Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ། next

རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ།

༄༅། རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་ཞེས་བྱ་བ་བཞུགས། ཁྲུས་དང་བགེགས་བསྐྲད་བསྲུང་འཁོར་བསྒོམ། དེ་ནས་མེ་ཏོག་བཀྱེ་ནས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་པའི་སྒོ་ནས་ལེགས་པར་གསན་པར་ཞུ། གང་གསན་པར་བྱ་བ་ནི། དེ་ཡང་རང་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་ཀྱང་ཡུན་དུ་མི་གནས་པར་གློ་བུར་དུ་འཆི་བའི་རྐྱེན་མང་པོ་དང་ལྡན་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་གསུངས་པ་ལྟར་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ། སོ་སོར་རྐྱང་ཟད་དང་། གཉིས་གཉིས་མཉམ་དུ་ཟད་པ་སོགས་འཆི་རྐྱེན་གྲངས་མང་བས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་སྤེལ་བ་ལ་སོགས་པས་གསོ་བར་བཤད་པ་ལས། འདིར་ཚེ་སྒྲུབ་ཀྱི་ཆོ་ག་བགྱི་བ་ལ་ཡང་། ཚེ་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་དང་རྣམ་པ་བཞི་ལས། དང་པོ་ཉམས་པའི་རྐྱེན་ནི། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡིད་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། དེ་གསོ་བར་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་ནི། རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་ལ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་མཆིས་པ་ལས། འདིར་ནི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེར་གཏོགས་ཤིང་། ཆོས་འདིའི་སྲོལ་འབྱེད་ཀྱི་གང་ཟག་ནི། ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། ཤར་ཕྱོགས་རྡོ་རྗེ་གཡུ་ཁྲོམ་འགྱིང་ཁུགས་སུ༔ མཁས་མཆོག་ཡེ་ཤེས་དབྱངས་ཀྱི་ཟློས་གར་མཆོག༔ ཐུབ་པའི་མིང་ཅན་རྩལ་ལྡན་ཁྱུང་གཤོག་ཅན༔ མགྲིན་པར་སྨེ་བ་ཐིག་ལེ་ཡུངས་འབྲུ་ཙམ༔ མ་བསླབ་ཆོས་ཀྱི་རང་རྩལ་རྡོལ་བ་འབྱུང༔ ཞེས་དང་། ཡང་གསང་ཌཱཀྐིའི་སྙིང་ཐིག་གི་ཐེམ་བྱང་ལས། བསམ་གཏན་ཡེ་ཤེས་གླིང་པ་ཞེས༔ མུ་རྡོའི་གནས་ནས་ཟབ་གཏེར་འདོན༔ འབྲེལ་ཚད་འགྲོ་ལ་ཕན་པ་འབྱུང༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་དུ་མ་ནས་གསལ་བར་བསྔགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཐུབ་བསྟན་གཞན་ཕན་བཟང་པོའམ་བསམ་གཏན་ཡེ་ཤེས་གླིང་པ་གང་ཉིད་ཀྱིས་རང་བྱུང་རིག་པའི་སྒྲོམ་ནས་དག་པར་ཕབ་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་རྡོ་རྗེ་བདུན་ལྡན་གྱི་ཚེ་དབང་རྡོ་རྗེའི་རྫོང་མཁར་འདི་ཉིད་བསྐུར་བར་བྱ་བ་ལ། སློབ་དཔོན་གྱི་བྱ་བ་དབང་སྒྲུབ་ཚོགས་སྐོང་དང་འབྲེལ་བ། བདག་ཉིད་དཀྱིལ་འཁོར་དུ་ཞུགས་པ་དང་བཅས་སྔོན་དུ་གྲུབ་ནས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མཛོད། མཎྚལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་དབང་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཀྱཻ་རིགས་ཀུན་སོགས་ནས། ལན་སྦྱིན་པ་དང་དམ་ཚིག་བསྒྲགས་མཐར། དེ་ནས་ཁྱེད་རང་རྣམས་ཀྱིས་དམ་ཚིག་རྣམས་བསྲུང་བར་ཁས་ལེན་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ་བཀའ་དྲིན་ཅན་སོགས་ནས། དབང་རྣམས་གནང་བར་བྱ༔ དེ་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་གྱིས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། ཆེན་པོར་བསྔོ༔ དེ་ཡན་ཆད་ཀྱིས་སྔོན་དུ་འགྲོ་བའི་ཆོས་རྣམས་སོང་ནས་ད་ཁྱེད་རང་རྣམས་ཀྱིས་དངོས་གཞིའི་དབང་ཞུ་བ་ལ་ལུས་རྣམ་སྣང་ཆོས་བདུན་དང་། ངག་རླུང་ཁ་སྦྱོར་དང་། ཡིད་གཞན་དུ་མ་གཡེང་བར་དམིགས་པ་འདི་བཞིན་དུ་གྱིས་ཤིག ལས་སྔགས་དང་། ཨོཾ་མ་ཧཱ་ཤུ་ནྱ་སོགས། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སྣང་ཞེན་གྱི་དངོས་པོར་རྟོག་པ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་རང་རིག་འདུས་མ་བྱས་པའི་རང་རྩལ་གྱི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཆུ་སྐྱེས་དང་། ཟླ་བའི་དལ་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་གསལ་ཞིག་ཏུ་སྐྱེད་ཅིག དེ་ཉིད་སྐད་ཅིག་གིས་གནས་འགྱུར་བ་ལས་བཅོམ་ལྡན་འདས་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་བྱུ་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་ཞལ་གཅིག་ཞི་འཛུམ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བའི་བུམ་པ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་བལྟ་བས་ཆོག་མི་ཤེས་པ། འོད་དང་འོད་ཟེར་མུ་མཐའ་མེད་པའི་ཞིང་ཁམས་ཁྱབ་པ་གཅིག་ཏུ་གསལ་བའི་ཐུགས་ཀར་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་གི་དབུས་སུ་ཨཱཿཤད་སྤུས་བྲིས་པ་མར་མེ་ལྟ་བུར་གསལ་བ་ལ་ཏིང་འཛིན་རྩེ་གཅིག་གི་དམིགས་པ་སྲང་ལ་གཞུར་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་སྐུ་ཡིག་ཕྱག་མཚན་གྱི་རྣམ་པར་ཆར་སྤྲིན་གཏིབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལྷར་གསལ་བ་དེ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག ཨོཾ་ཨཱཿཧཱུྃ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ༔ ཨ་མ་ར་ཎ་ཛི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་དང་། ཏིཥྛ་བཛྲ༔ བརྗོད། དེ་ནས་ཚེ་འགུགས་ནི། བདག་མདུན་བུམ་པ་ཚེ་རྫས་སོགས། རཀྵ་རཀྵ་བྷྲུཾ༔ ཚེ་གཟུངས་བརྗོད། ཚེ་དབང་དུ་གྱུར་ཅིག་སོགས། དེ་ནས་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་འཆི་མེད་བདུད་རྩིས་གང་བའི་བུམ་པའི་དབང་བསྐུར་བའི་ཚེ། འཆི་མེད་ཚེ་ཡི་དྭངས་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག མི་ཤིགས་རྡོ་རྗེ་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ དགོས་འདོད་ཀུན་འབྱུང་སོགས། འོ་ཁྱོད་རང་རྣམས་ལ་འཆི་མེད་བདུད་རྩིའི་བུམ་པའི་དབང་བསྐུར་བས་འབྱུང་བ་ལྔས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཅུད་ཤོར་བ་ཐམས་ཅད་བསྡུས་ཤིང་བསྟིམ་ནས་འཆི་མེད་རིག་འཛིན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག དེ་ནས་ཁྱོད་རང་རྣམས་ཀྱི་ལག་གཡོན་པར་ཤེས་རབ་ཀྱི་རྫས་བདུད་རྫིའི་བཏུང་བ་བྱིན་པས་སྟོང་པ་ཉིད་མི་ཤིགས་པ་རྡོ་རྗེའི་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ཀྱི་སོགས། འོ་ཁྱོད་རང་རྣམས་ལ་ཚེ་ཆང་བདུད་རྩིའི་དབང་བསྐུར་བས་ཚེ་ཆུ་བོའི་རྒྱུན་བཞིན་བརྟན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག དེ་ནས་ཁྱོད་རང་རྣམས་ཀྱི་ལག་གཡས་སུ་ཐབས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ རྒྱལ་བའི་སྐུ་གསུང་ཐུགས་སོགས། འོ་ཁྱོད་རང་རྣམས་ལ་འཆི་མེད་བཅུད་དྲིལ་ཚེ་ཡི་རིལ་བུའི་དབང་བསྐུར་བས་སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག གཏོར་མ་འདི་ཉིད་ཕྱི་ལྟར་ན་སྣོད་བཅུད་རྣམ་པར་དག་པ་མཚོན་པའི་དཔལ་གཏོར་རྒྱན་དང་ལྡན་པ་ལ། ནང་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་སུ་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་བཞུགས་པའི་སྟེང་གི་ཆ་ལ་བརྒྱུད་ལྡན་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་མ་ཚོགས་མཁའ་འགྲོ། དམ་ཅན་བསྲུང་མ་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་བས། སྒོ་གསུམ་གྱི་ལས་ཉོན་བག་ཆགས་ཐམས་ཅད་བྱང་ཞིང་དག ལྷ་ཚོགས་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་རྣམ་པས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ ཡེ་ཤེས་ལྷ་ཚོགས་སོགས། དེས་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཐོབ། གནས་སྐབས་སུ་སྒོ་གསུམ་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་ལྷ་སྔགས་ཏིང་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་བཅོམ་ལྡན་འདས་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་གསང་བ་གསུམ་དང་དབྱེར་མེད་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྒྱས་གདབ་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ། ཚེ་བཅུད་དངོས་གྲུབ་དང་། བརྟན་གཡོ་སྣོད་བཅུད་ཀྱི་ཚེ་དཔལ་དྭངས་བཅུད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་བསྟིམ་པས་སྐྱེ་འཆི་བགྲེས་རྒུད་མེད་པའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད་ཅིག ཧྲཱིཿ བཅོམ་ལྡན་མགོན་པོ་སོགས། ཀུ་རུ་ཨོཾ༔ ཧཱུྃ་ཧྲཱིཿ སྐུ་གསུམ་དོན་མཚོན་སོགས། ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་གཟུངས། ཚེ་དབང་དུ་གྱུར་ཅིག་སོགས། དེ་ནས་མཐའ་རྟེན་རྣམས་གཏད་ཅིང་རྗེས་ཆོག་སྤྱི་ལྟར་རོ། །ཅེས་པའང་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེས་བཀའ་གསུང་གིས་ནན་བསྐུལ་མཛད་རྐྱེན་ཆུ་དབར་ཏཱ་རེའི་གནས་མདུན་ནས་དྷེ་ཝ་བཛྲ་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཡར་ཚེས་བཅུ་གཅིག་གི་དགུང་མོ་དབང་གི་དུས་སུ་བལྟ་བདེར་སྦྱར་བ་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག་གུ།


previousརྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ། next