་ཕྱོགས་རྫོགས་པ་གསུམ་པར་གང་དྲན་ར་ཐོན་ལུག་ཐོན་བཅད་རྒྱའི་ཐུན་མཚམས་སུ་བྲིས་པ་དགེ་ལེགས་དཔལ་གྱི་སྨན་ཡོན་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།


previousཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་།next