Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

6 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན།
  
  
  


6 occurrences of ཁྲོལ་བུ་
[Clear Hits]

 
previousབདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན།next

བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན།


GTN005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན་རྣམས་བཞུགས་སོ། །སྤྱིར་སྨན་གྱི་དབྱེ་བསྡུའི་རིམ་པ་མདོར་བསྡུ་ན་རྩ་བ་དང་ཡན་ལག་གཉིས་སམ། ཤ་ལྔ་དང་བདུད་རྩི་ལྔར་བྱེད་དམ། རྩ་བ་བརྒྱད་དང་། ལོ་མ་སྟོང་དུ་རྣམ་ པར་དབྱེ་བ་ལ་སོགས་པའི་སྨན་གྱི་ངོས་བཟུང་ཚུལ་དང་། བརྟན་གཡོ་སྣོད་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་སྒྲུབ་ཚུལ་གྱི་རྣམ་བཤད་སོགས་ནི། སྨན་སྒྲུབ་ཀྱི་གཞུང་ལས་ཞིབ་འགྲེལ་དུ་གསུངས་པས་འདིར་མ་སྨོས་ཤིང་། བྱེ་བྲག་ལག་ལེན་དངོས་གཞི་ལ་ཉེ་བར་མཁོ་བའི་སྦྱོར་ཚོད་ནི། སྨན་གྱི་རྒྱུའི་གཙོ་བོ། ཨ་གར་སྐྱུར་གསུམ་ཡིན་ལ་དེའི་ནང་ནས་ཀྱང་། ཨ་རུ་ར་བོང་ཅི་ཙམ་ཆེ་ཡང་བཟང་ཞིང་འགལ་བ་མེད་པས་རབ་གསེར་མདོག །མ་འབྱོར་ཀྱང་ཨ་རུ་ར་ཕལ་པ་ཅི་ཙམ་ཡང་མང་གིས་སྨན་གྱི་རྒྱུའི་ཁོག་ཕུབ། བ་རུ་ར། སྐྱུ་རུ་ར་གཉིས་ཧ་ཅང་མང་ན་ཁ་བ་དང་སྐྱུར་བ་སོགས་བྲོ་ལ་གནོད་པའི་ཕྱིར་ཨ་རུ་རའི་ལྔ་ཆ་ཙམ་གྱིས་འགྲུབ་ལ་དེར་རྗེས་སུ། མ་ནུ། རུ་རྟ། དཔའ་བོ་སེར་པོ། ལྕུམ་རྩ། ཀནྡྷ་ཀ་རི། ཤིང་མངར་ རྣམས་ཀྱང་བ་རུ་སྐྱུ་རུའི་ཚོད་བཞིན་རེ་རེ་ཡང་ཨ་རུའི་ལྔ་ཆ་ཙམ་རེ་བཏང་། དབང་ ལག །གཏེར་སྟོན་གྱི་གསུང་རྒྱུན་ལས་དཔུང་བསྐྱེད་པར་གསུངས་ཀྱང་དམ་ཆེས་ན་སྣོལ་དུས་སུ་ཐམས་ཅད་གོང་བུ་གཅིག་ཏུ་དྲིལ་བ་དང་། ཁ་དོག་ནག་པ་སོགས་


GTN005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉེས་དམིགས་འདུག་པས། བ་རུ་སྐྱུ་རུའི་ཕྱེད་ཆ་ཙམ་རེ་བཏང་། དམ་ཧ་ཅང་ཉུང་ན་ཡང་སྨན་སྣོད་ལ་མཁལ་བ་དང་། ཁ་དོག་སྐྱ་བ་དང་ཕྱེ་མ་ཐལ་ཐལ་དུ་འགྱུར་བ་སོགས་འབྱུང་བས་རན་ཚོད་སྐབས་དང་སྦྱར། གཞན་མ་སྔོ་སྨན་རྡོ་སྨན་ཤིང་སྨན་ཤ་སྣ་སོགས་མདོར་ན་འདིར་གཏོང་དུ་མི་རུང་བའི་རྫས་གང་ཡང་མི་འདུག་མོད་ཀྱང་། ཕལ་ཆེར་ཕབས་རྒྱུན་ལ་བཞུགས་པས་གོ་ཚོད་རྒྱུད་དུ་བྱས། དངོས་སུ་འབྱོར་བ་ནི་ཁ་དོག་དྲི་རོ་སོགས་ཕུན་སུམ་ཚོགས་པའི་སྨན་རྣམས་ཀྱིས་ཐོག་དྲངས་སྨན་ལ་རྒྱུག་ཆེ་བའི་རིགས་གང་འཛོམས་སྣ་ཚོགས་ཙམ་རེ་བཏང་། ཙནྡན་དཀར་དམར། བཟང་དྲུག་སོགས་ནི་འབྱོར་ན་གང་མང་དང་། མ་འབྱོར་ཀྱང་ཧ་ཅང་མང་གནད་མི་དགོས་ཤིང་། གླ་རྩི་དྲི་ཐོན་ཙམ་ལས་མི་མང་ཞིང་། གཞན་ཡང་ཤིང་ཚ་སོགས་དྲི་ངད་ཆེ་ཞིང་ཧ་ཅང་མི་ཞིམ་པ་རྣམས་རན་ཚོད་དུ་བཏང་བ་དང་། སྨན་གྱི་དཔུང་བསྐྱེད་པ་ལ་སེ་འབྲུམ་གྱི་རྩམ་པ་དང་། ལི་ག་དུར་གཉིས་ཕན་ཡོན་ཆེ་བ་ཨ་རུ་ར་དང་ཆ་མཉམ་ལ་ཁད་བཏང་ཡང་འགལ་བ་ཆུང་། སྨན་གྱི་དཔུང་བསྐྱེད་རྒྱུ་ཚོགས་མ་འབྱོར་ན་འབྲས་ཆུ་ལ་བཀྱུས་པའི་རྩམ་པའམ་ཞིབ་ཆེན་དར་ཚགས་རྒྱབ་པ་གང་རུང་ཡང་ཨ་རུ་ར་དང་མཉམ་པ་བཏང་སྲོལ་འདུག་པ་བཞིན་བཏང་ཡང་སྨན་མང་བའི་ཤམ་པ་ཡིན་ལ། སྨན་འབྱོར་ན་དེ་གཉིས་མང་དུ་དགོས་པ་མེད་དོ། །སྤྱིར་གྱི་སྨན་རྣམས་ཁ་དོག་སེར་བ། དམར་སེར། དཀར་བ་རྣམས་དང་། དྲི་ངད་མི་སྡུག་ཤིང་བཟང་བ་རྣམས་དང་། རོ་མངར་བ་སྐ་བ་ཅུང་ཟད་སྐྱུར་བ་རྣམས་དཔུང་


GTN005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དུ་རུང་བས་སྨན་གྱི་ཁ་དོག་དྲི་རོའི་རྣམ་གྲངས་ཡིན་ལ། དེ་ལས་བཟློག་པའི་ཁ་དོག་སྔོ་ལྗང་ནག་པ་དམར་སྨུག་སོགས་དང་། ཁམས་ལ་ཕོག་པའི་དྲི་མ་དུག་ཅན་རྣམས་དང་། རོ་ཧ་ཅང་སྐྱུར་བ་ཚ་བ་ཁ་བ་ལན་ཚ་བ་སོགས་རྣམས་ཕོག་ཆེས་ན་སྨན་གྱི་ཁ་དོག་དྲི་རོ་ལ་གནོད་པར་འགྱུར་བའི་ཕྱིར་ཇི་ལྟར་འཚམས་པ་རིགས་པས་དཔྱད་དགོས། མདོར་ན་སྦྱར་ཟིན་པའི་ཁ་དོག་ནི་སོ་སོར་ཅུང་ཟད་དམར་མདངས་སྣུམ་བག་དང་ལྡན་པ་བཟང་དྲུག་གི་ན་གི་བཏུལ་བ་རུ་རྟ་སོགས་ཀྱིས་དྲི་གཙོ་བོར་བསྣམས་པར་རོ་ནི་ཨ་རུ་ར་གསེར་མདོག་ཆང་དང་འདྲེས་པ་ལྟ་བུའི་རོ་བྲོ་བ་དགོས་ཤིང་། སྨན་གཏོང་བའི་སྐབས་སུ་ཁ་དོག་དཀར་པོའི་རིགས་ཇི་ཙམ་མང་ཡང་གུར་གུམ་དང་ཡུང་བ་སོགས་ཀྱིས་ཚོས་བསྒྱུར་དུ་རུང་ལ། ནག་མདོག་གི་རིགས་ནི་སེར་པོ་བསྒྱུར་དཀའ་བས་མང་བར་མ་རྟགས་རྩམ་བག་ཟོན་བྱའོ། །རྡོ་སྨན་གྱི་རིགས་མང་ན་སོ་སག་ཅིང་ཐལ་ཕྱེའི་རྣམ་པར་འགྱུར་བས། ཧ་ཅང་མང་བར་མི་བཏང་། previous hit ཁྲོལ་བསྒྲུབས་ཟིན་ནས་སྨན་སྡོང་པོ་རྩ་བ་ལོ་མ་ཡལ་ག་འབྲས་བུ next hit་ཆེ་བ་རྣམས་སོ་སོར་འཐག་ཅིང་ཐམས་ཅད་ཀྱང་དར་ལེགས་པར་མ་བཙགས་ན་ཐོག་མ་ཞིབ་མདོག་ཁ་ཡང་བརླན་བཏབ་དུས་རྩ་དང་སོགས་པ་སོགས་ཟིང་ཟིང་པོར་འགྱུར་བས་སྨན་ལ་སྦྱར་དགོས་ཐམས་ཅད་འཚོགས་པ་ཁོ་ན་གནད་ཆེ་ཞིང་། བསྲེ་བ་ནི་ཕྱེ་མ་སྐམ་པོའི་སྐབས་ནས་འདྲེས་པར་བསྲེ་ཞིང་མ་དཀྲུགས་ན་བརླན་གྱིས་ཐེབས་ནས་འདྲེས་པར་དཀའ་འོ། །ཆུ་གཙང་དང་འོ་མ་བདུད་རྩིའི་


GTN005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྲུས་སྦོལ་བའི་ཚད་ནི་བྱེ་མ་ལ་ཆར་ཟིན་བབ་པའམ་སྤོབས་ཏ་གར་མའི་ཚོད་ཙམ་སྦོལ་ཞིང་། སྣོལ་ཟིན་པ་ལ་ཆང་གི་ཕབས་རྩི་ལེགས་པར་བཙགས་པར་ཆར་བུ་ལ་འདེབས་པའི་ཚོད་ཙམ་སྙོམས་འདེབས་བྱའོ། །བྱིན་རླབས་ཀྱི་ཕབས་ནི་གང་ཞིབ་འཐག་པ་ལས་བཙགས་ན་སྣོད་ལ་འཁོས་ནས་གོས་ཟེགས་སུ་འགྱུར་ཞིང་། འདེབས་ལུགས་ནི་བདུད་རྩི་ལ་སྦྱར་ནས་ཁ་ཕྲུའི་སྐབས་སུ་འདེབས་པའི་སྲོལ་འདུག་ལ། སྐམ་པའི་སྐབས་ནས་བསྲེས་ཀྱང་འགལ་བ་ཆུང་ངོ་། །ཆོ་ག་ལས་འབྱུང་བའི་བརྡུང་ཚགས་སྦོལ་བ་འཇལ་བ་སོགས། འཛུགས་རན་ཁར་ཆོ་ག་དང་བསྟུན་ནས་མཚོན་བྱེད་ཙམ་རེ་རྟིང་ལ་བྱེད་པ་མ་གཏོགས་ཕལ་ཆེན་སྔོན་ནས་བཏགས་ཟིན་པ་དགོས་ལ། འཇལ་བ་ཡང་སྐམ་པོའི་སྐབས་སུ་འཇལ་ཞིང་བདུད་རྩིའི་ཁ་བྲུ་བཏབ་ནས་སྦོལ་ཞིང་དར་ཁུག་ཏུ་བླུགས་ལ་རྒྱས་གདབ་པ་ཁོ་ན་ཡིན། དེ་དག་གི་ཕྱག་ལེན་དང་བསྟུན་པའི་ཆོ་ག་དང་བྱིན་རླབས་བྱ་ཚུལ་ནི། སྨན་གྱི་ཁོག་ཕུབ་དང་previous hit ཁྲོལབུ ་ཕྱེ་མ་རིལ་བུའི་སྒྲུབ་ཐབས་པྲ་ཁྲིད་དང་བཅས་པ་རྣམས་ལས་འབྱུང་བ་བཞིན་བྱས་ལ། བགེགས་བསྐྲད་དང་བསྐྱེད་ཆོག་དཀྱིལ་འཁོར་གྱི་སྟེང་དུ་འགོད་ལུགས་རྣམས་ཀྱང་སྒྲུབ་ཁོག་ལས་འཁྱུད་པའི་ཕྱིར་རེ་རེ་ཞིབ་པར་མ་བཀོད། སྨན་སྐོལ་བའི་ཚུལ་ནི་ལྡིང་ཁྲིའི་སྟེང་དུ་ཀ་ཏོ་ར་ནས་དང་རིན་པོ་ཆེས་བཀང་བ་


GTN005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༼ནས་༽ཆུས་སྦོལ་ནས་གཤོར་དང་ལྡན་པར་བྱས་དཀྱིལ་ཀྱོང་མོར་མོ་ཐོད་བཞག །དེའི་ནང་དུ་སྨན་གྱི་དར་ཁུག་བཙུགས། སྟེང་ནས་ཕོ་ཐོད་ཀྱིས་བཀབ་པའི་ཕྱི་ནས་དར་རས་ཀྱི་ན་བཟའ་གཙང་མས་རླུང་གསེབ་མི་འཆོར་བར་བསྒྲིབས་ནས་བཞག་ཅིང་ཀ་ཏོ་རའི་ཐིམ་ལག་པས་སྲན་ཚུགས་ཚད་ཙམ་རྒྱུན་དང་ཡོང་བར་བྱ་ཞིང་། མར་མེའི་མཐའ་ཡང་ཡོལ་བས་བསྒྲིབས་ཏེ་མེ་ངད་རླུང་གིས་མི་འཕྲོག་པར་བྱས་ལ་གཅིག་གི་ཐང་ཧ་ཅང་ཚ་བ་མ་ཡིན་པར་སྨན་གྱི་ཁང་བུ་དེ་སྤྱི་སྙོམས་སུ་ཚ་ཆིའི་ལེ་མས་སོང་བར་བྱ་བ་ནི་སྨན་མྱུར་དུ་ལང་བའི་གནད་ཡིན་ཞིང་། དབྱར་རུལ་བ། དགུན་འཁྱག་པ། དཔྱིད་དུས་སྙོམས་པ་སོགས་འབྱུང་བས་ན་ནམ་ཟླ་དེ་དག་དང་བསྟུན་པའི་ཚ་ཚོད་གྲང་ཚོད་དང་སྐམ་རློན་གྱི་གནད་ཤེས་པར་བྱའོ། །སྒྲུབ་པའི་སྒང་ལའང་ཞག་རེ་བཞིན་དར་ཁུག་གི་ཕྱི་ནས་རུལ་མ་རུལ་ལངས་མ་ལངས་དྲི་ངད་ཞིམ་སྐམ་གཤེར་ཚ་གྲང་སོགས་ཅི་འདྲ་འདུག་འཕྲལ་དུ་ལྟ་དགོས་ལ། སྐྱོན་དེ་དག་འདུག་ན་དེ་བཅོས་ཐབས་ཀྱི་ལག་ལེན་ལ་འབད་དགོས། མདོར་ན་སྨན་གྱི་ཁུག་མའི་ཕྱི་ནས་ལག་པས་རེག་ཚེ་ཆང་ལངས་འཕྲལ་ཀྱི་ཁ་ལ་རེག་པ་གྱིས་དྲོད་ཉིན་མཚན་ཁོར་ཡུག་ཏུ་ལྡན་དགོས། ནམ་ཟླ་སྟོད་སྨད་ལྟ་བུ་འབྱུང་བ་སྙོམས་པའི་དུས་མིན་ན་མ་གཏོགས་ཞག་བདུན་ལས་སྤྲོས་པའི་སྒྲུབ་ཡུན་ཧ་ཅང་རིང་བ་དང་ལྔ་ལས་ཐུང་བ་མི་བྱ་ཞིང་། གྲོལ་བའི་ཚེ་དར་ཁུག་ནས་བྱོ་ནས་བཟོ་དབྱིབས་སོགས་ལ་པྲ་བཏགས། དེ་རྗེས་སྐམ་རློན་སྔ་མ་བཞིན་འདུག་ན་དེ་དག་སྦོལ་བས་འཐུས་ལ། གལ་ཏེ་སྐམ་པའི་རྣམ་པ་འདུག་ན་ཐོག་མར་སྐོར་ཅིག་
འཕུར་ཟིན་པ་དང་། གོང་བཞིན་བདུད་རྩིའི་ཁ་བྲུ་བཏབ་ནས་སྦོལ་ཞིང་། སྦོལ་རྗེས་སུ་ཁུག་མར་བླུགས་ནས་རླུང་གསེང་མི་འཆོལ་བར་འཇོག་པ་ནི་སླར་ཡང་དྲི་ངད་ཡལ་མི་འགྲོ་བའི་གནད་དོ། །གལ་ཏེ་ཁ་དོག་སྐྱ་བོ་དང་ཐལ་ཤུ་སོགས་བྱུང་ན་གུར་གུམ་གྱི་ཆུ་བཏབ་པ་དང་། སྣུམ་ནག་གཙང་མ་ལག་པར་བྱུགས་ནས་སྣོལ་བ་སོགས་ཕྱག་ལེན་ལ་འདུག་ཅིང། སྦོལ་བའི་སྣོད་ཤིང་གཞོང་དང་། རྫ་གཞོང་གས་གྲུམ་མེད་པ་ཁོ་ནས་ཆོག་ཅིང་ཀ་ཏོ་ར་སོགས་གཡའ་ཅན་གྱི་རིགས་དང་ཁྱད་པར་ལྕགས་སྣོད་ལྕགས་ཐུར་སོགས་ཀྱི་འདྲ་འདྲེབ་མ་སོང་བ་གལ་ཆེ་ཞིང་། སྦོལ་བའི་ཆུ་ཡང་ནག་ཚུར་ཡོང་བའི་ཆུ་ཤོར་ན་ཁ་དོག་ནག་པོར་འགྱུར་བའི་ཕྱིར་བག་ཟོན་དང་གནད་འགག་རིགས་པར་བྱའོ། །


previousབདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན།next