Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་།next

གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་།

གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བཞུགས་སོ༔

རྣལ་འབྱོར་གཉན་ཁྲོད་འགྲིམས་པའི་ཚེ༔ དང་པོ་རང་གི་ཁང་ཁྱིམ་དང་ཀ་ཆ་བཅོལ་གལ་བྱུང་ན༔ ཁང་ཁྱིམ་ནས་ཕྱིར་ཐོན་ནས་མི་རྐང་ལན་གསུམ་འབུད་དེ༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་འདིར་གཤེགས་ཤིག༔ འདིར་འདུས་ཤིག༔ ཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ་ལ༔ ཤ་ཁྲག་འདོད་ཡོན་སྣ་ཚོགས་སུ་སྒྱུར་བའི་ཕོག་གཏད་ལ༔ ཀྭིའི་ཀྭིའི༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་ཁྱེད་རྣམས་ལ་ངས་གནས་ཁང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ༔ གཏད་དོ༔ བདག་ཕྱིར་མ་སླེབ་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་གཏོང༔ དབང་དུ་མ་བཏང་བར་སྲུངས་ཤིག༔ བཀའ་ཡིས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན༔ ངས་མཛེ་ཤས་རི་བོ་སྤུངས༔ མཛེ་ཁྲག་གིས་རྒྱ་མཚོ་བསྐྱིལ༔ མཛེ་ཚིལ་དང་ཡུག་སྐྲས་གཞོབ་བདུག་བྱས་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ༔ ན་ར་ཀན༔ ཞེས་བརྗོད་དེ་བཅོལ༔ དེ་ནས་སྔ་ནོན་བཏང་བ་ལ༔ རང་ཁྲོས་མ་ནག་མོའི་ཐུགས་ཀར་པདྨ་ཉི་མའི་གདན་ལ་ཧཱུྃ་གསལ་བ་དེ་ལས་མེ༔ མེ་ལས་མེ་སྟག་གམ་སྐར་མ་ལས་སྐར་མདའ་ལྟར༔ གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་གཅིག་འཕྲོས༔ དེ་གཉན་ས་དེ་རུ་ཐོག་ལྟར་དུ་བབས་ནས་རི་བྲག་དང་གྲོང་ཁྱིམ་ཡིན་ན་བཤིགས་ཤིང་གཏོར༔ ཤིང་གཉན་ཡིན་ན་བཅད་ནས་བསྲེགས༔ ཆུ་མཚོ་ཡིན་ན་བསྐམས་ཏེ་ལྷ་འདྲེ་ཅི་གནས་གང་ཡོད་ཐམས་ཅད་ཀྱི་རང་སྣང་ལས་གྲུབ་པའི་རྟེན་གནས་ཁང་ཁྱིམ་ཐམས་ཅད་རྗེས་མེད་དུ་བཤིགས་ཤིང་བསྲེགས་ནས་གཅེར་བུ་མགོན་མེད་དུ་གྱུར་པ་དེ་ར་བ་དྲུག་གམ་གསུམ་གྱི་ནང་དུ་བཙུད་ནས་བྲོས་ཤིང་ཐར་ས་མེད་པར་གྱུར༔ སྟོབས་དང་ནུས་པ་ཡང་ཡང་བཅིང་བར་བསྒོམ་པ་སྤྱི་ཆིངས་ཡིན༔ དེ་ནས་འགྲོ་ལུགས་རྣམས་བཞིན་གནད་དང་ལྡན་པས་འགྲོ༔ གཉན་སའི་མགོ་བོ་མཐོང་སར་སླེབ་ཚེ་རང་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མཐིང་ནག་དཀར་པོ་སེར་པོ་དམར་པོ་ལྗང་ནག་གྲངས་མེད་པའི་གཡོན་པས་མི་རྐང་གི་གླིང་བུའི་སྒྲས་ཁམས་གསུམ་དབང་དུ་སྡུད་ཅིང་གཡས་མི་ལྤགས་གི་གཡང་གཞི་བརྡབ་པས་གདུག་པའི་དབལ་ཟིལ་བཅོམ་ནས་ན་བུན་འཐོར་རླུང་གིས་དེད་པའམ༔ བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར་གཉན་མིག་གི་ར་བ་དྲུག་གི་ནང་དུ་བཙུད་པས་ཐར་འཆོར་མེད་པར་བསམས་ཏེ༔ དབང་སྡུད་ཟིལ་གནོན་བྱའོ༔ དེ་ནི་སྔ་ནོན་བྱ་བའོ༔ དེ་ནས་གཉན་སར་སླེབ་མ་ཐག་ཏུ་རང༔ ཡེ་ཤེས་ཀྱི་མཁའ་འགྲོ་མས་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ་ནས་མི་ནག་ཆེན་པོ་ཞིག་ཏུ་གྱུར་པའི་རྐང་པ་གཡས་པས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་བསྟིམ་པ་ས་ལ་ལན་གསུམ་བརྡབས་པས་དུག་གསུམ་གྱི་ནུས་པ་བཅོམ་པར་བསྒོམ༔ ཡང་ན་རང་འདྲ་བའི་མཁའ་འགྲོ་མ་གྲངས་མེད་པས་ལྷ་འདྲེ་དུ་ཡོད་ཀྱི་རྐང་པ་གཡས་ནས་བཟུང་སྟེ་ས་ལ་བརྡབས་པས་ཉོན་མོངས་དང་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་སྟེ་བརྡབ༔ ཐམས་ཅད་བཅོམ་ནས་ཐང་ལ་འཕང་པས་མི་ནག་གཅིག་ཏུ་གྱུར་ཏེ་ས་ལ་གན་རྐྱལ་དུ་ཡོད་པའི་སྟེང་དུ་བྲོ་བརྡུང་བས་ཉོན་མོངས་པའི་རྩུབ་རེག་དང་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བརྡབ༔ མགོ་དང་ཡན་ལག་རྣམས་སུ་ཡེ་ཤེས་ལྔ་ཡི་ཕུར་པ་བཏབ་པར་བསམ་སྟེ་བྲོ་ར་དང་ཕུར་ཁྱེར་འདོན༔ དེ་ནས་གདན་ལ་འཁོད་དེ་རང་ལུས་སྲ་བརྟན་ལྕི་ཞིང་འཐས་པའི་མགོ་བོས་ལུང་པའི་ཕུ༔ རྩིབ་ལོགས་གཡས་པས་ཉིན༔ གཡོན་པས་སྲིབ༔ རྐང་པས་མདའ༔ རྒལ་བས་གཞུང་དེ་ཐམས་ཅད་གནོན་ཅིང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་འདམ་སྒོང་བཅིར་བ་ལྟར་མནན་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྐད་ངན་ཙིར་ཙིར་འདོན་པར་བསྒོམ་ལ༔ ཨཱཻ༔ བསྐལ་པ་མ་ཞིག་གི་བར་དུ་ང་ནི་གནས་འདིར་འདུག་གོ༔ འདི་ལས་མི་འདའོ༔ འདི་ཉིད་དུ་ཉལ་ལོ༔ ཞེས་བརྗོད་ནས་སེམས་ལ་དམ་བཅའ་བཟུང༔ དེ་ནས་རིག་པ་གཏད་མེད་ཀྱི་ངང་དུ་མ་བཅོས་པར་བཞག༔ སྐབས་སུ་དམིགས་པ་གསལ་འདེབས་བྱ༔ བར་སྐབས་སུ་དབང་སྡུད་ཟིལ་གནོན་འདོན་ཞིང་ཆོས་བཤད༔ དེས་བསླང་ཚད་མ་བྱུང་ན་རང་ལུས་ཉིད་ཀེང་རུས་སྐམ་པོ་མེ་འབར་བ་ལས་མེ་མཆེད་པས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་མེས་བསྲེགས་ཏེ་ཐལ་བ་ཙམ་ཡང་མེད་པར་བསམ་པའི་དམིགས་པ་ཡང་ཡང་བྱ༔ དེས་བསླང་ཚད་མ་བྱུང་ན་རང་གི་རིག་པ་དབྱིངས་སུ་སྤར་ཏེ་ཁྲོས་མར་གྱུར་པ་ལས་ལྤགས་པ་ས་གཞིར་བཀྲི་བའི་སྟེང་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་པ་གནས་དེའི་ལྷ་འདྲེ་རྣམས་ཀྱིས་ཟ་རུ་ཡོད་པར་བསྒོམ་དེ་གཡང་གཞིའི་མཐའ་ནས་བསྡུས་ཏེ་ཐུམ་བུར་བྱས་པ་སྦྲུལ་དང་རྒྱུ་ཞགས་གིས་ཁ་བསྡམས་ནས་ཀླད་ལ་བསྐོར་དེ་ས་ལ་བརྡབ་པས་ཤ་མྱོག་རུས་མྱོག་ཏུ་སོང་བར་ཡང་ཡང་བསམ་པས་བསླང་ཚད་ངེས་པར་འབྱུང༔ དེས་ཀྱང་མ་བསླང་ན་རི་བོ་ཁམས་མཆེད་རྒྱ་མཚོ་རྒྱུ་འདེབས་ལ་སོགས་པ་ལ་གཏུག༔ ནམ་ལངས་དཀར་འགྱེད༔ ཉིན་ཕྱེད་ཁྲ་འགྱེད༔ དགོང་མོ་དམར་འགྱེད༔ ཐོ་རངས་ནག་འགྱེད་རྣམས་གཏོང༔ དེ་ལས་བསླང་ཚད་ལའང༔ ཐོགས་བཅས་བདུད་ནི་མངོན་དུ་གྱུར་པའི་སྣང་བ་ལ་བྱ༔ ཐོགས་མེད་ནི་མི་མངོན་ལྐོག་གྱུར་གྱི་སྣང་བ་ལ་བྱའོ༔ དགའ་བྲོད་ནི་ང་རྒྱལ་དང་དགའ་བྲོད་ཞེན་ཡུལ་ཐམས་ཅད་དྲག་ལ་ཤུགས་ཆེ་བ་ཐམས་ཅད་ལ་བྱའོ༔ སྙེམ་བྱེད་བདུད་ནི་རྣམ་པར་རྟོག་པ་ལུ་གུ་རྒྱུད་བར་མ་ཆད་པར་སྐྱེས་དེ་ཤེས་རྒྱུད་བསླུ་བ་ལ་བྱའོ༔ ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང༔ ནང་སློང་ལུས་ཀྱི་ན་ཚ་དང༔ གསང་སློང་སེམས་ཀྱི་བདེ་སྡུག་མྱོང་ཞེན་ཅན་ཡིན་དེ་ཤེས་པར་བྱ༔ དང་པོ་རྒྱུད་སློང་བ་ལ་སློང༔ རྗེས་སུ་འབྲང་བ་ལ་ཞེན༔ ཡང་ཡང་བདེན་པར་མཐའ་ན་དབང་དུ་སོང་བ་ཡིན་ནོ༔ དེ་དག་བར་གནོན་ཡིན་ནོ༔ གནས་འཕོ་བའི་ཚེ་རྟེན་གཅིག་བཙུགས་པ་ལ་རྩ་བརྒྱུད་ཀྱི་རྒྱལ་བ་རྣམས་བསྟིམས་ནས་ལྷ་འདྲེས་ཕྱག་མཆོད་བཀུར་སྟིའི་རྟེན་དུ་བསྒོམ་སྟེ་ཁུར་བུ་ཁུར་ནས་ལུས་ཤ་ཁྲག་གི་ཕུང་པོ་ཁྲོལ་གྱིས་ཞིག་པ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲུལ་ཏེ་ཕོག་བཏབ༔ གད་རྒྱངས་བསྒྲགས་ནས་གོམ་པ་ཉེར་གཅིག་ཏུ་ཕྱིན་ནས་གནས་བཅོལ་བ་ལ༔ ཀྭིའི་ཀྭིའི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་གནས་པོ་འདི་སྲུང་སྐྱོབ་མེལ་ཚེ་མཛོད་ལ་འདིར་གནས་ཀྱི་ལྷ་འདྲེ་ཕྱི་ལ་མ་གཏོང༔ སྔར་མེད་ཀྱི་ལྷ་འདྲེ་ནང་དུ་མ་གཏོང་ཅིག༔ ཁྱེད་རྣམ་ལ་བཀའ་ཡིས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ ནུས་མཐུ་ཅི་འདུག་བལྟའོ༔ ས་མ་ཡཱ༔ ཞེས་ལན་གསུམ་བརྗོད༔ དེ་ནས་མིག་མཐོང་གང་ཙམ་ཕྱིན་ནས་ཐོ་བརྩིགས་ལ་ཡང་སྐུ་གསུམ་གྱི་རྒྱལ་བ་ཐམས་ཅད་བསྟིམས་པ་དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་པས་རང་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ༔ ཨེ་ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་ཁྱེད་ལ་བཀའ་དམ་གཏད་དུ་བཞག་ནས་ཕྲིན་ལས་བཅོལ་བ་ནི་ང་ཡི་རྗེས་སུ་ལྷ་འདྲེ་གདོན་བགེགས་ཐམས་ཅད་མ་གཏོང་ཞིག༔ མཚམས་ཆོད་ཅིག༔ ཁྲོཾ་བཛྲ་ས་མ་ཡཱ༔ ཞེས་ལན་གསུམ་བརྗོད་ནས་རང་གི་ལུས་ཤ་ཁྲག་གིས་ས་གཞི་གང་བར་ཞིག༔ རིག་པ་སྟེང་ཕྱོགས་འོག་མིན་གྱི་དབྱིངས་སུ་ཐིམ༔ རང་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་དཀར་པོ་དར་སྐུད་ལྟ་བུ་རང་གི་གནས་ཁང་སྟེང་དུ་ཟུག་པའི་ནང་འཁྲུངས་ནས་རང་རིག་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་པར་གྱུར་ནས་ཧྲི་ལི་ལི་དྲིལ་ནས་འགྲོ་བར་བསམ་ལ་རང་ཁྱིམ་དུ་འགྲོའོ༔ གཞན་ཡུལ་དུ་འགྲོ་བའམ་གཉན་ས་གཞན་དུ་འགྲོ་ན་ཁྱུང་མཚམས་ཡན་དམིགས་པར་བྱའོ༔ འགྲོ་ཚུལ་དང་པོ་དཔའ་བོ་སྟོབས་འགྲོས་ལ་མིག་གང་མཐོང་ཚུན་ཆད་ཀྱི་ལྷ་འདྲེ་དེད་ནས་འགྲོ་བར་བསམ་ལ༔ མཁའ་འགྲོའི་གར་འགྲོས་ལ་བར་བར་སྟངས་སྟབས་རེ་བྱ་ཞིང་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཡང་ཡང་བསྟིམ་ནས་འགྲོ༔ སྦྲུལ་ནག་འཁྱིལ་འགྲོས་ལ་ལམ་གྱི་ས་བདག་ཀླུ་གཉན་ཐམས་ཅད་གནས་ཁང་དང་བཅས་པ་གཉན་ས་དེ་རུ་ཁྱེར་ནས་འགྲོ་བར་བསམ་པ་དང༔ ཕར་འཁྱོགས་ཚུར་འཁྱོགས་ཀྱིས་འགྲོའོ༔ ལྟ་བའི་གདེངས་བསྐྱེད་ནས་ལམ་གྱི་སྟེང་འོག་ཐམས་ཅད་དུ་ལྟ་སྟངས་ཀྱིས་བཟུར་ཞིང་འགྲོ་བ་ནི་ལྟ་བའི་གདེང་འགྲོས་ཅེས་བྱའོ༔ གཞན་ཡང་གཉན་སར་རྐང་རྗེན་དུ་མི་བརྫི༔ མཚན་མོ་མེ་མི་གཏོང༔ ཀྭིའི་མི་འདེབས༔ དྲི་ཆུ་དང་བཤང་གཅི་ཕྱོགས་གཅིག་ལས་མི་འདོར༔ གཉན་སའི་ཤིང་རློན་མི་འཇོམས༔ འདུ་འཛི་དང་རྣམ་གཡེང་སྤངས་ནས་བསྒོམ་ཞིང་དམིགས་པ་ལ་གཟབ་པར་བྱ༔ རབ་གཉན་དམིགས་རེ་བཞིན་དུ་ཚོགས་བསྐང་བཏང་བ་དང༔ ཐ་ནའང་ཞག་བཅུ་རེའི་མཚམས་སུ་ཚོགས་བསྐང་རེ་བཏང་བ་གནད་དོ༔ ཅོག་པུ་མཁའ་འགྲོའི་གཞལ་ཡས་ཁང་དུ་བསྒོམ་ཞིང་ལྟ་བའི་གདེངས་མ་ཤོར་བ༔ བསྒོམ་པའི་གདེངས་མ་ཤོར་བ༔ སྤྱོད་པ་བག་མེད་དུ་མ་ཤོར་བ་གནད་དམ་པའོ༔ ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག་གུ༔ སརྦ་མངྒ་ལམ༔ དགེའོ༔


previousགཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་།next