Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ།next

ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ།

ཡང་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ་བཞུགས༔

ཨོ་རྒྱན་ནོར་གྱི་ལྷ་ལ་འདུད༔ མ་འོངས་སྙིགས་མའི་འགྲོ་བ་རྣམས༔ དབུལ་ཞིང་ཉམ་ཐག་སྡུག་བསྔལ་གྱིས༔ བཀྲེས་སྐོམ་འཇིགས་པ་ལས་སྒྲོལ་ཕྱིར༔ ཨོ་རྒྱན་པདྨ་ཀ་ར་ཡིས༔ མི་འགྱུར་བསམ་ཡས་བར་ཁང་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ཨ་ཙར་ཡེ་ཤེས་དབྱངས་ཉིད་ཀྱིས༔ རང་གཞན་ཡོངས་ལ་ཕན་པའི་ཕྱིར༔ བསོད་ནམས་མངའ་ཐང་རྒྱས་པ་དང༔ བསྟན་པའི་ཞབས་ཏོག་ཆ་རྐྱེན་དུ༔ ཨོ་རྒྱན་འཁོར་ལོས་བསྒྱུར་རྒྱལ་ལ༔ ཡང་ཡང་ཞུས་ཤིང་མཎྜལ་ཕུལ༔ དུས་གསུམ་མཁྱེན་པའི་ཞལ་ནས་ཀྱང༔ མ་འོངས་བསྟན་དང་འགྲོ་བའི་བཤེས༔ མཐུན་རྐྱེན་ལོངས་སྤྱོད་སྤེལ་བའི་ཐབས༔ མཁའ་འགྲོའི་ནོར་ལྷ་བསྒྲུབ་པའི་ཚུལ༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང༔ དབུས་སུ་ཨོ་རྒྱན་ནོར་ལྷ་རྣམ་སྲས་སྐུ༔ གཡས་སུ་ཛམ་ལྷའི་གཏོར་མ་གཏེར་བུམ་དབྱིབས༔ ལྟོ་བར་ནོར་བུས་མཚན་པ་བཀོད༔ གཡོན་དུ་མཁའ་འགྲོ་ནོར་གྱི་རྒྱུན་མ་ནི༔ བཤོས་བུ་འབྲས་ཀྱི་སྙེ་མའི་དབྱིབས༔ རྣམ་སྲས་མདུན་དུ་ནོར་ལྷ་བརྒྱད༔ ཀླུ་བརྒྱད་བཤོས་བུ་འདོད་རྫས་དང༔ རིན་པོ་ཆེ་ཡི་རིགས་དུ་མ༔ འཇིག་རྟེན་བདེ་ལེགས་དངོས་རྫས་སོགས༔ འཚོགས་ཚད་བསགས་ལ་མཆོད་རྫས་བཀྲམ༔ སྐུ་གསུང་ཐུགས་རྟེན་མཐའ་བསྐོར་མཆོད་པས་བརྒྱན༔ ཕྱོགས་སྐྱོང་ཡུལ་ལྷ་གཏོར་མས་བརྔན༔ མི་མིན་ནག་ཕྱོགས་ཐུན་གྱིས་བསྐྲད༔ བསྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས༔ མཆོད་རྫས་བྱིན་རླབས་བྱིན་འབེབས་བྱ༔ ས་མ་ཡཱ༔ དེ་ནས་དངོས་གཞིའི་དམིགས་རིམ་ནི༔ སྟོང་པའི་སྔགས་ཀྱིས་དག་མཉམ་སྦྱང༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་འཕགས་མཆོག་ཕྱག་ན་པདྨོར་གསལ་བའི་མདུན་དུ་གཞི་མ་དཀར་པོའི་སྟེང་དུ་དབུས་སུ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་སྐུ་མདོག་གསེར་བཙོ་མ་ལྟར་འཚེར་བ། ཕྱག་གཡས་བསྟན་པའི་སྲོག་ཤིང་ཟ་འོག་མེན་ཏྲི་དམར་པོའི་རྒྱལ་མཚན་ཡིད་བཞིན་རིན་པོ་ཆེའི་ཏོག་གིས་སྤྲས་པ༔ ཕྱག་གཡོན་སྲེ་མོང་གི་རྐྱལ་པ་ནོར་གྱིས་བཀང་བ་ལྟེ་བའི་འོག་ཏུ་རིན་པོ་ཆེ་ཁྲ་ཉི་ལི་ལི་སྐྱུག་པ་བཙིར་ནས་བསྡམ་པ༔ དབུ་ལ་རིན་པོ་ཆེའི་པྲོག་ཞུ་ངོམ་པ༔ སྐུ་ལ་ཟ་འོག་གི་བེར་ཆེན་དགུ་བརྩེགས་གསོལ་བ༔ རྐེད་ལ་ཆུ་སྲིན་གྱི་སློག་པ་དཀྲིས་པ༔ ཞབས་ལ་སག་ལྷྭམ་འཇའ་ལྡན་མནབས་ཤིང་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་ལྕམ་དཀར་མོའི་ཁྲི་ལ་བཞུགས་པའོ༔ གཡས་སུ་གཏེར་བདག་ཛམ་ལྷ་ནག་པོ་གཡས་ཐོད་ཁྲག་གཡོན་གཏེར་གྱི་ནེའུ་ལེ་བསྣམས་པ༔ སྐུ་ལ་ཟ་འོག་དར་གོས་རིན་པོ་ཆེས་བརྒྱན་པ་དབུ་ལ་གསེར་གྱི་པྲོག་ཞུ༔ མཐོན་མཐིང་རལ་པས་སྐུ་རྒྱབ་ཁེབ་པ༔ ཞབས་གཉིས་པད་ཟླ་ལ་འགྱིང་སྟབས་སུ་བཞུགས་པའོ༔ གཡོན་དུ་ལྷ་མོ་ནོར་གྱི་རྒྱུན་མ་གསེར་མདོག་འཛུམ་མཛེས་སྒེག་ཅིང་བཞད་པ༔ ཕྱག་གཡས་འབྲས་ཀྱི་སྙེ་མ་རིན་པོ་ཆེའི་ཆར་འབེབས་པ་བསྣམས་ཤིང༔ ཕྱག་གཡོན་རིན་པོ་ཆེའི་བུམ་པ་འདོད་དགུའི་ཕུང་པོས་གང་བ་འཛིན་པ༔ སྐུ་ལ་དར་དཔྱངས་ནོར་བུའི་རྒྱན་ཆ་འཇའ་རིས་ཤམ་ཐབས་ཅན༔ དབུ་ལ་རིན་པོ་ཆེའི་གཙུག་རྒྱན༔ ཞབས་གཉིས་པད་ཉི་ཟླ་བའི་སྟེང་ན་བཞེངས་པའི་སྟབས་ཀྱིས་བཞུགས་པའོ༔ དེའི་མཐའ་བསྐོར་དུ་ནོར་ལྷ་རྟ་བདག་མཆེད་བརྒྱད༔ ཀླུ་ཆེན་སྡེ་བརྒྱད༔ ལྷ་ཀླུ་མི་མ་ཡིན་པའི་ནོར་ལྷ་ཕྱོགས་སྐྱོང་མགོན་པོ་རྣམས་ཀྱིས་བསྐོར་བར་གསལ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་སྣང་མཐའ་དམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ཀ༔ སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལྡན་གྱི་སྤྱི་བོ་མགྲིན་པ་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་བདེ་ཆེན་ངེས་པ་ལྔ་ལྡན༔ ལྷོ་ཕྱོགས་རྫོགས་ལྡན་རིན་པོ་ཆེའི་གཞལ་ཡས་ཁང་གནས་མཆོག་ལྕང་ལོ་ཅན་རི་རབ་ཆེན་པོའི་ཟོམ་ནས་གནོད་སྦྱིན་ནོར་ལྷའི་རྒྱལ་པོ་སྐུ་འཁོར་དང་བཅས་པ་སྐད་ཅིག་གིས་རང་མདུན་དུ་ལྷགས་ནས་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་བསམ༔ དེ་ནས་སྤོས་རོལ་དབྱངས་དང་བཅས་ཏེ་འབོད༔ ཧཱུྃ་ཧོ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་རྡོར་འཆང་གཤེགས་སུ་གསོལ༔ ངེས་པ་ལྔ་ལྡན་ཕོ་བྲང་ནས༔ རིགས་ལྔའི་སངས་རྒྱས་གཤེགས་སུ་གསོལ༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ འཁོར་དུ་ནོར་ལྷ་རྒྱ་མཚོས་བསྐོར༔ རྒྱ་བོད་རྗེ་འབངས་གཏེར་སྟོན་ཚོགས༔ མ་ལུས་ཚོགས་རྣམས་སྤྱན་འདྲེན་གཤེགས༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན༔ བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས༔ ཨོ་རྒྱན་པད་འབྱུང་བྱེ་ཕྲག་བརྒྱ༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་སྡེ༔ བསྟན་འགྲོའི་དབུལ་སེལ་གཏེར་གྱི་བདག༔ དེ་རིང་གནས་འདིར་སྤྱན་འདྲེན་གཤེགས༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས༔ རི་རབ་ལྷུན་པོའི་བྱང་ངོས་ནས༔ རྒྱལ་ཆེན་ནོར་མང་རྣམ་ཐོས་སྲས༔ འཕགས་མ་སྦས་མའི་ལྷ་མོ་བརྒྱད༔ གནོད་སྦྱིན་རྟ་བདག་མཆེད་ལྕམ་དང་༔ ལྷ་ཀླུ་སྡེ་བརྒྱད་ནོར་ལྷའི་ཚོགས༔ དེ་རིང་གནས་འདིར་སྤྱན་འདྲེན་གཤེགས༔ སྒྲུབ་པའི་རྟེན་རྫས་འདི་ལ་བཞུགས༔ བདག་གནས་ཡོ་བྱད་རྟེན་རྫས་ལ༔ སྐུ་ཡི་བྱིན་ཕོབ་གཟི་བྱིན་ལམས་སེ་ལམ༔ གསུང་གི་བྱིན་ཕོབ་ནུས་མཐུ་ཐིབས་སེ་ཐིབ༔ ཐུགས་ཀྱི་བྱིན་ཕོབ་ཉམས་རྟོགས་ཤིགས་སེ་ཤིག༔ ཡོན་ཏན་བྱིན་ཕོབ་སྦྲང་ཆར་སི་ལི་ལི༔ ཕྲིན་ལས་བྱིན་ཕོབ་འགྲོ་འདུལ་ཡ་ལ་ལ༔ ནོར་ལྷ་རྒྱ་མཚོས་སྦྱིན་གཏོང་གྱི་ལི་ལི༔ བསེ་རག་འགོང་པོ་མཐར་བསྐྲད་བསྒྲེངས་སེ་སྒྲེང༔ སྣ་ཚོགས་དགོས་འདོད་རིན་ཆེན་ཁྲ་ལ་ལ༔ ལྷ་མོ་བརྒྱད་ཀྱིས་གླུ་ལེན་ཀྱུ་རུ་རུ༔ རྟ་བདག་བརྒྱད་ཀྱི་དངོས་གྲུབ་ཕྱུ་རུ་རུ༔ འཛད་མེད་གཡང་གི་རྒྱ་མཚོ་མེ་རེ་རེ༔ དགའ་འཁྱིལ་གཡང་ཞགས་འཁྱིལ་བ་སྒ་ར་ར༔ ཕྱི་ནང་བྱིན་འཐིབ་འོད་འབར་ཆི་ལི་ལི༔ རྩ་གསུམ་ནོར་ལྷ་བཞུགས་པའི་རྟེན་རྫས་བཀྲམ༔ ཁ་རྗེ་བསོད་ནམས་འཕེལ་བའི་གཡང་རྟེན་འཛུག༔ མི་མཐུན་བར་ཆད་བཟློག་ལ་ཐབས་ཀྱིས་ཐུལ༔ མཐུན་རྐྱེན་ཆོས་མཐུན་ལེགས་ཚོགས་ནོར་ལྷ་བརྟེན༔ ཚེ་དཔལ་ཆོས་ནོར་སྤེལ་བའི་གྲོགས་དན་མཛོད༔ བདག་གིས་གདུང་ཤིང་མོས་པའི་གནས་འདིར་བྱོན༔ འབོད་ལ་མི་གསན་བསྒྲུབ་ལ་མི་དགོངས་ཤིང༔ ཉམ་ཐག་སེམས་ཅན་རྗེས་སུ་མི་འཛིན་ན༔ ཁྱེད་ཀྱི་ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ ལས་ལ་གླ་མེད་སྒྲུབ་ལ་རྟགས་མེད་ན༔ རྒྱུ་འབྲས་འདོར་ལེན་རྒྱལ་བཀའ་རྫུན་དུ་ཟད༔ ནོར་ལྷ་བྱང་སེམས་སར་གནས་ལོག་རྟོག་གོལ༔ དེ་ཕྱིར་དམ་བཅའ་བསླུ་བ་མེད་པ་ལྟར༔ མི་ཕྱུགས་གཡང་སྤེལ་ཕྱི་ནང་སྟོབས་བསྐྱེད་འཚལ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷས་ཐུགས་རྗེས་ཟུངས༔ བདག་ལ་རེ་ལྟོས་ཁྱེད་ལས་གཞན་མེད་ཕྱིར༔ འདི་ཕྱིའི་དོན་འགྲུབ་ཕྱྭ་གཡང་བདེ་ལེགས་སྩོལ༔ ༧ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་ནོར་ལྷ་རྒྱ་མཚོར་གསོལ་བ་འདེབས༔ བསམ་དོན་ཡིད་བཞིན་འཇོ་བར་བྱིན་གྱིས་རློབས༔ བརྒྱ་སྟོང་ཁྲི་འབུམ་ལོངས་སྐབས་བསྟུན༔ ཅི་འདོད་ལོངས་སྤྱོད་འབད་མེད་འབྱུང༔ ཁྱད་པར་བསྟན་འགྲོའི་དབུལ་བ་སེལ༔ ཨོ་རྒྱན་མཁའ་འགྲོའི་ཐ་ཚིག་ཡོད༔ ས་མ་ཡཱ༔ སླར་ཡང་དམིགས་པའི་འཕྲོ་འདུ་ནི༔ བདག་བསྐྱེད་འཕགས་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་སྤྲིན་གྱི་ལྕུག་མ་ལྟར་འཕྲོས༔ མཐུ་ཆེན་ནོར་ལྷ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་མཆིལ་པ་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས་ལྷ་ཀླུ་མི་དང་མི་མིན་སྡེ་བརྒྱད་ཀྱི་ནོར་ཀུན་བཀུག་ནས་དཔེར་ན་གཉེན་ལ་ནོར་གྱིས་ཉམས་གསོ་སྤྲད་པ་ལྟར༔ ཕྱོགས་ཕྱོགས་ནས་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད༔ ནོར་གྱི་དངོས་གྲུབ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས༔ སྙན་དང་གྲགས་པ་ཐམས་ཅད་འུབ་ཀྱིས་ཚུར་འདུས༔ ས་འོག་ས་སྟེང་བར་སྣང་ཀུན་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་ཁྲ་ཆེམ་ཆེམ་བྱུང་བས་བདག་རྣལ་འབྱོར་སྒྲུབ་པ་པོའི་གནས་ཁང་བང་མཛོད་ར་བ་ཕྱུགས་ལྷས་ཐམས་ཅད་མེར་མེར་ལྟེམ་ལྟེམ་ཁྲིག་ཁྲིག་གང་བར་བསམ་ལ༔ དངོས་གྲུབ་བསྐུལ་བའི་སྔགས་སམ་གཞན་ནས་བྱུང་བཞིན་བཟླའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པུརྞྱ་པུཥྚཾ་ཀུ་རུ་སིིདྡྷི་ཧཱུྃ༔ ཞེས་ཁྲི་ཕྲག་བཅུ་གཉིས་བཟླས་པས་དྲི་བསུང་འཐུལ་ཞིང་སྒྲུབ་རྫས་ལ་འོད་འཁྱུག་ཅིང་རྨི་ལམ་དུ་རྟགས་མཚན་འབྱུང་བར་འགྱུར་རོ༔ ས་མ་ཡཱ༔ དེ་ནས་ཛམ་བྷ་ལ་ལ་དམིགས་ནས༔ ཨོཾ་བཻ་ཤྲ་མ་ཎ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སཱཧཱ༔ ཨོཾ་བྷ་སུ་དྷ་རི་ནི་སྭཱ་ཧཱ༔ ཁྱད་པར་རྟ་བདག་མཆེད་བརྒྱད་དང༔ བཀའ་ཉན་ཀླུ་བརྒྱད་བསྙེན་པ་ཡང༔ གཞན་གྱི་གཞུང་བཞིན་གནད་ལ་བསྟུན༔ ཡང་ཟབ་གཅིག་དྲིལ་གཞི་སྙིང་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཀྐི་ནི་བཱཻ་ཤྲ་མ་ཎ་ཛཾ་བྷ་ལ་བ་སུ་དྷ་རི་ནི་ཨཥྚ་ག་ན་པ་ཏི་བ་སུ་ན་ན་ཁ་དྷེ་ཝསྟྲ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཞི་སྙིང་འདི་ལ་ཐུན་དུ་བཅད༔ ཁྲི་ལྔ་བཅས་པས་རྟགས་འབྱུང་འགྱུར༔ སྐྱེ་བ་བདུན་ལ་ལོངས་སྤྱོད་འབྱུང༔ ཕྱི་མར་དཔལ་ལྡན་ཞིང་ཁམས་བསྒྲོད༔ དེ་དང་རྗེས་འབྲེལ་གཡང་འགུགས་བྱ༔ མཐར་ནི་ཤིས་བརྗོད་སྤྱི་དང་མཐུན༔ ཁྱད་དུ་འཕགས་པའི་ནོར་སྒྲུབ་འདི༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཡི༔ ཞལ་ལུང་རི་མོའི་ལམ་དུ་བསྒྱུར༔ གཏེར་སྲུང་ཡེ་ཤེས་གྲགས་ཀྱིས་འཚོས༔ ཉམས་པ་ཅན་གྱི་དབང་པོ་སྣུབས༔ ལས་སྐལ་ལྡན་པའི་བྱ་ར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཛྙཱ་ན་དྭཱི་པའི་ཐུགས་གཏེར་རོ༔


previousཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ།next