Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད།
   
   


 
previousརྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད།next

རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད་བཞུགས༔

རྡོ་རྗེ་ཕུར་པའི་ལྷ་ལ་འདུད༔ མ་འོངས་རྩུབ་འགྱུར་ལྔ་བདོའི་དུས༔ ཆོས་བྱེད་བར་ཆད་དམ་སྲིས་འཚེ༔ དེ་བཟློག་ཕུར་བའི་སྒྲུབ་ཐབས་སྟོན༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་པས༔ ཚོགས་ཞིང་གསལ་འདེབས་སྐྱབས་སེམས་དང༔ ཡན་ལག་བདུན་པ་སྔོན་སོང་ནས༔ རྒྱུན་གྱི་ཕྲིན་ལས་འདི་ལ་འཇུག༔ ས་མ་ཡཱ༔ ཨཱ༔ ཐམས་ཅད་འོད་གསལ་སྤྲོས་བྲལ་དབྱིངས༔ ཀུན་སྣང་སྙིང་རྗེའི་རོལ་རྩལ་ལས༔ རྒྱུ་ཡི་རིག་པ་ཧཱུྃ་མཐིང་ག༔ མཁའ་ལ་འཇའ་ཚོན་ཇི་བཞིན་ཤར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་ལོག་འདྲེན་བསྒྲལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་དཔལ་ཆེན་ཕུར་བའི་སྐུ༔ མཐིང་ནག་ཞལ་གསུམ་གཡས་དཀར་བཞད༔ གཡོན་དམར་གཤེ་ཞིང་དབུས་མཐིང་ནག༔ སྤྱན་དགུའི་སྡང་མིག་བགེགས་ལ་གཟིགས༔ དབུ་སྐྲ་སྦྲུལ་ཆིངས་རྡོ་རྗེའི་ཏོག༔ རྫི་སྨིན་སྨ་ར་མེ་འོད་འཕྲོ༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་དང༔ དགྲ་སྟྭ་གཡོན་གཉིས་མེ་རྩེ་གསུམ༔ འཛིན་ཅིང་ཐ་གཉིས་ལྕགས་ཕུར་བསྒྲིལ༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་རྫོགས༔ ཞལ་གདངས་མཆེ་གཙིགས་སྔགས་སྒྲ་སྒྲོག༔ སྐུ་སྨད་གནམ་ལྕགས་དབལ་ཟུར་གསུམ༔ རྣོ་ངར་དམ་སྲི་ཕོ་མོ་ཡི༔ སྙིང་ལ་གཟིར་ཞིང་ཚེ་བསོད་འདྲེན༔ ཆུ་སྲིན་ཁ་ནས་ཐོག་སེར་འཕྲོ༔ འབྲུག་སྟོང་སྒྲ་ལྡིར་གློག་འོད་འགྱེད༔ གནས་བཅུར་རང་བྱུང་ཁྲོ་རྒྱལ་བཅུ༔ ཁྲ་ཕྱག་ཟ་གསོད་ཕུར་སྲུང་གཏམས༔ ཁྲོ་རྒྱལ་ཕྲིན་ལས་གཅིག་བསྡུས་དཔལ༔ ལྷག་ལྷ་བཛྲ་ཀུ་མ་ར༔ ཡེ་ནས་རང་གནས་རིག་པའི་གཤིས༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཡང༔ དྲན་པ་ཙམ་གྱིས་རྫོགས་པར་འགྱུར༔ འདུ་འབྲལ་མེད་པར་བཞུགས་ཕྱག་འཚལ༔ བདེ་སྟོང་ཡེ་ཤེས་ཆེན་པོས་མཆོད༔ ཁྱབ་གདལ་མ་བཅོས་ངང་ནས་བསྟོད༔ ཨོཾ་འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཨཱཿའགག་པ་མེད་པ་རྡོ་རྗེའི་གསུང༔ ཧཱུྃ་འཁྲུལ་བ་མེད་པ་རྡོ་རྗེའི་ཐུགས༔ ཧྲཱིཿཡོན་ཏན་ཕྲིན་ལས་རྨད་བྱུང་གཏེར༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་བེ་འུའི་ཀློང༔ རྡོ་རྗེ་སྔོན་པོ་ནས་ཙམ་གྱི༔ ལྟེ་བར་ཧཱུྃ་མཐིང་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་ནུས་བཀུགས༔ འགྲོ་བའི་སྒྲིབ་སྦྱངས་མཐུ་དཔལ་བསྡུས༔ འོད་ཟེར་མེ་སྟག་ཚྭ་ཚྭ་འཕྲོས༔ སྡེ་བརྒྱད་ལོག་འདྲེན་དམ་སྲི་བཏུལ༔ གཉིས་སྣང་དགྲ་བགེགས་ཚར་བཅད་ནས༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ངང༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་གཏུམ་ཆེན་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ མ་ཡེངས་མི་བསྒོམ་ལྷུག་པའི་གཤིས༔ རང་བབས་ཆེན་པོས་རྡོ་རྗེའི་སྔགས༔ རྡོར་བཟླས་འགོགས་བཟླས་དབྱངས་ཀྱིས་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བྷིག་ནན་བཾ་ཧཱུྃ་ཕཊཿཛ་ཧཱུྃ་ཨཱཿ བསྙེན་སྔགས་ཡིག་འབྲུ་བཅུ་བདུན་པ༔ གྲངས་སུ་བསགས་ན་མན་ངག་ཡིན༔ ཐུན་མཐར་སྟོང་ཚིག་གིས་བསྟོད་ཅིང༔ ཧཱུྃ་གིས་འོད་གསལ་དབྱིངས་སུ་བསྡུ༔ ཕཊ་ཀྱིས་ལྷར་ལྡང་དགེ་བ་བསྔོ༔ ཤིས་པ་བརྗོད་པས་མཐའ་ལ་བརྒྱན༔ འདི་ནི་སྤྲོས་མེད་རྒྱུན་ཁྱེར་ཏེ༔ ཕུར་སྒྲུབ་ཡང་བཅུད་སྙིང་གི་ཁྲག༔ རང་བྱུང་སྤྲུལ་སྐུ་པདྨ་ངས༔ བདེ་སྟེར་ཌཱཀྐི་ཁྱེད་ལ་གདམས༔ ད་ལྟ་མ་སྤེལ་མ་འོངས་དུས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ ཏཱ་རེ་མི་འགྱུར་དགའ་ཚལ་གྱི༔ བྲག་དམར་མདའ་སྒྲོའི་དབྱིབས་རྫོངས་སུ༔ རྒྱས་ཐོབ་མ་འོངས་ཌཱཀྐི་མ༔ ཁྱེད་དང་ཨ་ཙར་གསལ་སྣང་གི༔ སྤྲུལ་མིང་སྲས་དང་འཕྲད་པར་གྱིས༔ འདི་ཉིད་ཉམས་སུ་སུས་བསྟར་བ༔ བར་ཆད་བདུད་དབང་མི་འགྱུར་བའི༔ པདྨ་འབྱུང་གནས་ཐ་ཚིག་ཡོད༔ ཤིན་ཏུ་གསང་ལ་རང་ཉམས་ལོངས༔ བསླུ་བར་མི་འགྱུར་ས་མ་ཡཱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ ཞེས་པ་འདི་ཡང་སྔོན་སྦྱངས་བག་ཆགས་བཟང་པོས་མཚམས་སྦྱར་བའི་དགེ་སློང་དགེ་བའི་བཤེས་གཉེན་ནག་ཕྲན་བླ་མ་མཉྫུ་ཤྲཱིའི་ཡང་སྲིད་ཡིན་ནོ་སྙམ་པའི་ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་ཚ་ཉག་པ་མཁྱེན་རབ་འོད་ཟེར་གྱིས་བསྐུལ་ངོར་ལས་འཕྲོ་སད་པའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་མེ་བྱ་མཁའ་ལྡིང་རྒྱལ་པོས་གཤོག་རྩལ་བརྐྱངས་པའི་ལོའི་ཟླ་བ་གཉིས་པའི་ཚེས་བཅུར་དབེན་རི་བཀྲ་ཤིས་ལྷ་རྩེའི་ཞོལ་དུ་ཤོག་སེར་ལས་ཞལ་བཤུས་པ་ཐོག་མཐའ་བར་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔


previousརྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད།next