Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ།
  
  
  
 
  
 
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousབཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ།next

བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ།


GTN005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ་བཞུགས་སོ། །ན་མོ་བྷ་ག་ཝཱན་ཤྲཱི་ཧེ་རུ་ཀཱནྩ་བྷེ་ད་གུ་ར་ཝེ། །རྣལ་འབྱོར་ཆེན་པོ་སྒྲུབ་སྡེ་བཀའ་བརྒྱད་ཀྱི། །རིམ་གཉིས་མཐར་ཕྱིན་མཆོག་དངོས་འབྲས་བུ་ཐོབ། །རྒྱ་བོད་རིག་འཛིན་གྲུབ་པའི་སར་གཤེགས་དང་། །ཁྱབ་བདག་དྲིན་ཆེན་བླ་མ་གཙུག་ཏུ་མཆོད། །གསང་ཆེན་ལམ་གྱི་དངུལ་ཆུའི་སྦྱོར་བ་ཡིས། །ཐ་མལ་འགྲོ་རྒྱུད་ལྕགས་ཁམས་ཀ་ན་ཀར། །སྒྱུར་བྱེད་དབང་བཞིའི་ལམ་གྱི་ཕྱག་བཞེས་སྲོལ། །ནུབ་པར་དོགས་ཏེ་མི་བརྗེད་ཟིན་ཐོ་སྤེལ། །


GTN005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མཁས་རྣམས་ཕྱག་བཞེས་མཁའ་ལྟར་ཡངས། །བདག་བློ་ས་ཀུ་ཙི་ཡི་མིག་ལྟར་ཕྲ། །འོན་ཀྱང་མཁའ་ལྡིང་རྗེས་ཤུལ་སྦྲང་བུའི་རྩལ། །ངོམ་པའི་བློ་འདི་མ་སྤངས་ཚུལ་འདིར་བརྩོན། །ཞེས་ཤིས་པར་བརྗོད་དེ། འདིར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་བསྙེན་བསྒྲུབ་མཐར་ཕྱིན་པའི་རྡོ་རྗེ་འཛིན་པས། སྐལ་ལྡན་གྱི་སློབ་མ་དཀྱིལ་འཁོར་གཞུག་པར་འདོད་ན། སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་བསྒྲུབ་ཆེན་དང་འབྲེལ་བ་རྡུལ་ཚོན་སྟེང་ནས་སྨིན་སློབ་དང་། འདྲ་འབག་གང་རུང་གི་རྗེས་སུ་བཟུང་བ་དང་། སྤྱི་ཙམ་རས་བྲིས་དང་ཚོམ་བུ་ལ་བརྟེན་པ་ལས། འདིར་ཕྱི་མའི་ལུགས་ལྟར་འཇུག་བདེའི་ཟིན་བྲིས་ལ་ཉིན་སྔ་མའི་སྐབས་སུ་བྱེད་ན། བཤམས་དང་། སྒྲུབ་པ། དབང་དངོས། ཞར་བྱུང་འཕྲོས་དོན་དང་བཞི་ལས། དང་པོའི་རྩ་བའི་ས་བཅད་བཤམས་ལ། གནས་ཁང་ཕྱགས་བདར་སོགས་ལེགས་པར་བྱས་ལ། བླ་རེ། ཡོལ་བ་སོགས་ཀྱིས་མཛེས་པར་བརྒྱན། སློབ་དཔོན་དང་ཞལ་སྤྲོད་ཀྱིས་མཆོད་སྟེགས་བང་རིམ་ཅན་སྟེང་ཁེབས་གཞི་རས་བཅས་པར་མེ་ཏོག་བཀྲམ་པ་དང་། གཏོར་མ་ནི། བདག་བསྐྱེད་ཀྱི་གཏོར་མ་དཔལ་གཏོར་ཕོ་རྒྱུད་དམར་པོ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་དང་ཉི་ཟླ་སོགས་ཀྱིས་བརྒྱན་པ། དེ་མཚུངས་བདག་འཇུག་དབང་གཏོར་བཅས་གཉིས་ཀར་རྩེ་ཁྲོམ་ལ་རྡོ་རྗེ་དང་ཐོད་ཁྲག་གིས་མཚན་པའམ། ལྔ་རྒྱན་ཉི་ཟླ་སོགས་ནོར་བུ་


GTN005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་། སྒྲུབ་གཏོར་གཏོར་གདུགས་མཐིང་ཁྲ། བཀའ་སྲུང་དཔལ་མགོན་ཕྱག་བཞིར་དཔལ་གཏོར་ཕོ་རྒྱུད་དམར་པོ་འཁོར་རང་འདྲ་བརྒྱད་དང་། བྱང་དུ་གཟའ་ལ་གཡས་གཅུས་ཐམས་ཅད་ལ་མཐེབ་ཀྱུ་རེ་སྦྱར་བ་དང་། མཚམས་རྣམས་སུ་མཐེབ་ཀྱུ་གྲངས་མང་གིས་བཅེར་བ། གཙོ་བོར་རྩེ་ཁྲོམ་གྲི་ཐོད་ཀྱིས་མཚན་པ། གཞན་རྣམས་སྐོར་རྒྱན་གཉིས་རེ་རྒྱན་པ་གཏོར་གདུགས་མཐིང་ཀ །ཞིང་སྐྱོང་མ་མོར་གྲུ་གསུམ་རྩེ་རྒྱས་དམར་པོ་འཁོར་རང་འདྲ་བཞི། མཚམས་རྣམས་སུ་མཐེབ་ཀྱུས་གཏམས་པ། གཙོ་བོར་དཀར་རྒྱན་བཞི་སྒྲོམ། ཉི་ཟླ་མེ་ཏོག་སོགས་འཁོར་རྒྱན་གཉིས་རེས་བརྒྱན་པ་གཏོར་གདུགས་དམར་སྨུག །སྡེ་དཔོན་སུམ་ཅུར་གྲུ་གསུམ་དམར་པོ། འཁོར་རང་འདྲ་ཆེ་བ་བརྒྱད། ཆུང་བ་ཉེར་གཅིག་བཅས་མཐེབ་ཀྱུ་བཅས། གཙོ་བོར་དཀར་རྒྱན་བཞི་སྒྲོམ། ཉི་ཟླ་མེ་རི་སོགས་དང་། འཁོར་རྒྱན་གཉིས་རེ་རྒྱན་པ་གཏོར་གདུགས་དམར་པོ། ཐབས་ཤེས་ཚེ་ཡི་གའུ་ཉི་ཟླ་ཁ་སྦྱོར་གྱི་དབྱིབས་མཚོན་འོག་མ་དམར་པོ་དང་། སྟེང་མ་དཀར་པོ་བྱས་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་རྡོ་རྗེ་ཕྱེད་པ་གྱེན་ལངས་ཀྱིས་མཚན། རྩེར་ཉི་ཟླའི་ཏོག་དང་། གདན་པདྨ་འདབ་བརྒྱད་ཅན། ཚེ་ཟན་རིལ་བུ་སུམ་ཕྲེང་སྟེང་དུ་བུམ་གཟུགས་སྒྲོས་ལྡན་རྩེ་ཁྲོམ་ཧྲཱིཿཡིག་དཀར་པོས་མཚན་པ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་ནི། རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་བསྲེས་པའི་ཕྱེ། མངར་གསུམ་ཞོ་མར་གྱིས་སྦྲུས་པར་དབུས་སུ་ཟླུམ་པོ་བག་ཙམ་གྱིས་མཐོ་བ་དང་། ཕྱོགས་བཞིར་ལས་བཞིའི་དབྱིབས་མདོག་


GTN005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། རང་རྟགས་ཉི་ཟླ་མེ་རིའི་རྒྱན་ཅན་རིལ་བུས་བསྐོར་བ། མཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་། ལ་དུ། ཤིང་ཐོག་སྣ་ཚོགས། སུ་ར་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་ཀྱིས་བསྐོར་བ། བགེགས་གཏོར་དམར་ཟླུམ་མདུན་དུ་མཐེབ་རིལ། གཡས་སུ་ཏིང་ལོ། རྒྱབ་དུ་ཆང་བུའི་མགོ་གཡས་ཕྱོགས་སུ་གུག་ཙམ་བྱས་པ། དྲག་པོའི་ཞལ་ཟས་གྲུ་གསུམ་རྣོ་དབལ་ལྟོ་ཁྲ་ཅན་མིའི་མགོ་ལག་དོན་སྙིང་སོགས་ཀྱིས་བརྒྱན་པ། དབང་པོའི་མེ་ཏོག་ནི་དབུས་སུ་སྙིང་། གཡས་གཡོན་རྣ་བ། སྟེང་དུ་ལྕེ་དང་སྣ། དེའི་གཡས་གཡོན་དུ་མིག་གཉིས། སྣའི་སྟེང་དུག་གི་མེ་ཏོག་དང་ལོ་མ་ཅན་རྒྱན་གྱིས་བཀྲ་བ་གཅིག །ལིངྒ་དངོས་ཉམས་དོད་ཅིང་རིད་པ། རྒྱུན་གྱི་གཏོར་འབུལ་པད་སྣོད་དུ་གཙོ་བོ་ལེགས་ལྡན་གྱི་གཏོར་མ་གྲུ་གསུམ་དཔུང་རོང་ཅན། དེའི་གཡས་སུ་ཕྱག་བཞི་པར་གྲུ་གསུམ་རྩེ་ཟླུམ། གཡོན་དུ་མ་ནིང་ལ་གྲུ་གསུམ་དཔུང་རོང་། དེ་མདུན་དུ་ཞལ་བཞི་པར་གྲུ་གསུམ་རྩེ་ཟླུམ། དེའི་གཡས་སུ་ལྷ་ཆེན་ལ་གཏོར་མ་ཟླུམ་པོ་རིན་པོ་ཆེའི་སྙེ་མ་ལྟ་བུ་དང་། ཁྱབ་འཇུག་ལ་གྲུ་གསུམ་གཡས་གཅུས་གཉིས་མཐེབ་རིལ་གྱིས་མཚན་པ། ཞལ་བཞིའི་གཡོན་དུ་སྔགས་སྲུང་མར་གྲུ་གསུམ་དམར་པོ་གཅིག་དང་། ཞིང་སྐྱོང་མ་མོར་གྲུ་གསུམ་གཅིག །ཞལ་བཞིའི་མདུན་ནས་རིམ་བཞིན། ལས་གཤིན། སྡེ་དཔོན། ཕུར་སྲུང་། རྡོར་ལེགས། བྲག་བཙན། གནོད་སྦྱིན་ཙིའུ་དམར་པོ་རྣམས་ལ་གྲུ་གསུམ་དམར་པོ་རེ་རེ། གཙོ་བོའི་རྒྱབ་གཡས་སུ་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ལྟོ་ལྡིར་མཐེབ་རིལ་ཅན། ཞིང་སྐྱོང་སེང་གདོང་ལ་གྲུ་


GTN005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམར་པོ་སྨན་བཙུན་མར་བླ་གཏོར་མཐེལ་རིལ་ཅན་དཀར་པོ། གཏེར་བདག་ལ་གྲུ་གསུམ་དམར་པོ་གཅིག །པེ་ཧར་ལ་ཟླུམ་པོ་གཤོག་དྲུག་བཅས་པའི་མཚམས་རྣམས་སུ་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་པས་རྩེར་ཞིང་གཏོར་སྣོད་ཀྱི་ཕྱིར་མ་ཐལ་བ་སོ་སོའི་རྩེར་ཉི་ཟླ་མེ་རི་སོགས་རྒྱན་གྱིས་བཀྲ་བར་བྱ། རྒྱུན་བཞག་དང་། རྒྱུན་འབུལ་གྱི་ཆད་བསྟན་མཚུངས་པར་ཆད་ཐོའི་གཏོར་མ། གྲུ་གསུམ་ རྩེ་རྒྱས་དམར་པོའི་མདུན་དུ་མཐེབ་ཀྱུ་འཕྲེད་སྦྱར་གསུམ་ལ། དེ་རེ་རེའི་སྟེང་མཐེབ་ཀྱུ་ལངས་རེ་བཅས་དྲུག་ལོགས་གཉིས་སུ་མཐེབ་ཀྱུ་གྱེན་ལངས་རེ་རེ་བཅས་བསྡོམས་པས་སྡེ་བརྒྱད་ཀྱི་གྲངས་དང་མཉམ་པ། བསྟན་མའི་གཏོར་མ་སྣོད་གཅིག་ཏུ། དབུས་སུ་བདུད་མོ་བཞི་ལ་གྲུ་གསུམ་ནག་པོ་དེའི་གཡས་སུ་གནོད་སྦྱིན་བཞིར་གྲུ་བཞི་དམར་པོ། །གཡོན་དུ་སྨན་མོ་བཞིར་ཟླུམ་པོ་དཀར་པོ་སྟེ། སོ་སོའི་མདུན་དུ་རང་མདོག་དང་མཚུངས་པའི་མཐེབ་ཀྱུ་གསུམ་སྦྱར་བ་སྟེ་དེ་རྣམས་ནི་གཏོར་མ་བཅའ་དགོས་ཀྱི་རིགས་རྣམས་སོ། །མཆོད་སྟེགས་སྟར་དང་པོའི་དབུས་སུ་བདག་བསྐྱེད་ཀྱི་གཏོར་མ། གཡས་སུ་སྨན། གཡོན་དུ་རཀྟ། སྟར་གཉིས་པར་མདུན་བསྐྱེད་ཀྱི་གཡོན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་བྲེང་ཚར་དུ་བཀོད། དེའི་མདུན་ངོས་ཀྱི་ས་གཞི་ལ་དཀྱིལ་འཁོར་གྱི་སྟེགས་དབུས་གྲུ་བཞི་པའི་དབུས་སུ། འབྲུ་ཚོམ་གཅིག་བཀོད་པའི་སྟེང་དུ་མཉྫི་ལ་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་རིལ་ཅན། མདུན་དུ་གསེར་སྐྱེམས། མཐའ་བསྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་


GTN005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉེར་སྤྱོད་དང་བཅས་པ་གཡས་སུ་བསྐོར། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ལ། ཀ་ཏོ་ར་ལྟ་བུའི་སྣོད་སྟེགས་གང་རིགས་སུ་ཁྲོ་བཅུའི་ཕུར་པ་གདན་བཅས་གོ་རིམ་མ་འཆོལ་བ་ཐོ་བ་བཅས། དབང་མཆོག་ཕུར་པ་གདན་བཅས་གཞན་ཡང་སྤོས་ཕོར་གུ་གུལ། ཡུངས་དཀར་རྔ་རོལ་འབུད་དཀྲོལ་གྲྭ་ཚང་བཞུགས་གདན་སོགས་གང་དགོས། སློབ་དཔོན་མདུན་དུ་ཅོག་སྟེགས་ལ་གཡོན་ནས་རིམ་པར་ནང་མཆོད། རྡོ་དྲིལ། ཌ་མ་རུ། གཡབ་དར་ནས་ཟེ་སོགས་ཉིན་དང་པོར་ས་ཆོག་སྟ་གོན་བྱ་བ་དང་། ཕྱི་དྲོ་རྒྱན་འགོད་བྱས་ན་འགྲིགས་སོ། །གཉིས་པའི་རྩ་བའི་ས་བཅད་བསྒྲུབ་པ་ལ། ས་ཆོག །སྟ་གོན། རྒྱན་འགོད། དབང་བསྒྲུབ་དངོས་དང་བཞིའོ། །དང་པོ་ས་ཆོག་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་ཁྱབ་བདག་སྟོན་པ་དང་། ཡན་ལག་བརྒྱད་ པ་རྡོ་རྗེ་སློབ་དཔོན་ཚར་གསུམ། སེམས་ཅན་བདེ་སོགས་ཚད་མེད་བཞི་ཚར་གཅིག །སྨིན་གཏེར་གསུང་སྒྲུབ་ཁོག་དངོས་གྲུབ་སྙེ་མ་གསལ་བའི་མེ་ལོང་ལྟར་ཕྱག་རྒྱ་རྐྱང་བསྒྲུབ་ཀྱི་རྡོར་བཟླས་གཙོ་སྔགས་སུམ་བརྒྱ། ཡུམ་སྔགས་བརྒྱ་ཉེར་བསྡུ་བྱས། མཆོད་པར་ལས་རྡོར་ནས་ཆབ་བྲན། ཨོཾ་བཛྲ་ཨ་མྲ໏་ཏ་སོགས་ས་ལྷའི་གཏོར་མ་བསྔོ་ཞིང་གཏོར་མ་གསེར་སྐྱེམས་ཕྱིར་འབུལ། མདུན་དཀྱིལ་ཚོམ་བུ་དང་མཆོད་པ་རྣམས་བསྡུ། སློབ་དཔོན་བཞེངས་ཏེ་ཆོས་གོས་སྣམ་སྦྱར་པད་ཞྭ་བཅས་སྟེགས་བུའི་མདུན་དུ་ཁྲིའུར་བཞུགས། རྡོར་དྲིལ་བསྣམས། ལས་


GTN005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་གྱིས་དབང་མཆོག་ཕུར་བུ་སྟེགས་བུའི་དབུས་སུ་བཀོད། བདག་ཉིད་ཆེ་མཆོག་སོགས་ནས། རྟ་སྔགས་ལན་བདུན་བཟླས་ནས། ཕུར་བུ་ལས་བྱུང་བའི་སོགས་ནས། དབང་ཕུར་བསྡུ། ལག་གཡས་རྡོ་རྗེ་བཅས་སོར་མོ་ལྔ་གདེངས་ཏེ། ལག་གཡས་ཀྱི་ནས་སྭ་བྷཱའི་སྔགས་ལན་གསུམ་བརྗོད་བསྟུན་སློབ་དཔོན་ཕྱག་སོར་སྟེགས་བུ་ལ་རེག །དེ་ནས། སློབ་དཔོན་དྲིལ་འཛིན་བཅས་སྟེགས་བུའི་སྟེང་ནས་ཞལ་དཀྱིལ་འཁོར་གྱི་ཤར་དུ་ཕྱོགས་པར་བཞེངས། བདག་ཉིད་ཆེ་མཆོག་ནས། གདོན་བགེགས་འཇོམས་པར་མཆོད་དཔོན་ནས་ཕྱག་དྲིལ་ཞུ། ཐོ་ཕུར་ཕུལ། སྟངས་སྟབས་དང་བཅས་གཡས་སུ་བསྐོར་བར་བསྟུན་ཁྲོ་བཅུའི་སྔགས་ལ་གྷ་གྷའི་ལས་སྔགས་བཏགས་པ་སོ་སོའི་སྟེགས་བུའི་སྟེང་ཧཱུྃ་མཛད་ཕུར་བུ་ཤར་གྱི་ཤར་དུ་བཏབ། དེ་བཞིན་དུ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན་འཁྱིལ་བ་རྣམས་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ་ཕྱོགས་བཞིར་བཏབ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་ཐོགས་ནས་སྟངས་སྟབས་གཡོན་དུ་བསྐོར་བྱང་ཤར་དུ་བཏབ། དེ་བཞིན་དུ་འདོད་རྒྱལ་མི་གཡོ་བ། དབྱུག་སྔོན་དང་བཅས་པའི་ཕུར་བུ། ནུབ་བྱང་། ལྷོ་ནུབ། ཤར་ལྷོ་རྣམས་སུ་བཏབ་རྗེས་སྟོབས་ཆེན་ཕུར་བུ་ནུབ་ཀྱི་ནུབ་ཏུ་བཏབ་ནས་ཐོ་བ་ཞུ། ཕྱག་དྲིལ་ཕུལ། ཕྱོགས་བཅུར་ཕུར་བུ་གཏབ་པས་སོགས། སློབ་དཔོན་བྱང་ཤར་ངོས་སུ་ཕེབས། ལས་རྡོར་ཞྭ་གྱོན་གཟན་ཕབ། ལག་གཡས་ཡུངས་ཀར། གཡོན་སྤོས་ཕོར་གུ་གུལ་འཛིན། སློབ་དཔོན་དྲིལ་བསིལ་བཅས་དྲག་སྔགས་སོ་ལྔ་དང་ཧཱུྃ་བཞིའི་སྔགས་ཀྱིས་དཀྱིལ་འཁོར་


GTN005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་ཐུན་བྲབ་ནས། སྐབས་འདིར་རྒྱལ་ཐོ་དང་། དམ་སྲི་མནན་པ་སྒོ་བྱང་ཕྱི་ནང་མ་ཏྲཾ་བསྒྲལ་བ་སོགས་སྒྲུབ་ཆེན་སྐབས་ལྟར་སྤྲོས་མཛད་ཀྱང་ལེགས་ལ། གནས་སྐབས་ཟོར་ཡང་ཕྱིར་བཏང་སྙོམས་མཛད་ཀྱང་འཐུས། སློབ་དཔོན་ལྡིང་ཁྲིའི་དབུས་སུ་བཞེངས་པ་ཞལ་ཤར་དུ་ཕྱོགས། ཧཱུྃ། ཆེ་མཆོག་འཛིན་པའི་སོགས་ལས་རྡོར་གྱིས་བདུད་རྩི་ལྔ་ཆང་རྒོད་དང་སྦྱར་བའི་དྲི་ཆུའི་སྣོད་ཐོགས་ཤིང་། སློབ་དཔོན་རྡོ་དྲིལ་བཅས། མཎྜལ། ཧཱུྃ་ཞེས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་གཞིར་བྱང་ཤར་ནས་གཡས་བསྐོར་དུ་ཁྱམས་མེད་པར་འཐོར་ཤིང་བཞུགས་ཁྲིར་ཕེབས། སྣ་སེལ་སྐུ་རིམ་གནས་ཁང་གི་ཕྱོགས་བཞིར། ཤར་དུ་ཤེར་ཕྱིན། ལྷོར་སྟོབས་ཆེན། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་ཆུ་གཏོར་སཱ་ཙྪ། བཟང་སྤྱོད། ཚོགས་སྐོང་སོགས་བསོད་ནམས་བསྐྱེད་པའི་རིམ་པ་རྒྱས་པ། སློབ་མ་རྣམས་ནས་སྒྲུབ། སློབ་དཔོན་དང་ལས་རྡོར་ཡུམ་དུ་བཏགས་པས་ཐིག་སྐུད་བྱིན་རླབས་གནམ་ཐིག་ས་ཐིག་འདེབས་པ་སོགས་སྤྲོ་ན་བྱས་ཀྱང་རུང་ལ། མ་བྱས་ན་ཡང་འཐུས། མདུན་དཀྱིལ་སྟེང་དུ་རས་བྲིས་བཀྲམ། ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ་བྱ། མདོ་བྱང་དུ། འབྲིང་ནི་དལ་དེའི་སྟེང་དུ་ཕྱི་ནང་གི་མཆོད་པ་བཤམས་ལ་རས་ལ་བྲིས་པའི་དལ་ལ་བརྟེན་ཏེ་འཕྲིན་ལས་གཞུང་བཞིན་བྱའོ། །ཞེས་གསུངས་པའི་དོན། སློབ་དཔོན་གྱིས་ཞི་ཁྲོ་སྤྱི་སྔགས་བཟླ་ཞིང་། རྟེན་འབྲེལ་སྙིང་པོས་ནས་འཐོར་བ་མདོ་བྱང་དུ། ལྷ་སྟ་གོན་ལ་གནས་པའི་བསྙེན་པ་བྱེད་པ་སྟེ། ཞེས་དང་། དེ་ལྟར་སྔོན་དུ་བསྙེན་པ་ཅི་འགྲུབ་འདོན་ཞེས་སོ། །དཀྱིལ་


GTN005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡོལ་བས་བསྒྲིབས། དེའི་ཕྱི་རོལ་དུ་ཁྲུས་བུམ་རྡོར་སེམས་ཡིག་དྲུག་བཟླས་པ། བགེགས་གཏོར། མཎྜལ། སོ་ཤིང་མེ་ཏོག་གི་ཚོམ་བུ། སྐྱོར་ཆུ། ཚོན་སྐུད་སྣ་ལྔ་གསུམ་བསྒྲིལ་རྡོ་རྗེའི་མདུད་པ་ཉེར་གཅིག་གམ་གསུམ། སློབ་མའི་གྲངས་མཉམ། ཀུ་ཤ་རིང་ཐུང་རྒྱ་གྲམ་ཕོན་པོ་སོགས་སྟ་གོན་དབང་ཆས་གང་དགོས་ཚོགས་པར་བཤམས། གཉིས་པ་སྟ་གོན་ལ། སློབ་མ་འདུས། མཆིལ་ལྷམ་ཕུད། ཕྱག་དང་ཞེ་སར་བཅས་མདུན་དུ་འཁོད་པ་ལ། བླ་མས་ཁྲུས་དང་། གཏོར་མ་བསྔོ་ཞིང་བགེགས་བསྐྲད་མཚམས་བཅད་པ་སོགས་གསང་བ་སྤྱི་འགྲོས་ལྟར་མཛོད། དབང་བཤད་སྨིན་གླིང་ལོ་ཆེན་གྱིས་མཛད་པ་སྔགས་ཕྱི་ནང་དང་བཀའ་གཏེར་སོགས་དབྱེ་བ་མི་ནོར་བར། བཀའ་བརྒྱད་བཤད་པ་གསུམ་དངོས་ལ། སྟ་གོན་ཁ་བསྒྱུར་ལྟར་མཎྜལ་ཕུལ་བ་སོང་ནས། ཞི་བ་དབང་ནི་ལས་རིམ་ལའང་སྟ་གོན་བཤད་ཀྱང་དེང་སང་མདོ་བྱང་ལྟར་མཛད་པ་འཇུག་པ་བདེ་བས། དེ་ལྟར་མཎྜལ་ཕུལ་བ་སོང་ནས་བླ་མས་སྤྲོ་བ་བསྐྱེད་པའི་ཆོས་བཤད་པ་ནི་གསང་བ་སྤྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་སོགས་ནས་འདི་འབྲས་འགྲུབ། དེ་ནས་སློབ་མས་ལྷག་པར་གནས་ཆོ་ག་ཞུ་བ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་སངས་རྒྱས་ཞི་ཁྲོའི་སོགས། མཛད་དུ་གསོལ། བར་ལན་གསུམ་རྗེས་ཟློས་བྱ། འདི་སོགས་རྗེས་ཟློས་རྣམས་ལན་གསུམ་རེ་དགོས་རྒྱུ། རྡོ་བྲག་རིག་འཛིན་ཆེན་པོས་སླ་ཆོས་ཚར་རེ་བྱེད་པ་དང་། ཚིག་རྗེས་མ་དེ་ལན་


GTN005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱེད་པ་སོགས་མི་རུང་ཞེས་དགག་པ་ནན་ཆེར་གནང་བ་དགོས་དོན་ཆེ་བར་སེམས། དེ་ནས་བླ་མས་གནང་བ་སྦྱིན་པ་ནི། བུ་ཚུར་ཐེག་ཆེན་སོགས། ལྷ་གནས་སྦྱིན་བར། སློབ་མས་དེ་ལྟར་ནུས་པར་ཁས་བླངས་པ་འདིའི་རྗེས་ཟློས་ཀྱིས། ཧོཿ བླ་མས་ཇི་ལྟར་སོགས། ཡན་ལག་བདུན་པ་ཡིན་པས་དེ་བྱ་བ་ལ། ཐོག་མར་མཎྜལ་ཕུལ། དེ་ནས་བདུན་རྣམ་དག་འདི་ཡི་རྗེས་ཟློས་མཛོད། ཧོཿ ཞི་བའི་ལྷ་ཚོགས་སོགས། བཞུགས་པར་གསོལ་བ་འདེབས་བར་ལན་གསུམ་གསང་སྔགས་ཀྱི་རྟེན་དུ་རུང་སོགས། སྡིག་པ་བཤགས་པ་ནི། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་འཕྲོས། དེ་ལས་ཡེ་ཤེས་མེ་འབར་བས་སློབ་མ་རྣམས་ལ་ཕོག་པས། ལུས་ངག་ཡིད་གསུམ་ལ་གནས་པའི་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་ཚིག་པར་གྱུར། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་ཟླ་ཞིང་ཡུངས་ཐུན་གཏོར། ཧཱུྃ། ཡང་དག་གསང་བའི་སོགས་དབྱངས་རོལ་བཅས་བགེགས་བསྐྲད། གཉིས་པ་དངོས་གཞི་ལ་གསུམ་སྟེ་སོགས་ནས། སྡོང་གྲོགས་ཞུ་སྙམས་པས་འདིའི་རྗེས་ཟློས་ཀྱིས། དུས་གསུམ་སངས་རྒྱས་སོགས། གཉིས་པ་ཚིགས་བཅད་ལྟར་བྱ་བ་འདིའི་རྗེས་ཟློས་མཛོད། བླ་མ་དཀོན་མཆོག་སོགས། ཡང་དག་པའི་ལམ་ལ་འགོད་པའི་ཕྱིར་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སོགས། གཉིས་པ་བླངས་པ་ནི་འདིའི་རྗེས་ཟློས་མཛོད། སྲས་བཅས་སོགས། བརྗོད་པ་ཁས་བླངས་པ་འདིའི་རྗེས་ཟློས་གྱིས། སྡོམ་པ་ཡི་ནི་སོགས། གོང་ལྟར་ལན་གཅིག་བྱ། གསུམ་


GTN005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསླབ་བྱ་སོགས། ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མ་སློབ་དཔོན་སོགས་ནས་ལྷ་ལ་དད་པའི་སེམས་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མས་བསྒོ་བ་སོགས། འདི་ནས་ཡིག་ཆེ་ཆུང་མི་ཕྱེད་པར་ནར་འདེད་ཀྱིས་བགེགས་སྲུང་ཤོག །སློབ་མས་འདིའི་རྗེས་ཟློས་ཀྱིས། བླ་མས་བསྲུང་སོགས། རྨི་ལམ་ལྟོས་ལ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མས་གནང་བའི་སོགས་ཡིད་ལ་བྱེད་བཞིན་པས་ཉོལ་ཅིག །ཅེས་སློབ་མ་རྣམས་གྲོལ། དབང་དངོས་གཞི་རྗེས་སུ་འབྱུང་ཕྱིར་ཁས་བླངས་གཏང་རག་མཎྜལ། དགེ་བསྔོ་སོགས་མཛད་སྲོལ་མེད། སྟ་གོན་འདི་ལ་སྤྱི་ལྟར་མཚམས་སྦྱོར་རྒྱས་སྤྲོས་བྱེད་དུ་ཡོད་ཀྱང་དབང་གཞུང་བྱིན་རླབས་ཅན་ལ་བསྲེ་བསླད་ཀྱི་ཆོ་ག་ཉམས་པའི་རྒྱུར་འགྲོ་དོགས་མཛད་སྲོལ་མི་འདུག་པའང་ཤེས་པར་བྱ། གསུམ་པ་རྒྱན་འགོད་བྱ་བ་ལ། དེ་ནས་སློབ་དཔོན་ཆོས་གོས་གསུམ་པད་ཞྭ་རྡོ་དྲིལ། སྤོས་ཆག །རྒྱལ་ཚབ་སོགས་གྲྭ་མང་ཞྭ་ཆོས་བཅས་སྨན་གྱི་ཕོ་བྲང་། རྡོ་རྗེ་ཡུམ་དུ་བཏགས་པས་གཙོ་བོའི་ཐོད་སྐུ། གཞན་རྣམས་དཔལ་དགུའི་རྟེན་ཐོད། ཁྲོ་བཅུའི་ཕུར་བུ། རལ་གྲི་བཞི། མདའ་དར་མེ་ལོང་ཅན་བཞི། ཚོན་སྐུད། འཕན་བཞི། རྒྱལ་མཚན་བཞི། མར་མེ་དགུ། མ་ཏྲཾ་གཟུགས། བདག་བསྐྱེད་གཏོར་མ། སྨན་རཀ་ཉེར་སྤྱོད་སོགས་ཐོགས་ཏེ་རོལ་མོ་ནང་འབུད་བརྡུང་བཅས་དཀྱིལ་འཁོར་ལན་གསུམ་བསྐོར། སློབ་དཔོན་དཀྱིལ་མདུན་ཁྲིའུར་བཞུགས། སེར་ཕྲེང་མང་མ་བཞེངས་ནས། དཀྱིལ་འཁོར་བསྐོར། འཚོགས་པ་ཐམས་ཅད་


GTN005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་བཞིན་སྒྲུབ་ཁོག་ནས། ཧཱུྃ། འཕྲུལ་བཞད་ཡིད་བཞིན་སོགས། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་སྨན་གྱི་ཕོ་བྲང་ལྡིང་ཁྲི་བར་མའི་དབུས་སུ་བཀོད། དེའི་གཡས་སུ་གཙོ་བོའི་ཐོད་སྐུ། གཡོན་དུ་ཆེ་མཆོག་ཐོད་པ་རྟེན་ཕུར་བཅས་ཞལ་ཤར་དུ་ཕྱོགས་པར་འགོད་པ་སོགས་རྒྱལ་ཚབ་ཏུ་བཏགས་པས་མཛད་པ་འདི་བཞིན་འདྲེས། ཡང་དག་སོགས་དཔལ་བརྒྱད་པོའི་ཐོད་སྐུ་རིམ་བཞིན་སོ་སོའི་སྔགས་དང་བསྟུན། ཕྱོགས་མཚམས་མ་ནོར་བར་ཐོད་པའི་དཔྲལ་བ་དང་། རྟེན་ཕུར་རྣམས་ཞལ་དབུས་སུ་ཕྱོགས་སར་གཡས་བསྐོར་ཁོ་ནས་བཀོད་ཅིང་ནང་ནས་རིམ་པར་མཐིང་དམར་དཀར་བའི་དར་ཡོལ་བྲེས། སློབ་དཔོན་མདུན་དུ་ཅོག་སྟེགས་ལ། ཀ་ཏོ་ར་ལྟ་བུའི་སྣོད་དུ་ཁྲོ་བཅུའི་ཕུར་པ་བཀོད། བདག་གི་ཐུགས་ཀ་ནས་སོགས། དྲག་སྔགས་སོ་ལྔ་ལན་གསུམ་གྱི། དང་པོར་ལས་རྡོར་གྱིས་གུ་གུལ་བདུག །གཉིས་པར་སློབ་དཔོན་གྱིས་ཡུངས་ཀར་བྲབ། གསུམ་པར་སློབ་དཔོན་ཕྱག་གཡོན་སྲིན་ལག་གིས་རཀྟ་བྲན། ཧཱུྃ། ཚངས་ལ་དབང་མཛད་སོགས། ལས་རྡོར་གྱིས་ཕུར་སྣོད་བཟུང་། རྒྱལ་ཚབ་པས་སྔར་ཕུར་གདབ་དུས་བཞིན་སྟེང་དང་ཕྱོགས་བཞི་གཡས་བསྐོར་མཚམས་བཞི་འོག་བཅས་གཡོན་བསྐོར་རྡོ་རའི་སྟེང་དུ་ཕུར་གདན་ལ་བཀོད། ཧཱུྃ། ལོག་རྟོག་སོགས། རལ་གྲི་བཞི་སྟེགས་བུའི་སྟེང་གི་ལྡིང་ཁྲིའི་ཕྱོགས་བཞིར་འཇུག །ཧཱུྃ་མེ་ལོང་སོགས། མདའ་དར་མེ་ལོང་ཅན་བཞི་སྟེགས་བུའམ་ཟུར་བཞིར་མདའ་དར་དཀར་པོ་ཤར་ལྷོ། སེར་པོ་ལྷོ་ནུབ། དམར་པོ་ནུབ་བྱང་། ལྗང་གུ་བྱང་ཤར་དུ་བཙུགས། མཛེས་


GTN005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སོགས། མདའ་དར་རལ་གྲི་རྣམས་ཚོན་སྐུད་ཀྱིས་དྲྭ་བས་སྦྲེལ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་སོགས། ཕྱོགས་བཞིར་འཕན་བཞི། ཟུར་བཞི་རྒྱལ་མཚན་བཞི་འཛུགས། ཧཱུྃ། སྐྱེ་མེད་ཆོས་དབྱིངས་སོགས། མ་ཏྲཾ་གྱི་མགོ་བོ་ལྷོ། སྙིང་ལྷོ་ནུབ། ལག་གཡོན་ནུབ། རྐང་གཡོན་ནུབ་བྱང་། གསང་གནས་བྱང་། རྐང་གཡས་ཤར། ལག་གཡས་ཤར། གློ་བ་ཤར་ལྷོར་བཀོད། ཨོཾ། ཆོས་དབྱིངས་ཡེ་ཤེས་སོགས། མར་མེ་དགུ་སོགས། དབུས་ཀྱི་མར་མེ་ཤར་ངོས་དང་། གཞན་ཚིག་བསྟུན་ཕྱོགས་དང་མཚམས་སུ་རྟེན་ཐོད་རྣམས་དང་གོ་ས་མཐུན་པར་དར་ཡོལ་གྱི་ཕྱི་ལ་བཀོད། དཀྱིལ་འཁོར་གྱི་ཤར་དུ་ལྕོག་ཙེ་ཁེབས་ལྡན་གྱི་སྟེང་དུ་མེ་ཏོག་བཀྲམ་པར་མཉྫི་ལ་བདག་འཇུག་གི་དབང་གཏོར། གཡས་གཡོན་དུ་སྨན་དང་། རཀྟ། དེའི་མདུན་ནས་རིམ་བཞིན་མཆོད་ཡོན་ནས། ཞལ་ཟས་བར་དཀྱིལ་འཁོར་གྱི་ནུབ་ཏུ་ལྕོག་སྟེགས་ཁེབས་ལྡན་གཞི་རས་བཅས་པའི་སྟེང་། མེ་ཏོག་བཀྲམ་པའི་དབུས་སུ་བདག་བསྐྱེད་ཀྱི་གཏོར་མ། དེའི་གཡས་ནས་རིམ་བཞིན་ལེགས་ལྡན་གཙོ་བོར་བྱས་པའི་ཆོས་སྐྱོང་ཕོ་རྒྱུད་གཏོར་མ། ཕྱག་བཞི། སྡེ་དཔོན་སུམ་ཅུ། རྒྱུན་བཞག་ཆད་ཐོ། ཐོད་གདན་ལ་བདུད་རྩིའི་ཐོད་པར་ཆང་བཟང་པོར་ཨ་མྲ໏་ཏ་དང་ཆོས་སྨན་བཏབ་པ་ཁེབས་ལྡན་བཅས་བཤམས། བདག་བསྐྱེད་གཏོར་མའི་གཡོན་ནས་རིམ་པར། སྔགས་སྲུང་མར་གཙོ་བོར་བྱས་པའི་མོ་རྒྱུད་གཏོར་མ། ལྷ་ཆེན། དུར་ཁྲོད་བདག་མོ། རྒྱུན་བཞག་བསྟན་མ། ཐོད་གདན་ལ་རཀྟའི་ཐོད་པར་ཆུ་གཙང་རཀྟ་སོ་ལྔ་བཏབ་པ་ལེགས་པར་བཤམས། བྱང་དུ་ལྕོག་སྟེགས་ལ།


GTN005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་ནས་རིམ་པར་དྲག་མཆོད་དབང་ལྔའི་མེ་ཏོག །གསུར་ཆེན་སྤོས། ཞུན་ཆེན་མར་མེ། ཨ་མྲ໏་ཏ་དང་སྦྱར་པའི་དྲི་ཆབ། ཤ་ཆེན་ཞལ་ཟས་རྣམས་བཤམས། བླ་མེད་མཆོག་གི་ནས། བཞེས་སུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སེ་གོལ་བཅས་ལན་གསུམ་གྱིས་མཁའ་ཁྱབ་ཏུ་སྤེལ། སྒྲུབ་ཆེན་སྐབས་ལས་ཚན་མངའ་གསོལ་ལ། ལས་རྡོར་ནས་བདུད་རྩི་དྲངས་པ་སོགས་ཡོད་ཀྱང་འདིར་བཏང་སྙོམས་སུ་མཛད། རྒྱལ་ཚབ་པས་ཆས་བཅུའི་སྟོང་ཐུན་སྔོན་འགྲོའི། ཧཱུྃ། དོན་དམ་སྤྲོས་མེད་སོགས་རྗེས་ཟློས་བཅས་ཚིག་བསྟུན། གསོལ་ཚུལ་མཛད། བརྡའ་སྒོ་དབྱེ། བརྡའ་ཕྱག་འཚལ། བསྒྲུབ་ཆེན་སྐབས་འདུས་པ་དབང་མ་ཐོབ་པ་ཡོད་ན་མཆེད་གསར་རྙིང་སྣོན་པ་ཡོད་ཀྱང་འདིར་དབང་ཆེན་སླར་བསྐུར་རྒྱུ་ཡིན་པས་མི་དགོས། ཨོཾ་མ་ཧཱ་བཛྲ་སོགས། རྡོ་རྗེ་གསོར། དྲིལ་བུ་དཀྲོལ། འཁྱུད་རྒྱ་བྱས། རོལ་མོ་བྱིན་རླབས་བརྒྱ་བརྡུང་སོགས་མཛད་ཀྱང་ལེགས་མ་བྱས་ཀྱང་ཆད་པའི་སྐྱོན་མེད། དཀྱིལ་འཁོར་མདུན་དུ་གཡང་གཞིའི་སྟན་གཙང་མའམ། ཡང་ན་ལྕོག་སྟེགས་ཁེབས་ལྡན་གྱི་ཁར། དཔལ་དགུའི་ལྷ་ཕུར་སོ་སོའི་མགུལ་དུ་དར་སྣ་ལྔའི་ཅོད་པཎ་ལ་སོ་སོའི་སྔགས་ཀྱང་བྲིས་པ། དབང་ཕྱུག་ཉེར་བརྒྱད་ཕུར་བུ། བུམ་པ་དགུ་པོ་བུམ་གོས་བཅས་སོ་སོར་ཁུངས་ལྡན་གྱི་བུམ་རྫས་སོ་ལྔ་དང་། དྲི་བཟང་གིས་ཆུས་སུམ་གཉིས་བཀང་བར་ཁ་རྒྱན་སྒྲོ་མདོངས་ལ་སོ་སོའི་སྐུ་ཙག་རྣམས། བདག་འཇུག་གི་གཙོ་ལས་བུམ་པ་བཅས། ཕྱོགས་དང་གོ་རིམ་མ་ནོར་བར་བཀོད་པའི་མདུན་དུ། སློབ་དཔོན་ཞྭ་ཆོས་རྡོར་དྲིལ་བཅས་རྒྱ་


GTN005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིར་བཞུགས། རྒྱལ་ཚབ་ཡར་བཞེངས་སྟབས་བཅས། ཆེ་མཆོག་སྔགས་དབྱངས་ལན་གསུམ་གྱི་དང་པོར་ལས་རྡོར་གྱིས་ཚིལ་ཆེན་དང་། གུ་གུལ་བདུག །གཉིས་པར་སློབ་དཔོན་གྱིས་ཡུངས་ཀར་བྲབ། གསུམ་པར་སློབ་དཔོན་གྱིས་གཡོན་པའི་སྲིན་ལག་གིས་རཀྟ་བྲན། དེ་བཞིན། ཡང་དག་ནས་བཀའ་སྡོད་བར་སོ་སོའི་སྔགས་ལན་གསུམ་རེ་བརྗོད་པར་བདུག་བྲབ་བྲན། རྟེན་དེ་དག་སོགས་ཐམས་ཅད་ཞྭ་བཅས་བཞེངས། བདག་ཉིད་དཔལ་ཆེན་པོ་སོགས། སློབ་དཔོན་ཡར་བཞེངས། ཧཱུྃ། སྤྲོས་མེད་རྟོག་བྲལ་སོགས། རྒྱལ་ཚབ་ནས་བུམ་པ་དང་། ལས་རྡོར་ནས་ཕུར་པ་བསྣམས་པ་འདྲེས་ཞལ་དཀྱིལ་འཁོར་ལ་ཕྱོགས། ཧཱུྃ། དབུས་ནས་རང་བྱུང་སོགས་སྔགས་ལ་ལྡིང་ཁྲི་གོང་མའི་དབུས་སུ་བུམ་པའི་མཆུ་དང་། ཙཀ་ལི་ཞལ་ཤར་དུ་ཕྱོགས་པས་བཀོད། ལས་རྡོར་གྱིས་ཕུར་བུ་རྒྱལ་ཚབ་ལ་ཕུར་པ་ལྡིང་། འོག་མའི་ཕུར་ཁུང་དུ་ཞལ་ཤར་དུ་ཕྱོགས་པར་བཙུགས། དེ་བཞིན་འདོན་བྱ་དང་བསྟུན། ཡང་དག་ནས་དྲག་སྔགས་བར་ཕྱོགས་མཚམས་མ་ནོར་བ་གཙོ་བུམ་བསྐོར་ཏེ་མཆུ་དང་ཙཀླི་དབུས་སུ་བསྟན་ནས་བཀོད། ཕུར་པ་ཡང་གཙོ་ཕུར་བསྐོར་ཏེ་ཞལ་ནང་བསྟན་འགོད། བཀའ་སྡོད་སྔགས་ལ། ལས་རྡོར་གྱིས་དབང་མོ་ཉེར་བརྒྱད་ཀྱི་ཕུར་པ་རྣམས་ཞལ་ནང་དུ་ཕྱོགས་པས། དང་པོ་ཞི་ཕུར་དཀྱིལ་འཁོར་གྱི་ཁྱམས་ལ་ཤར་ཕྱོགས་ཁྱམས་སྟོད་ནས་རིམ་པར་དྲུག་རེ་ཕུར་ཁུང་དུ་བཙུགས། དེ་བཞིན་ལྷོ་ནུབ་བྱང་གི་ཁྱམས་རྣམས་སུ་སོ་སོར་ཕུར་པ་དྲུག་རེ་གཡས་བསྐོར་དུ་བཀོད་རྗེས། ཤར་གྱི་སྒོ་མ་ཞལ་ཕྱིར་བསྟན་ནས་ཤར་


GTN005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་འགོད། དེ་བཞིན་དུ་ཕྱོགས་གཞན་གསུམ་གྱི་སྒོ་མ་ཡང་ཞལ་ཕྱིར་བསྟན་དུ་སོ་སོའི་སྒོར་བཀོད་ཅིང་། འཚོགས་གྲོལ་བས་འཐུས་སོ། །སྐུ་མདུན་དུ་མཎྜལ་ཚོམ་བུ་སོ་བདུན། དབུ་རྒྱན། གཙོ་ལས་བུམ་པ་བདག་འཇུག་ཆས། ཙཀླི། མེ་ལོང་། ཤེལ་རྡོ། ཕུར་པ་གདན་བཅས་ཡུངས་ཐུན་སོགས་འགོད། ལྡིང་ཁྲི་གོང་མའི་སྟེང་གི་བུམ་པ་དགུ་པོར་གཟུངས་རྡོར་བཏགས་པའི་གཟུངས་ཐག་ཁ་དོག་ལྔ་ལྡན་ཅན་སྣེ་མོ་སློབ་དཔོན་ཕྱག་ཏུ་སླེབས་ཚོད་དང་། སྔར་དཀྱིལ་འཁོར་གྱི་ཤར་ཕྱོགས་བདག་འཇུག་གཏོར་མའི་གཡས་ཕྱོགས་དེར། ཉིན་རེ་བཞིན་རྒྱུན་འབུལ་དམ་ཅན་གཏོར་མ། ཆད་ཐོ། གཡོན་ཕྱོགས་སུ་རྒྱུན་འབུལ་བསྟན་མའི་གཏོར་མ། གཞི་བདག་དཀར་གཏོར། གསེར་སྐྱེམས། སྨན་རཀ་ཁར་ཁེམ་ཐུར་སོགས་ཛ་གད་ཀྱི་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན་དྲི་བཟང་པོའི་ཆུས་སུམ་གཉིས་བཀང་བ། ཐབས་ཤེས་ཚེ་ཡི་གའུ། ལས་བཞིའི་འབྲང་རྒྱས་མདའ་གདུགས་སེར་པོ་བཙུགས་པ། ཚེ་འབྲང་རྒྱན་ལྡན་བཅས་བཤམས། དཀྱིལ་འཁོར་བྱང་དུ། ཐོད་ནང་དུ་སྤྱིའི་ཐུན་རྫས་ཡུངས་ཀར། མཚེ་ཕོན། གུ་གུལ། ལྕགས་ཧོམ་དུ་ལིངྒ་ཁེབས་ལྡན། བྱང་ཤར་སོགས་སྟབས་བདེར་ལྕོག་སྟེགས་ལ། ཚོགས་གདན་ཞིང་ལྤགས་སམ་སྟག་ལྤགས་ཀྱི་ཁར་ཚོགས་འཁོར་རྫས། ཤ་མཐུད། ཤིང་ཐོག་མངར་གསུམ་ཚོགས་ཆང་མཆོད་ཁེམ། གཞན་ཡང་ཅོག་སྟེགས་ལ་སྔོན་གཏོར་དང་། སྤོས་ཕོར། ལས་རྡོར་གྱི་གཡབ་དར། ལས་བུམ་དྲི་བཟང་ཆུས་བཀང་བ། ཁ་རྒྱན་མགུལ་ཆིངས་ཅན། ཆུ་གཙང་ནས་སོགས།


GTN005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་གཙོ་བུམ་ཁ་རྒྱན། མགུལ་ཆིངས། གཟུངས་རྡོར་བཅས། བུམ་རྫས་ཉེར་ལྔ་དང་དྲི་བཟང་ཆུས་སུམ་གཉིས་དགང་བར་བྱ། གཞན་ཡང་། ལྷ་ལ་བརྙས་པ་སྤང་བ་དང་། རང་གི་བསོད་ནམས་གསག་ཕྱིར་གནས་ཁང་ལ་གདུགས་རྒྱལ་མཚན། འཕན་བླ་རེ། དར་དཔྱངས། ཕྱེ་འཕུར་སོགས་རྒྱན་སྤྲོས་དང་། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་གོས་ཟས་ཡོ་བྱད་རྒྱན་སྤྲོས། རོལ་མོ་འབུད་དཀྲོལ། ཆོ་ག་དབྱངས་རོལ་ཕྱག་ལེན་སོགས་མཐོང་བརྒྱུད་ལྟར་རྒྱས་པར་མཛད་དགོས་སོ། །༈ ཉིན་གཉིས་པ་ནས་རིམ་པར། བཞི་པ་དབང་བསྒྲུབ་དངོས་གཞི་ཉིན་བསྟར་མཛད་རྒྱུར། ལས་བྱང་རྒྱས་འབྲིང་སོགས་ཆོ་ག་གཏེར་གཞུང་རྒྱས་པ་ལ་མངའ་བདག་ཉང་གི་ཞལ་གཟིགས་རྗེས་སུ་གནང་བ་ཐོབ་པས་སྨིན་གླིང་གཏེར་བདག་གླིང་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ཆོག་བསྒྲིགས་མཛད་པ་ལྟར་ཕྱག་ལེན་བདེ་བས་བརྒྱུད་འདེབས་མཐར་རོལ་མོ་བརྒྱ་བརྡུང་རྒྱས་བསྡུས་རེས་མོས་སྔོན་གཏོར་བཏང་། ཡན་ལག་བརྒྱད་པ་རྡོར་སེམས་སྒོམ་བཟླས། བགེགས་གཏོར་བསྔོ་བ། མཚམས་གཅོད། བརྡའ་སྒོ་དབྱེ་བ། བརྡའ་ཕྱག་འཚལ་བ། བཤགས་མཐར་ཐལ་སྦྱར་བཅས་ཡེ་ཤེས་སྐུ་མཆོག་བཏང་། དམ་བཅའ་བ་སློབ་དཔོན་དང་ལས་རྡོར་ཞྭ་ཡོད་གཡབ་དར་བཅས་བྱིན་འབེབས་མཐར་རྒྱུད་གསུམ་རོལ་མོ་བཤུག་པ་ཌཱ་དྲིལ་རྐང་གླིང་བཅས། མཆོད་པ་བྱིན་རླབས། ཏིང་འཛིན་


GTN005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ། གཞལ་ཡས་ཁང་དང་གདན་ལྷ་བསྐྱེད། དབང་བསྐུར་རྒྱས་གདབ། སྤྱན་འདྲེན་ལ་སློབ་དཔོན་དང་ལས་རྡོར་ཞྭ་ཡོད། གཡབ་དར། བཞུགས་གསོལ། ཕྱག་འཚལ། སྨན་མཆོད་ལ་སློབ་དཔོན་དང་ལས་རྡོར་སྨན་སྔགས་བསྟུན་འབུལ་ བ་དངོས་གྲུབ་བློངས། མཆོད་པ་བླ་གྲྭ་ཚང་མས་ཕྱག་རྒྱ་དབྱངས་རྟ་སྦྱར། བསྟོད་པའི་བར་བཏང་། བཟླས་པ་ལ་འདིར་སྒྲུབ་ཆེན་མི་འབྲེལ་བས་འཛབ་བསྐུལ་སོགས་མི་མཛད། ལས་བྱང་ལྟར་ལ་ཞི་བ་སྤྱི་སྔགས། ཁྲོ་བོ་སྤྱི་སྔགས་སོ་སོར་ལྔ་བརྒྱ་རེ། ཆེ་མཆོག་སྟོང་། ཡང་དག་ནས་ཕུར་པའི་བར་ལྔ་བརྒྱ་རེ། མ་མོ་ནས་དྲག་སྔགས་བར་སུམ་བརྒྱ་རེ། བཀའ་སྡོད་བརྒྱ། དྲག་སྔགས་སོ་ལྔ་ལྔ་བཅུ་ལས་རྡོར་སྤྱིའི་ཐུན་རྫས་དང་། སློབ་དཔོན་མདུན་ཐུན་རྫས་གྲལ་བསྐོར་སོ་སོར་མཚམས་རྣམས་སུ་སྟོང་ཚིག་གི་མཆོད་པ་སྨན་འཐོར་མཆོད་སིལ་རྔ་བཅས། དཀར་དུང་། རྒྱ་གླིང་། དུང་ཆེན། ཌཱ་དྲིལ་བྱ། ཚེ་འཛབ་བྱ། སྒྲུབ་ཁོག་ནས་བུམ་པ་རང་བྱུང་གི་སོགས། ལས་རྡོར་དཀྱིལ་འཁོར་སྟེང་གཟུངས་ཐག་མེ་ཏོག་འཐོར་ནས་པད་ཀོར་གྱིས་བློངས། སླར་པད་ཀོར་གྱིས་སློབ་དཔོན་ལ་འབུལ། སློབ་དཔོན་གྱིས་ནས་འཐོར་ཞིང་པད་ཀོར་གྱིས་བློངས། སྐུ་མདུན་གྱི་བདག་འཇུག་གཙོ་བུམ་ཁར་བཞག་པའི་གཟུངས་ཐག་སྣེ་མོ་བཅས་ཕྱག་གཡོན་པས་བཟུང་ལ་ཞི་བ་སྤྱི་སྔགས་དང་། ཁྲོ་བོ་སྤྱི་སྔགས་ལ་སྐུ་གསུང་ཐུགས་སྔགས་བཏགས་པ་སུམ་བརྒྱ་རེ་བཟླས། གཟུངས་ཐག་རིང་བ་ལས་རྡོར་ནས་བསྡུ། གཟུངས་ཐག་ཆུང་བའི་གཟུངས་རྡོར་སློབ་དཔོན་གྱིས་ལས་བུམ་ཁར་སྤོས་ཏེ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་སྐད་ཅིག་གིས་


GTN005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་དུ་རྡོར་སེམས་བསྐྱེད། ཡིག་བརྒྱ་ལྔ་བཅུ། ཡིག་དྲུག་བརྒྱ་རྩ་བཟླས་ཏེ་འཇོག །ལས་རྡོར་ནས་སྣོད་སོ་སོར་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས། ཟུར་དུ་བསྒྲལ་བའི་ཉ་བོ་ཡོད་ན་དང་། མེད་ན་ཚོགས་ཟན་དུམ་གཅིག་བཅད་པ་བཤམས། སློབ་དཔོན་སོགས་མཆེད་རྣམས་ལ་ཚོགས་རྫས་ལོངས་བར་གཏུབ། བསྒྲལ་བ་མ་གཏོགས་པའི་ཚོགས་རྫས་རྣམས་ལ་ཚོགས་ཆང་བྲན། སྒྲོན་ཐུར་གྱིས་སློབ་དཔོན་མདུན་གྱི་ནང་མཆོད་ནས་ཅུང་ཟད་བཅུས་པ་དང་། ལས་བུམ་གྱི་ཆུ་སྒྲོ་མདོངས་ཀྱིས་བླངས་ནས་སོ་སོར་བྲན། ཚོགས་བྱིན་རླབས་ཞུ། ཚོགས་བྱིན་རླབས་ནས་ཞལ་སྟབས་བར་སོང་། སྐབས་འདིར་སྒྲུབ་ཁོག་ལྟར་བདག་འཇུག་རྒྱས་པར་ལེན། གཏོར་བསྔོ་དམ་ཅན་སྤྱི་གཏོར་བསྡུས་པ། སྡེ་དཔོན་སུམ་ཅུ། གཏེར་གཞི་བཅས་བཏང་། གཏོར་བསྔོ་སྐབས་ལས་རྡོར་ནས་ཚོགས་དྲངས། ལྷག་མ་བསྡུ། ཆུ་གཏོར་བརྒྱ་རྩ་གཏོང་མཁན་ཟུར་དུ་ཡོད་ན་དེས་ཆ་གསུམ་བཏང་ཡང་། མེད་ན་སློབ་དཔོན་ཞྭ་ཆོས་བཅས་འཚོགས་མང་སྒྲུབ་ཁང་ཕྱིར་བྱོན་ནས། ཞྭ་རྡོར་དྲིལ།༼མཆོད་སིལ་རྔ།༽ དཀར་དུང་བཅས་ཆ་གསུམ་བཏང་བའམ། ནང་ནས་བཏང་ཡང་རུང་བར་མཛད། ལྷག་མ་ཕྱག་ལེན་ལྟར་བཏང་། གོང་དུ་བདག་འཇུག་མ་སོང་ན་འདིར་རིག་པའི་མེ་ཏོག་དོར། སློབ་མ་འཇུག་པར་གནང་བ་ཞུ་དགོས། བདག་འཇུག་བླངས་ན་མི་དགོས། དབང་ཡོལ་རྒྱབ་སློབ་མ་འཚོགས་བརྡའ་བཏང་། རྩ་བའི་ས་བཅད་གསུམ་པ་དབང་དངོས་ལ། བླ་མ་གོང་མ་རྣམས་ཀྱི་གསན་


GTN005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཏུ། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བརྒྱ་རྩ་བརྒྱད་ནང་ལུས་ལ་བརྟེན་ནས་ལྷ་དབང་བཞི་བརྒྱ་དང་སུམ་ཅུ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་གསང་དབང་ཙམ། གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་གསང་དབང་དངོས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ལ། བསྟན་ཅིང་འཛིན་པའི་དབང་། འཆད་ཅིང་སྟོན་པའི་དབང་། སྒོམ་ཞིང་སྒྲུབ་པའི་དབང་། མཆོད་ཅིང་བསྟོད་པའི་དབང་། ཕྲིན་ལས་འགྲོ་བ་འདུལ་བའི་དབང་། རྡོ་རྗེ་རྫོགས་པའི་དབང་། ལྟ་བ་སྤྱི་འབྱམས་ཀྱི་དབང་། དེ་ལ་སོགས་པ་ཕྲ་ཞིབ་ཀྱི་དབང་དང་། རྫས་དབང་སུམ་ཅུ་སོ་ལྔ། གྲུབ་པ་ལུང་གི་དབང་། རྣལ་འབྱོར་རྒྱུན་གྱི་དབང་། བཀྲ་ཤིས་ཚེའི་དབང་རྣམས་ཞེས་གསུངས་པ་ཙམ་འདུག་པ་ཁུངས་དག་ཡིན་ཕྱིར་མཁའ་ཀློང་ཡངས་པའི་ཆོག་བསྒྲིགས་མདོ་བྱང་བདེ་ཆེན་གསལ་བ་ལྟར་བསྐུར་བ་ལ། སློབ་མ་རྣམས་གྲལ་ལ་འཁོད། ཇི་ལྟར་བལྟམས་པ་སོགས་ཁྲུས་དང་། ཡིག་བརྒྱ་བཟླས། ཨོཾ་བཛྲ་ཨ་མྲ໏་ཏས་བགེགས་གཏོར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ ཧཱུྃ། རྒྱ་བཅས། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་སེ་གོལ་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་བཟླས་བརྗོད་ཏིང་


GTN005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། སུམ་བྷའི་སྔགས་དང་དྲག་སྔགས་སོ་ལྔ་ཡུངས་ཐུན་གུ་གུལ་བདུག །དྲིལ་བསིལ་བཅས་བགེགས་སྤྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་བརྗོད། སྤྲོས་བཅས་ལྟར་ན་སློབ་དཔོན་སྔགས་ཆས་ཞུགས་རྒྱ་ཁྲིར་བཞུགས། གྲྭ་ཚང་རྔ་རོལ་འབུད་བརྡུང་བཅས། བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སོགས་དབྱངས་རོལ། མཚམས་བཅད་མི་བཟད་ཁྲོ་གཏུམས་བཅས་མཛད་པའི་ཕྱག་ལེན་གནང་། ལས་རྡོར་མེ་ཏོག་བཀྱེ་བསྡུ་བྱ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་


GTN005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལེགས་པར་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་དབང་གི་མདོ་བྱང་ཆེན་པོ་འདི་ལ་སྤྱི་དོན་གསུམ་སྟེ། སོགས་ནས། ས་མ་ཡ་ཨ་བྷི་ཥིཉྩ་རྒྱ་རྒྱ་རྒྱ༔ བར་བརྗོད། དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་མངའ་བདག་ཉང་གི་ཟབ་གཏེར་དུ་བྱོན་པ་གནམ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག་ས་ལ་དཀྱིལ་འཁོར་བསྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། དམ་ཉམས་དང་འདྲེས་ཁྱེར་གྱི་ལྷད་མ་ཞུགས་པ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཕྱག་བཞེས་ལྟར་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་སྒྲུབ་ཅིང་བདག་འཇུག་བླངས་པ། སློབ་མ་འཇུག་པར་གནང་བ་ནོད་པ་སོགས་སྔོན་དུ་སོང་གྲུབ་པ། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་སོང་ནས་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་ཁྱོད་ཐེག་པའི་དོན། རྡོ་རྗེ་ཐེག་པའི་སོགས། གསང་སྔགས་ཀྱི་ཚུལ་ལ་འདུན་པས་སྒྲུབས་ཤིག །བར་དེ་ནས་ཡུལ་ཐུན་མོང་མ་ཡིན་པ་རྒྱལ་བ་ཞི་ཁྲོའི་སོགས། སྡོང་གྲོགས་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས། དགེ་འདུན་ལ་སྐྱབས་སུ་མཆིའོ་བར་ལན་གཅིག །བླ་མ་དཀོན་མཆོག་ལན་གསུམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་དཔག་ཏུ་མེད་པ་སོགས། ཡང་དག་པའི་ཕྱིར་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །


GTN005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། དེ་ལྟར་ཏིང་འཛིན་རིམ་བཞིན་བསྒོམ། །ཞེས་ལན་གཅིག །སྲས་བཅས་སངས་རྒྱས་སོགས་སེམས་ཅན་མྱ་ངན་འདས་ལ་འགོད། ལན་གསུམ། དེ་ལྟར་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། མདོར་བསྡུ་ན་སོགས། བསླབ་སྟེ་གསུམ་དུ་འདུས་སོ། །བར་སྟ་གོན་ལྟར་བརྗོད། དེ་ནས་དབང་དངོས་གཞི་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་ལ་ཡང་བསྐྱར་འཇུག་པའི་བརྡར་མིག་དར་འཆིང་མཛོད། ཧཱུྃ་སརྦ་སྭ་ཏ་ཡ་ཧཱུྃ། ཨ་ཁཾ་བྷི་ར་ཧཱུྃ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཟུངས་མཛོད། ཨོཾ་པུཥྤེ་རཏྣ་མཱ་ལྱེ་ཏྲཾ། ཆས་སུ་ཞུགས་པ་ནི། སྤྱི་བོར་གཙུག་ཏོར་དུར་བའི་ཐོར་ཅོག་སྦྱིན་ཞིང་། ཨིུཥ་ཙ་དྷ་ཎ་སོགས་ནས་ཡིག་ཆུང་མི་ཕྱེ་བར་ནར་འདེད། ཨ་ལ་ལ་ཧོཿ བར་བརྗོད། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མ་དུས་བཟང་སོགས། མགྲིན་གཅིག་ཏུ་འདིའི་རྗེས་ཟློས་མཛོད། ཧོཿ དགོངས་སུ་གསོལ་ལོ། །བདག་ཅག་འདིར་འདུས་ཤིང་སོགས། སློབ་མས་དེའི་ལན་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ། དཔལ་ཆེན་བདག་ཅག་སོགས། འདུན་པ་ཡང་ཡང་བྱས་ལ་འདིའི་རྗེས་ཟློས་མཛོད། ཨོཾ། གདོད་མའི་དབྱིངས་སོགས། གྲོང་དུ་ཕྱིན་པར་ཤོག །དབང་བསྐུར་བ་ནི་དམ་ཚིག་ལ་བརྟེན་ནའང་། དབང་འཛིན་པ་ནི་སྡོམ་པ་ལ་རག་ལས་


GTN005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཧོཿ རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་ངང་། །སོགས། ཐར་པའི་སྒོ་ནི་དབྱེ་བར་བགྱི། དེ་བསྟན་པར་བྱ་བ་ནི། སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། ཟླ་བ་དང་སོགས། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཡེ་ཤེས་དབབ་པ་ནི། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཐམས་ཅད་ལ། །སོགས། བསྟན་དུ་གསོལ། ལན་གསུམ་ཞུ། ཨོཾ་བཛྲ་ས་ཏྭ་ཨཱཿ ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་སྣང་བ་མཐའ་ཡས། སོགས། ཛྷཻ་ཾསྭཱ་ཧཱཿ རོལ་མོ་འབུད་དཀྲོལ། གུ་གུལ་བདུག །ཐོད་རྔ་དཀྲོལ། མི་རྐང་གླིང་བུ་འབུད། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་ཁྱོད་རང་དང་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲཿ ཞེས་སྤྱི་བོར་རྡོ་རྗེ་བཞག །ནས་འཐོར། དེ་ནས་ལྷོ་སྒོ་ནས་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། ཧོཿ དཀྱིལ་འཁོར་དགུ་ཡི་སོགས། མེ་ཏོག་ཁ་དོག་འཕྲེང་བར་བརྒྱུས་ལ་འདིའི་རྗེས་ཟློས་མཛོད། ཧོཿ དཀྱིལ་འཁོར་ལྷ་ཚོགས་དྲུང་ན་སོགས་མིག་དབྱེ་ཞིང་ལྷ་ངོ་བསྟན་པ་འདིའི་རྗེས་ཟློས་མཛོད། ཧོཿ དུས་བཟང་དེང་སོགས། སློབ་མས་ཞུ་བ་འདིའི་རྗེས་ཟློས་མཛོད། ཧོཿ ཇི་ལྟར་ལྷ་ཡི་སོགས། མ་བསྒོམས་པར་སངས་རྒྱས་པར་འགྱུར་རོ། །བླ་མ་ལ་ལུས་འབུལ་ཞིང་དམ་ཚིག་བསྲུང་བ་སོགས། བླ་མ་དང་ལྷ་ལ་འབུལ་བ་འདིའི་རྗེས་ཟློས་མཛོད། དངོས་གྲུབ་རྩོལ་ཕྱིར་སོགས། རྡོ་རྗེ་དམྱལ་བར་ལྟུང་། དེ་ནས་ཕྱི་དབང་རྫས་ལ་བརྟེན་ནས་དབང་བསྐུར་བ། སོགས་ནས། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས། ཨ་ཝེ་ཤ་ཡ་


GTN005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨཱཿ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་སོགས། ལྔ་པ་ཕྱག་རྒྱའི་དབང་གཉིས་ཏེ་སོགས་ནར་འདེད། དབུ་རྒྱན་ནས་བཟུང་རྣམ་པར་སྣང་མཛད་མིང་དབང་གི་དབང་རྫོགས་པར། རིགས་ལྔ་སོ་སོའི་སྔགས་ཀྱི་གཙོ་བོ་བྱས་ཏེ། དེ་རྗེས་བུམ་དབང་། བུམ་པ། གཞལ་ཡས་ཁང་། བུམ་ཆུ། འབྲུ། སྨན། སྤོས། རིན་ཆེན། སྙིང་པོ། ཁ་རྒྱན། མགུལ་ཆིངས། གཟུངས་ཐག་བཅས། རྒྱལ་སྲིད་སྣ་བདུན་བཅས་ཡང་བསྐྱར་སོ་སོར་སྦྱར་དགོས་པས་རིམ་བཞིན། ཞི་དབང་མཇུག་སྨོན་བཞིན་དུ་བླ་མ་དང་སློབ་མ་གཉིས་ཀས་བགྱི་བ་གཅེས་སོ། །དེ་མཐར་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླངས། ལུས་དབུལ་བ། གཏང་རག མཎྜལ། དགེ་བསྔོ་བྱས། སློབ་མ་གྲོལ། དེ་རྗེས་ན་རག་སྐོང་བཤགས་གཏོང་། གཏོར་འབུལ། བསྐུལ་ཆད་ཐོ། བརྟན་མ། རྟ་བྲོ། མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ། རས་བྲིས་བརྟན་བཞུགས་ཉེར་བསྡུ། ལྷར་ལངས། གོ་བསྒོ། སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །༈ ཉིན་གསུམ་པ་དང་བཞི་པ་ལ། ལས་བྱང་སོགས་ཉིན་གཉིས་པ་སོར་གནས་བྱ། ཉིན་གསུམ་པར་དབང་གི་སྐབས། ཁྲུས་བགེགས་གཏོར་བཏང་ཞིང་བགེགས་སྐྲོད། མཚམས་བཅད། ཆོས་བཤད་བསྡུས་ཙམ་ནས་མཎྜལ་འབུལ་བ་བར་བྱ། དེ་ནས་གསོལ་བ་གདབ་པ་སོགས་སྒྲུབ་ཁོག་གི་བདག་འཇུག་ཁ་བསྒྱུར། ཞི་བ་རིགས་བཞིའི་དབང་གི་མཇུག་བར་ནར་འདེད། དེ་ནས་མདོ་བྱང་བདེ་ཆེན་


GTN005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དབང་གི་འཕྲོ་ནས། གཉིས་པ་ནང་ཁྲོ་བོའི་དབང་བསྐུར་བ་ལ་དྲུག་སྟེ་སོགས་ནར་དེད་བྱས། ཕུར་པའི་ལྷ་ཚོགས་རྫོགས་པར་བསྐུར། དེ་རྗེས་སྒྲུབ་ཁོག་བདག་འཇུག་ནས་བཟླས་ལུང་ནས་ཕུར་པ་གཏད་པའི་བར་ཁས་བླངས་ལ་ལུས་འབུལ། གཏང་རག་དགེ་བསྔོ་བྱ། ༈ ཉིན་བཞི་པ་ལ་སྔར་ཉིན་ལྟར་ལས། བདག་འཇུག་ལྷ་དབང་གི་ཕུར་པ་བར་བསྐུར། དེ་ནས་མདོ་བྱང་བདེ་ཆེན་གསལ་བའི། བདུན་པ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་དབང་བསྐུར་བ་ནི། ཞེས་པ་ནི་ནར་འདེད། མཁའ་གསང་བྱིན་གྱིས་བརླབས་པའོ། །དེ་ལ་ཐོག་མར་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་སོགས། བླ་མ་ལ་ཕུལ་ལ་འདིའི་ རྗེས་ཟློས་མཛོད། ཨེ་མ་ཧོཿ རྣལ་འབྱོར་ཡོངས་ཀྱི་སོགས་ནས་ནར་འདེད་ལ་ཉན་དབང་སོགས་ལྔ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ། ཞེས་དང་། བླ་མ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས། གོང་དུ་བསྐྱེད་པའི་ལྷ་རྣམས་རྒྱལ་ཕོག །སྦྱོར་བའི་བརྡས་བསྐུལ་ནས་སྙོམས་པར་ཞུགས་པས། ཞེས་པ་འདི་རྣམས་འདྲིས་ཤེས་དགོས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཎྜལ་ཕུལ། གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། མགོན་པོའི་སྤྲུལ་སོགས། ཧོཿ གཉིས་མེད་སོགས་ནས་ནར་འདེད། དེ་ཁོ་ན་ཉིད་


GTN005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བརྟེན་ནས་བསྐུར་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ ཁྱོད་ཞབས་པདྨོའི་སོགས་ནས་བག་ཆགས་རྒྱུད་ལ་གཞག་པར་བྱའོ། །བར། ཡོན་དབུལ་བ་ནི། ལུང་ལས། རྒྱལ་སྲིད་དང་ནི་སོགས། མདོ་བྱང་ཆེན་མོ་རྫོགས་སོ་བར་བརྗོད། དེ་ནས་ནམ་མཁའ་ལ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་བཞིན་དུ་དབབ་པས་དབང་གི་ཡེ་ཤེས་སྔར་མ་བསྐྱེད་པ་བསྐྱེད་ཅིང་། བསྐྱེད་པ་མི་ཉམས་པར་རབ་ཏུ་བརྟན་པའི་མོས་པ་མཛོད། ཨོཾ་ཡེ་དྷརྨཱ་སོགས། ཡང་དག་འཇམ་དཔལ་སོགས། བྱིན་རླབས་མཆོག་སོགས། དམ་ཚིག་ཁས་བླངས། ལུས་འབུལ་བ། གཏང་རག་མཎྜལ། དགེ་བསྔོ་བྱས། སློབ་མ་གྲོལ་བའོ། །ཉིན་གསུམ་བཞིར་དབང་ཁོག་རྣལ་འབྱོར་རྒྱུན་དབང་བྱས་པ་ཡིན་པས་ཟུར་དུ་བསྐུར་མི་དགོས། ༈ ཉིན་ལྔ་པར། བཀའ་བརྒྱད་ལས་བྱང་བསྙེན་པ་བུམ་བཟླས་བཅས་གཏོར་བསྔོ་སྡེ་དཔོན་སོགས་གཏེར་གཞི་བཅས་རྫོགས་པར་བཏང་། སྐབས་འདིར་དངོས་གྲུབ་ཀྱི་རྫས་བཤམས་པ་ལ། དཀྱིལ་འཁོར་ཤར་དུ་ཅོག་སྟེགས་ཁེབས་དཀར་པོ་དང་ལྡན་པའི་སྟེང་དུ་གྲོ་ཡིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་སྟེང་མཉྫི་མཐོ་བའི་ཁར་སྨན་གྱི་ཕོ་བྲང་ཁར་ཐོད་པ་ཁ་སྦྱར་བཀོད་ལ། ཕྱི་ནས་སྟེགས་ཁེབས་ཀྱིས་གཡོགས། དེའི་མདུན་དུ་ལྷ་བུམ་བཅུ་སོ་སོའི་བུམ་ ཆུ་གཅིག་ཏུ་བསྡུས། དུས་རྒྱུན་སློབ་དཔོན་མདུན་གྱི་རྣམ་བུམ་དུ་བླུགས་པ་དང་། གཡས་སུ་སྔར་གྱི་དཀྱིལ་འཁོར་ལྷོའི་འབྲང་རྒྱས་ལས་བཞི་མཆོག་བཅས་རང་


GTN005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མེ་རིའི་རྒྱན་ཅན་བཟའ་བཅའ་སྣ་ཚོགས་ཀྱིས་ཁ་གསོས་པ་བཞག །གཡོན་དུ་ཐོད་པར་ཆང་བཟང་པོར་མངར་གསུམ་དང་། ཨ་མྲ໏་ཏས་སྦགས་པའི་བདུད་རྩི་དང་། དེ་ཉིད་ཁ་གསོ་བའི་སྣོད་གས་ཆག་མེད་པའི་ནང་དུ་བུ་རམ་དང་བྱིན་ཅན་གྱི་ཕབས་ལྡན། རྒྱབ་ཏུ་ཀ་ཏོ་རའི་སྣོད་དུ་མངར་གསུམ་བསྲེས་པའི་གྲོ་མཐུད་ཀྱི་རིལ་བུ། སློབ་དཔོན་མདུན་དུ་ཆང་དང་རཀྟ་བསྲེས་པའི་དུང་ཞལ་སྣོད་དང་། ཁེམ་ཐུར་བཅས་བཟེད་ཞལ་གྱི་སྣོད་ཀ་པཱ་ལ་སྟོང་པ་སྟེགས་བཅས་བཀོད་དོ། །དཀྱིལ་འཁོར་མདུན་དུ་རྒྱལ་ཚབ་པ་ཞྭ་ཆོས་རྡོར་དྲིལ་བཅས་བཞེངས། གཡོན་དུ་གུ་གུལ་དུད་པ་དང་། ཐུན་ཟེ་ཞྭ་བཅས་ལས་རྡོར་འཁོར། རྔ་རོལ་འབུད་བརྡུང་དབྱངས་བཅས། ཧཱུྃ། བདེ་གཤེགས་འདུས་པ་སོགས། ལས་རྡོར་རྒྱལ་ཚབ་བཅས་དཀྱིལ་འཁོར་བསྐོར་ཐུན་བྲབ། ཧཱུྃ། མི་བཟད་ཁྲོ་གཏུམ་སོགས་མཚམས་བཅད། རྒྱལ་ཚབ་ལས་རྡོར་བཅས་གཡབ་དར་སོགས། ཧཱུྃ། དུས་གསུམ་བདེ་གཤེགས་བྱིན་འབེབས་བརྒྱུད་གསུམ་རོལ་མོ་བཅས་རྒྱལ་ཚབ་ཁྲིར་འཁོད། བདུད་རྩི་བྱིན་རླབས། རཾ་ཡཾ་ཁཾ་སོགས། ལས་བྱང་བཞིན་རྩ་བའི་དཀྱིལ་འཁོར་ནས། ཞི་བསྙེན། དཔལ་དགུ་སོགས་ཀྱི་སྔགས་མཐར། སརྦ་ཨ་མྲ໏་ཏ་བཏགས་པ་ལྔ་བཅུ་རེ་བཟླ། བདག་ཉིད་དཔལ་ཆེན་པོ་སོགས། འགལ་བར་གྱུར། ཞི་བསྙེན་ལ། ས་མ་ཡ་བཏགས་པ་སུམ་ཅུ། ཆེ་མཆོག་ལྔ་བཅུ། གཞན་བརྒྱད་སོགས་ཉེར་གཅིག་རེ་བཟླས་མཐར། ཧཱུྃ། རིང་པོ་ལན་གསུམ་བརྗོད་པར་སློབ་དཔོན་གྱིས་བདུད་རྩི་རཀྟ་སྦྱར་བ་སྒྲོན་སྐྱོང་ལན་གཅིག་འཕྱར། གཉིས་བསྡུས་སོགས། ཧཱུྃ་ལ་གོང་བཞིན་


GTN005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར། སྣང་སྲིད་སོགས། ཧཱུྃ་ལ་འཕྱར། བདེ་གཤེགས་སོགས། ཧཱུྃ་བཅོམ་ལྡན་ནས། ཞི་བསྙེན་དཔལ་དགུའི་སྙིང་པོ་བཅས་ལན་གསུམ་རེ། མཐར་མ་ཧཱ་རཀྟ་ཁཱ་ཧི། ལན་གསུམ་ལ་སློབ་དཔོན་དུང་ཞལ་དུ་བདུད་རྩི་རཀྟ་སྦྱར་བ་ཕྱག་གཉིས་ཀས་བཟུང་སྟེ་བཟེད་ཞལ་དུ་ལན་གསུམ་ཕུལ། ཞི་བསྙེན་དཔལ་དགུ་བཅས་ལན་ཉེར་གཅིག་རེ་སོ་སོར་སྟོང་ཚིག་མཆོད་པ་བཅས། སྐབས་འདིར་ལས་རྡོར་གྱིས། སློབ་དཔོན་གྱི་བཟེད་ཞལ། ཁེམ་ཐུར་བཅས་བླངས་ནས་བཟེད་ཞལ་གྱི་རཀྟ་གཏོར་མ་ལ་བྲན། དཀྱིལ་མདུན་གྱི་བདུད་རྩི་ལའང་ཅུང་ཟད་བསྲེས་ནས་ཡང་སློབ་དཔོན་མདུན་དུ་ཕུལ། དེ་ལྟར་གསོལ་སོགས། སློབ་དཔོན་དྲིལ་བཅས་སྨན་གྱི་བཟེད་ཞལ་ཐོགས། ཧཱུྃ། རང་བྱུང་གདོད་ནས་སོགས། སྨན་མཆོད་རྒྱས་པ་དངོས་གྲུབ་བླངས་པའི་བར། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་འཇམ་རོལ་འབུད་དཀྲོལ་ལ་རྒྱལ་ཚབ་ཞྭ་གོས་རྡོར་དྲིལ་བཅས་སློབ་དཔོན་མདུན་གྱི་བཟེད་ཞལ་ནས་གཡོན་པའི་སྲིན་ལག་གིས་རྡོ་རྗེ་རྒྱལ་པོ་ནས་བཟུང་འདུས་པ་ཚང་མའི་གནས་གསུམ་དུ་ཐིག་ལེ་བྱ། ལས་རྡོར་དང་ཚོགས་གཉེར་བ་རྣམས་ཀྱིས། སྒྲུབ་རྫས་ལས་བཞིའི་འབྲང་རྒྱས། ཤིང་ཐོག །མངར་གསུམ་རིལ་བུ་སོགས་གཙོ་ཕལ་དེར་འཚོགས་ཀུན་ལ་འདང་ངེས་བསྒྲིགས། སྐུ་གསུང་ཐུགས་ཀྱི་སོགས་བརྗོད། རྒྱལ་ཚབ་སོགས་ཞྭ་གོས་བཅས་སྨན་གྱི་ཕོ་བྲང་། ཡུམ་གྱིས་རྣམ་བུམ། ལས་རྡོར། བདུད་རྩི། གཞན་རོགས་ཁ་ཤས་ཀྱིས། དངོས་གྲུབ་རྫས་དང་རིལ་བུ་


GTN005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོག་སོགས་བསྣམས་ཏེ་གཞུང་གྲལ་དཀྱིལ་དུ་ཕྱིན། འདུས་པས་དྲིལ་འཛིན་རྩ་གདངས་ཀྱིས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་སོགས། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་འཇམ་རོལ་བཅས། རྡོ་རྗེ་སློབ་དཔོན་ནས་བཟུང་འདུས་པ་རྣམས་ལ་བྲིམ་ཞིང་དངོས་གྲུབ་ཀྱི་རྫས་ལ་རོལ། ལྷག་མ་དངོས་གྲུབ་ཏུ་རོལ་བས་སོགས་བརྗོད། ཚོགས་བྱིན་རླབས་ནས་བསྒྲལ་མཐར་ཆ་གསུམ་བཅས་ལྷག་མའི་བར་བཏང་ངོ་། །དེ་ནས་དབང་གྲལ་འཚོགས། ༈ རྩ་བའི་ས་བཅད་བཞི་པ་ཞར་བྱུང་འཕྲོས་དོན་ལ། གོང་སྨྲོས་དབུས་གཙང་ གསན་ཡིག་ཏུ། ཞི་བ་དབང་གི་རིམ་པ་དང་། སྔགས་སྒྲུབ་ནང་མའི་དབང་ཆོག་པདྨ་ཤེལ་ཕུག་མ་བྱུང་ཡང་། ཁམས་ཀཿ ཐོག་བརྒྱུད་པར་བཞུགས་པ་ལྟར་བསྐུར་བ་ལ། སྟ་གོན་སྔར་སོང་བས་མཐུས་རྩིས་བྱས་ན། ཁྲུས། སྔོན་གཏོར། བགེགས་སྐྲོད། མཚམས་བཅད། དབང་བཤད་བསྡུས་ཙམ་ནས། མཎྜལ་ཕུལ། མིག་དར་མེ་ཏོག་གཏད། ཞི་བའི་ཆོས་སྐོར་རིམ་པ་དབང་གི་ལས་ལྟར། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མེད་གོ་འཕང་མཆོག་སྙེམ་པའི་སོགས། ཛྙཱ་ན་ན་མ་ཡ་ཧཱུྃ། དེ་ནས་མེ་ཏོག་དོར་བ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་སོགས། མིག་དར་བསལ་བ་སོགས་ནར་འདེད་ཀྱིས་ཡོན་བདག་དབུས་སུ་སྤྱན་དྲངས་ཏེ། དཀྱིལ་འཁོར་དུ་བཞུགས་སུ་གསོལ། བར། དེ་ནས་བུམ་པས་དབང་བསྐུར་ཏེ། སློབ་མའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལྔ་བཀོད་ལ། དེའི་སྟེང་དུ་སོགས་ནས་ནར་འདེད། འགྲོ་རྣམས་ཡེ་ཤེས་ཆེན་པོའི་ངང་དུ་གཉིས་སུ་མེད་པའི་


GTN005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པར་གྱུར་ཅིག །དབང་ཆོག་པདྨ་ཤེལ་ཕུག་ནས། དེ་ལ་དང་པོ་ཞི་བའི་དབང་རྫས་ལ་དྲུག་སྟེ། ཞེས་པ་ནས་ནར་འདེད། ཕྲིན་ལས་བདག་ཉིད་ཆེན་པོར་བསམ། བར་ཡིག་ཆེ་ཆུང་མེད་པ་བཏང་། དེ་ནས་དྲེགས་པའི་མཐུ་དབང་ནི། དྲེགས་པའི་སྡེ་དཔོན་སུམ་ཅུའི་སྒྲུབ་ཐབས་མཇུག་གི་ཐོ་རངས་སྐྱ་རེངས་ཤར་བ་ལ། རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཞེས་པས། དེ་ནས་དྲེགས་པའི་མཐུ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སློབ་དཔོན་དགོངས་སུ་གསོལ། སོགས་ནས་ནར་འདེད། དགྲ་སྲོག་རྩད་ནས་གཅོད་པར་ཤོག །དྲག་པོ་མཐུ་ཡི་དབང་བསྐུར་བ་སོགས། ཟས་ནོར་འཕེལ་ལོ་བར་བརྗོད། དེ་ནས་བཀྲ་ཤིས། ཁས་བླང་། ལུས་དབུལ། མཎྜལ། དགེ་བསྔོ་བྱས་སློབ་མ་རྣམས་གྲོལ་ལོ། །དེ་རྗེས་གཏོར་འབུལ། བསྐུལ་བ་ཆད་བསྟན། རྟ་བྲོ་མཆོད་བསྟོད། བཟོད་གསོལ། ཡིག་བརྒྱ་ལན་གསུམ། རས་བྲིས་བརྟན་བཞུགས། བསྡུ་རིམ། གོ་བསྒོ། སྐབས་འདིར་ཁྲོ་བཅུའི་ཕུར་པ་མ་གཏོགས་པའི་མཆོད་སྟེགས་དཀྱིལ་འཁོར་རྒྱན་ཆས་སོགས་ལེགས་པར་བསྡུ་ཚགས་བྱེད་པས་དེ་སྐབས་ཞི་ཁྲོ་སྤྱི་སྔགས་འཚམས་པ་བཟླ། སློབ་དཔོན་དྲིལ་བཅས་དཀྱིལ་མདུན་ཕེབས་ནས། ཨོཾ་བཛྲ་ཀི་ལཱ་ཡ་སོགས་ཚར་བཅུ་དང་བསྟུན་ཧཱུྃ་མཛད་རྒྱས་པ་ཁྲོ་བཅུའི་ཕུར་བུ་རྣམས་འོག་གི་ཕུར་བུ་དང་མཚམས་གཞི་གཡས་བསྐོར་དང་། བྱང་ནས་ཕྱོགས་བཞི་གཡོན་བསྐོར་གྱིས་སྟེང་ཕུར་བཅས་གདབ་རིམ་ལྡོག་ཕྱོགས་སུ་ཕྱུང་ལ་ཀ་ཏོ་


GTN005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རའི་སྣོད་དུ་བཀོད། ཨོཾ་རུ་རུ་སྥུ་རུ། སོགས། སྤྱན་མའི་སྔགས་ལན་བདུན་ལ་ཕྱག་སོར་གྱི་འོ་མས་ཕུར་རྩེ་བཀྲུ་ཕུར་ཁུང་དུ་འཐོར། དེ་ནས་དཔོན་སློབ་དར་དཀར་ཡུག་རིང་གིས་སྦྲེལ་ལ། རྒྱལ་ཚབ་བམ། སློབ་དཔོན་ནས་བཤད་པ་བཅས། ཐམས་ཅད་མར་མེ་བསྣམས་ནས་རྗེས་ཟློས་བཅས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སོགས། མར་མེ་སྨོན་ལམ་ཚིག་ཐ་མ་བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ལན་གསུམ་བྱ། དེ་རྗེས། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས། སྨོན་ལམ་རྒྱས་པ་དབྱངས་རྟ་བཅས། འདུས་པར་འབྲུ་དཀར་བཀྲམ། རྟེན་འབྲེལ་སྙིང་པོ་བཟླ། བཀྲ་ཤིས་ཞལ་སྐོར་རྒྱས་པ་དང་། རོལ་མོ་འབུད་དཀྲོལ་སོགས་མཛད་དོ། །སྐབས་འདིར་ཞི་རྒྱས་ཀྱི་སྦྱིན་སྲེག་མཛད་ན། ཉིན་སྔ་མ་དབང་གྲོལ་རྗེས་ཚོམ་ བུ་འགོད་པ་དང་། འདི་ཉིན་དབང་གྲོལ་རྗེས་སྦྱིན་སྲེག་མཛད་པ་ལེགས་སོ། །སྨྲས་པ། སྔ་འགྱུར་རྒྱུད་སྡེའི་རི་བོ་ལྷུན་སྟུག་སྤོར། །སྨིན་བྱེད་དབང་གི་ཙན་དན་ས་མཆོག་གི །ནགས་ཚལ་ཉམས་དགའ་ལྷོ་ཀླུང་གིས་བསྐྱོད་པས། །ཕྱག་བཞེས་དྲི་བསུང་ངད་པ་ཆེས་ཆེར་འཐུལ། །ཐོས་བསམ་སྒོམ་པའི་ལང་ཚོ་དར་དྲག་ཅིང་། །སྐྱེས་སྦྱངས་མཁྱེན་རབ་རྒྱན་ཆས་ལེགས་ཕྱུག་པའི། །


GTN005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་མཆོག་རྣམས་ཡིད་དབང་ཚིམ་བྱེད་ཕྱིར། །ལེགས་བཤད་འདི་ཡང་བྱས་པ་དོན་ལྡན་རིགས། །དེ་མཐུས་རྒྱལ་བསྟན་དར་ཞིང་སྐྱེ་དགུ་བདེ། །འདྲེན་པ་ཡོངས་ཀྱི་ཞབས་བརྟན་ཆོས་ཚུལ་འདིར། །འཇུག་པའི་དགེ་བ་བྱང་ཆེན་མཆོག་ཏུ་བསྔོ། །ཐོག་མཐའ་བར་དུ་བཀྲ་ཤིས་དགེ་ལེགས་སྩོལ། །ཅེས་བཀའ་བརྒྱད་བདེ་གཤེགས་འདུས་པར་དབང་ཆོག་རྒྱས་པ་ཉིན་ལྔ་མའི་ ཟིན་བྲིས་འདི། སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་བ་དཔལ་སྤུངས་འཆི་མེད་སྤྲུལ་སྐུས་གསུང་ནན་མ་ཆོག་པར་ཤཱཀྱའི་དགེ་སློང་རྒན་པོ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་མཁན་པོའི་ཚུལ་བཟུང་བ་ལྔ་རིགས་སྨྲ་བའི་ཡང་ཐར་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་རང་ཤག་བདེ་བ་ཅན་དུ་སྦྱར་པ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་གསལ་བའི་རྒྱུར་གྱུར་ཅིག །མངྒ་ལ་ཤྲཱི་དཱི་པཾ་ཛམྦུ་དཱི་པྰ་ལམ་ཀ་ར་བྷཱུ་ཕཱེཔཱདཱ། དབང་ཆོག་འདི་རྣམས་ལ་མཛེས་ཆོས་ཀྱི་ཚིག་སྦྱོར་ལོགས་སྤྲོས་སེམས་ཀྱང། བྱིན་རླབས་ཉམས་པའི་རྒྱུར་འགྲོ་དོགས། སྔར་ནས་ཕྱག་བཞེས་དཔེ་རྒྱུན་མ་ཉམས་པར་མཛད་སྲོལ་ལྟར་སོར་བཞག་བྱས་པ་དགོངས་དགོས་སོ། །ཞེས་ཀྱང་སྨྲས་སོ།། །།


previousབཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ།next