Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས།next

གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས།

༄༅། ཟབ་དོན་གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས་བཞུགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཅིག་ཡུམ་ཆེན་ཀུན་ཏུ་བཟང་མོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ། །དེ་མ་ཐོབ་ཀྱི་བར་ཏུ་ཕྱི་ནང་གསང་བའི་གཅོད་ཟབ་མོས་རང་རྒྱུད་གྲོལ་བ་ཞིག་བྱ་སྙམ་པའི་ཀུན་སློང་རྣམ་པར་དག་པས་མདུན་བསུས་ཏེ་ཟབ་མོ་གཅོད་ཀྱི་གདམས་པ་འདིས་སློབ་མ་རྣམས་རྗེས་སུ་འཛིན་པར་བྱེད་པ་ལ། ཐོག་མར་ཆོས་ཁུངས་བཙུན་ཞིང་ཡིད་ཆེས་པའི་ལོ་རྒྱུས། གཉིས་པ་ཟབ་དོན་གཅོད་ཀྱི་གདམས་པ་ཟབ་གནད་གཞན་དང་འགྲན་ཟླ་བྲལ་བ་དཔེ་དྲུག་གི་སྒོ་ནས་འཕགས་ཚུལ། གསུམ་པ་ཕ་ཐོད་པའི་རྣམ་འཕྲུལ་དུས་མཐའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་གསང་གཅོད་འདི་སྤེལ་བའི་ཡིད་ཆེས་ངེས་ཤེས་བསྐྱེད་པའི་རྣམ་ཐར་སོགས་ས་བཅད་གསུམ་གྱི་སྒོ་ནས་བཤད་ན། ཐོག་མར་ཆོས་ཁུངས་བཙུན་ཞིང་ཡིད་ཆེས་པའི་ལོ་རྒྱུས་ནི། ཆོས་སྐུའི་ཞིང་ན་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོ། ལོངས་སྐུའི་ཞིང་ན་རྡོ་རྗེ་ཕག་མོའམ་རྡོ་རྗེ་བདག་མེད་མ། སྤྲུལ་སྐུའི་ཞིང་ན་རྡོ་རྗེ་བདུད་འདུལ་མའམ་རྗེ་བཙུན་སྒྲོལ་མ་སྟེ། དེ་ལྟ་བུའི་སྐུ་གསུམ་ཞིང་གི་སྟོན་པ་དང་འཁོར་གྱི་རྣམ་རོལ་མཐའ་ཡས་པར་བསྟན་པ་ལས། དུས་རེ་ཞིག་གི་ཚེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་ཡུམ་ཆེན་མོ་དེའི་སྤྲུལ་པ་རྡོ་རྗེ་བདུད་འདུལ་མ་དེས་སེམས་ཅན་གྱི་དོན་དུ་གང་འདུལ་གྱི་སྐྱེ་བ་མཐའ་ཡས་པ་ཞིག་བཞེས་པའི་ཐ་མ་ནི་མ་ཅིག་ལབ་ཀྱི་སྒྲོན་མ་ཡིན་ཏེ། དེ་ཡང་བོད་ཀྱི་ཡུལ་འདིར་སྔོན་སྐྱེ་བ་གཉིས་ལྡན་དུ་བཞེས་པ་རྒྱ་བཟའ་དང་བལ་བཟའ། དེ་གཉིས་གཅིག་ཏུ་བཟླུམ་པ་ཡེ་ཤེས་མཚོ་རྒྱལ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་བསྟན་པའི་སྤྱི་ལུང་དུ། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད༔ ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང༔ ཐབས་མཆོག་སྤྱོད་པ་ཨ་ཙར་ས་ལེ་ཡི༔ སྒྱུ་འཕྲུལ་ཐོད་པ་བྷ་ཏྲ་ཡ་ཞེས་འབྱུང༔ ཞེས་དང་། ཨོ་རྒྱན་ཆེན་པོས་མཚོ་རྒྱལ་རྣམ་ཐར་དུ། ཡེ་ཤེས་མཚོ་རྒྱལ་ཨ་ལ་ལ༔ འདི་ནས་མ་འོངས་ཐ་མའི་དུས༔ ཁྱོད་ཀྱི་སྤྲུལ་པ་རྣམ་ལྔ་འགྱེད༔ སངས་རྒྱས་བསྟན་པ་སུམ་ཅུར་བསྲིང༔ ཁྱད་པར་དྭགས་ཡུལ་ལབ་ཞེས་པར༔ སྒྲོན་མའི་མཚན་ཅན་བུད་མེད་འབྱུང༔ ཡུམ་ཆེན་གདམས་པའི་བཅུད་རྣམས་གསོལ༔ ཟབ་མོ་གཅོད་ཀྱི་བསྟན་པ་སྤེལ༔ འགྲོ་བའི་དོན་མཆོག་བསྟན་པ་འབྱུང༔ དེ་དུས་ཨ་ཙར་ས་ལེ་འདི༔ ཐོད་པའི་མིང་ཅན་བནྡྷེ་འབྱུང༔ ཇོ་མོའི་ཡབ་གྱུར་གསང་སྒོ་དབྱེ༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་འདི༔ སྐུ་ཡི་བུ་མོ་ལྕམ་གཅིག་འབྱུང༔ མོན་བུ་ས་ལེ་བྱ་བ་འདི༔ སྨྱོན་པའི་ཚུལ་ཅན་སྲས་སུ་འཁྲུངས༔ ཨ་ཙ་ར་ནི་དཔལ་དབྱངས་འདི༔ གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང༔ ཇོ་མོ་གསང་བའི་ཡབ་བྱེད་ནས༔ བདག་གཞན་དོན་མཆོག་འགྲུབ་པ་འབྱུང༔ ད་ལྟའི་པདྨ་འབྱུང་གནས་ང༔ རྒྱ་གར་དམ་པའི་མཚན་འཛིན་ནས༔ ལ་སྟོད་ཕྱོགས་ནས་ཞི་བྱེད་སྤེལ༔ ཇོ་མོ་ཁྱོད་དང་བདག་འཕྲད་ན༔ གསང་བ་སྔགས་ཀྱི་རྟེན་འབྲེལ་འབྱུང༔ ཐབས་ལམ་ཟབ་མོ་ཞི་གཅོད་ཀྱི༔ བསྟན་པས་འཇིག་རྟེན་དར་ཅིག་བདེ༔ ཞེས་གསུངས༔ གཞན་ཡང་ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས༔ མཚོ་རྒྱལ་ཨ་ཙར་ཡེ་ཤེས་འཕྲུལ༔ དབྱི་ཡི་ཕྱོགས་སུ་སྐུ་བལྟམས་ནས༔ ངེས་མེད་འགྲོ་བ་གཞན་ལ་ཕན༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང༔ གཞན་ཡང་མདོ་དངས་སྙིགས་འབྱེད་པ་ལས་ཀྱང་། སྙིགས་མ་རྩོད་པ་རྒྱས་པའི་དུས། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོན་མའི་མཚན་ཅན་འབྱུང་བར་འགྱུར། །སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་འདི་རྒྱས་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱ་བའི་ལྗོངས། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི། །ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་སྟོན་འགྱུར། །ཞེས་མདོ་རྒྱུད་དུ་མ་ནས་ལུང་གིས་བསྔགས་པའི་གསང་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ཇི་ལྟར་འཁྲུངས་ཚུལ་ནི། རྒྱ་གར་གྱི་པཎ་ཆེན་སྨོན་ལམ་གྲུབ་པ་དེ་ཉིད་བོད་ཡུལ་གྱི་ལབ་ཕྱིའི་གངས་ཀྱི་ར་བར། ཡབ་ཆོས་ཀྱི་ཟླ་བ་རྒྱལ་མཚན་དང་། ཡུམ་འབུམ་ལྕམ་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། སྐྱོ་སྟོན་བསོད་ནམས་བླ་མ། གྲྭ་པ་མངོན་ཤེས་ཅན། ཕ་དམ་པ་རྒྱ་གར་ལ་སོགས་པའི་རྒྱ་བོད་ཀྱི་བླ་མ་མཁས་གྲུབ་མང་པོ་བསྟེན། མདོ་རྒྱུད་ཕྱི་ནང་གི་ཆོས་ཀྱི་སྒྲོ་འདོགས་མ་ལུས་དཀའ་ཚེགས་མེད་པར་ཆོད། རྒྱུད་བཀའ་ཐོག་ནས་གྲོལ། རྟོགས་པ་ཀློང་རྡོལ། བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་མི་ཚུགས་པའི་ཕྱག་རྒྱ་ཆེན་པོའི་གཅོད་ཅེས་བྱ་བའི་ཆོས་ཀྱི་སྲོལ་བཏོད། རྒྱ་བོད་གཉིས་སོགས་འཛམ་བུའི་གླིང་གི་ལྷ་འདྲེ་མི་གསུམ་དབང་དུ་བསྡུས། རྒྱ་གར་རྡོ་རྗེ་གདན་པའི་པཎྜི་ཏ་རྣམས་གྲོས་བྱས་མཁས་ཤིང་གྲུབ་པ་བརྙེས་པ་གསུམ་ལ་བརྩད་པ་དང་ཉམས་སད་པའི་ཕྱིར་བཏང་བ་ཁྲ་ཧོར་པས་གངས་རྩེ་འགྲིམ་པ་བཞིན་ནམ་མཁའ་ལ་འཕུར་ནས་འོངས་པ་ཟངས་རིར་ཕྱིན། བལ་པོ་མན་ཆད་ཀྱི་སེར་སྐྱ་ཕོ་མོ་འབུམ་ཚོ་ལྔ་དང་ལྔ་བརྒྱ་ཙམ་བསྡུས་ནས་པཎྜི་ཏ་རྣམས་དང་ཆོས་ཚིག་གི་རྩོད་པ་དང་དྲི་མོལ་རྒྱ་སྐད་དུ་བྱས། ལོ་ཙཱ་བ་མང་པོ་འདུག་པས་སྒྲ་བསྒྱུར་ནས་ཞག་བདུན་བར་དུ་བཤད། མངོན་མཁྱེན་དང་རྫུ་འཕྲུལ་ལ་སོགས་པ་གང་གི་སྒོ་ནས་ཀྱང་འགྲན་ཟླ་དང་བྲལ། པཎྜི་ཏ་རྣམས་ཀྱང་ངོ་མཚར་ནས་བཀའ་ཆོས་རྣམས་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པར་ཡིད་ཆེས་ནས་རྒྱ་གར་དུ་གདན་དྲངས། དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་མཛད་ནས་དར་རྒྱས་སུ་བྱས་པ་ནི། མ་ཅིག་གི་རྣམ་བཤད་ཆེན་མོ་ལས། རྒྱ་ཆོས་བོད་ལ་འགྱུར་བ་མང་ལགས་ཏེ། །བོད་ཆོས་རྒྱ་ལ་འགྱུར་བ་ཁོ་མོ་ཙམ། །ཞེས་གསུངས་པ་བཞིན་ནོ། །དེ་ལ་མཆོག་གི་སློབ་མ་བཅུ་དྲུག་ལ་སོགས་པའི་སྐལ་ལྡན་གྲུབ་པ་ཐོབ་པ་ནམ་མཁའི་སྐར་ཚོགས་ལས་ཀྱང་མང་བ་བྱུང་། དེ་ལྟར་འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་པ་ཟབ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་འདི་ལ། མདོ་ལུགས། སྔགས་ལུགས། མདོ་སྔགས་ཟུང་འཇུག་གི་ལུགས་དང་གསུམ་ཡོད་པ་ལས་མདོ་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། རྗེ་བཙུན་ཨརྱ་དྷེ་ཝ། ཕ་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལའོ། །སྔགས་ལུགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་འཕགས་མ་སྒྲོལ་མ། དེས་མ་ཅིག་ལ་གསུངས། མདོ་སྔགས་ཟུང་འཇུག་གི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕ་དམ་པ་རྒྱ་གར། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལ་གནང་། མ་ཅིག་གིས་ཐུགས་སྲས་རྒྱལ་བ་དོན་གྲུབ་ལ་མདོ་ལུགས་གཙོ་བོར་གསུངས། ཐོད་སྨྱོན་བསམ་གྲུབ་ལ་སྔགས་ལུགས་གཙོ་བོར་གསུངས། ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་མདོ་སྔགས་ཟུང་འཇུག་གི་གདམས་པ་གཙོ་བོར་གསུངས་ནས་དེ་རྣམས་ཀྱི་བརྒྱུད་པ་ལའང་མཁས་ཤིང་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ནམ་མཁའི་ལམ་ལ་གྱ་གྱུར་འགྲོ་བ་གྲངས་ལས་འདས་པ་བྱུང་། དེ་ལྟར་བརྒྱུད་པ་སོ་སོ་ནས་བདག་གི་རྩ་བའི་བླ་མའི་བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བར་མ་ཆད་དུ་བྱུང་བའོ།། གཉིས་པ་ཟབ་དོན་གཅོད་ཀྱི་གདམས་པ་ཟབ་གནད་གཞན་དང་འགྲན་ཟླ་བྲལ་བ་དཔེ་དྲུག་གི་སྒོ་ནས་འཕགས་ཚུལ་ནི། མ་ཅིག་གི་ཞལ་ནས། གཅོད་ཀྱི་ཆོས་འདི་གཡུའི་དུམ་བུ་དང་འདྲ་སྟེ་ཚལ་པ་རེས་ཀྱང་རང་གཞན་སྐྱོབ་ནུས། གསེར་གྱི་ཕྱེ་མ་དང་འདྲ་སྟེ་ཆ་ལག་ཚང་མ་མེད་ཀྱང་མན་ངག་སྣ་རེས་ཀྱང་ཕན་ཐོགས་ནུས། གངས་རི་དང་འདྲ་སྟེ་ཁ་བ་བབ་ཀྱང་དཀར་ལ་མ་བབ་ཀྱང་དཀར། དེ་བཞིན་དུ་ཆོས་གཞན་མ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག སེང་གེ་དང་འདྲ་སྟེ་ཆུ་ཆེ་ཡང་ཆོད་ཆུང་ཡང་ཆོད། དེ་བཞིན་དུ་གཅོད་མཁན་གྱིས་ཆོས་གཞན་ཤེས་ཀྱང་ཆོག་ལ་མ་ཤེས་ཀྱང་ཆོག རྔ་བོ་ཆེའི་སྐད་དང་འདྲ་སྟེ་ཁོ་གཅིག་པུར་བརྡུང་ཡང་སྐད་སྙན་ལ་རྔ་སིལ་དང་སྦྲགས་ནའང་རྔ་སྐད་ཐོན། དེ་བཞིན་དུ་ཆ་ལག་གཞན་ཡོད་ནའང་ཆོག་མེད་ནའང་རང་གཞན་གྱི་སྣང་བ་ཆོས་སུ་བསྒྱུར་ནུས། དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་མི་མང་ཡང་འཚོ་ལ་ཉུང་ཡང་འཚོ་བ་དེ་བཞིན་དུ་སློབ་མ་མང་ཡང་སངས་རྒྱས། ཉུང་ཡང་སངས་རྒྱས། རྟ་བཟང་པོའི་སྤུ་མདོག་དང་འདྲ་སྟེ་སྔོ་ཡང་མཛེས། ནག་ཀྱང་མཛེས། དེ་བཞིན་དུ་གཅོད་ཡུལ་ཉམས་སུ་ལེན་པའི་ཆོས་གཞན་དང་བསྟུན་ཡང་ལེགས། མ་བསྟུན་ཡང་ལེགས་སོ། ཞེས་དང་གཞན་ཡང་། ཨ་ཟ་མ་ཡི་བུ་ཁྱོད་ཉོན། །བར་ཆད་མི་འོང་ང་རང་ཤེས། །ནད་པ་འདྲེ་ལ་གཏད་པ་ཡིན། །ནད་མེད་བདེ་བ་ཐོབ་པ་ཡིན། །སྐྱེལ་མ་དགྲ་ལ་བྱས་པ་ན། །འཇིགས་མེད་བཙན་ས་ཟིན་པ་ཡིན། །མི་མཐུན་གྲོགས་སུ་ཁྱེར་བ་དང་། །ལྟས་ངན་གཡང་དུ་ལེན་པ་ནི། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བྱེད་པས། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བཏག་ཏུ་མེད་པ་ཡིན། །ཀུ་སུ་ལུ་ཡི་ཚོགས་བསགས་ཏེ། །ཚོགས་བསགས་བརྒྱ་ཡི་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡི་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་ཏེ། །རིམ་གྲོ་བརྒྱ་ཡི་དོ་ཟླ་མིན། །འདུག་གནས་གཉན་ས་རི་ཁྲོད་དེ། །དགོན་པ་བརྒྱ་ཡི་དོ་ཟླ་མིན། །སྦྱིན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡི་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་ཏེ། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །ཟབ་ཆོས་བདུད་ཀྱི་གཅོད་ཡུལ་དེ། །མན་ངག་བརྒྱ་ཡི་དོ་ཟླ་མིན། །ཞེས་དང་། ཨཱརྱ་དེ་ཝས། སྟེང་གི་ལྷ་རྣམས་དམ་ལ་ཐོགས། །ལྷ་རྣམས་རང་སར་གྲོགས་དོན་བྱེད། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །གཉན་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་སྐྱོང་། །ཐོགས་བཅས་བདུད་ལ་ཆོད་པ་ཡིན། །སྣང་བ་དགྲ་རུ་ལྡང་མི་སྲིད། །ཐོགས་མེད་བདུད་ལ་ཆོད་པ་ཡིས། །གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །དེ་ལ་སོགས་པའི་ཡོན་ཏན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའི་གདམས་ངག་མ་ཅིག་གི་ཐུགས་བཅུད་ཟབ་མོ་མཁའ་འགྲོའི་དངོས་གྲུབ་ཀྱི་དྲོད་རླངས་ཐུ་ལེ་བ། ཚེ་འདིའི་ནད་གདོན་བར་ཆད་སེལ་བ་ལ་གནད་གཞན་ལས་ཟབ་ཅིང་རྣོ་བ། མཐར་ཐུག་བྱང་ཆུབ་ཐོབ་པ་ལ་ལམ་གཞན་ལས་མྱུར་ཞིང་འཕགས་པའི་ཟབ་ཆོས་ཁྱད་པར་ཅན་ཡིན་ནོ།། གསུམ་པ་ཕ་ཐོད་པའི་རྣམ་འཕྲུལ་དུས་མཐའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་གསང་གཅོད་འདི་སྤེལ་བའི་ཡིད་ཆེས་ངེས་ཤེས་བསྐྱེད་པའི་རྣམ་ཐར་ནི། རང་རིག་སྟོན་པ་ཀུན་བཟང་གིས༔ རང་ལས་མི་གཞན་འཁོར་རྣམས་ལ༔ ཤེས་རབ་ཕ་རོལ་ཕྱིན་པའི་དབང༔ འཕོ་མེད་དགོངས་པའི་ངང་ནས་བསྐུར༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུ༔ གསལ་དག་རིགས་ལྔའི་སངས་རྒྱས་ཀྱིས༔ དག་པ་ས་གསུམ་འཁོར་རྣམས་ལ༔ རང་རིག་བརྡ་ཡི་དབང་ཆེན་བསྐུར༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ༔ མཛད་པ་ཡོངས་རྫོགས་སྟོན་པ་ཡིས༔ རིགས་ཅན་གསུམ་གྱི་སེམས་དཔའ་ལ༔ རྒྱུད་ལུང་མན་ངག་འབྲས་བུའི་དབང༔ རྫས་དང་སྔགས་ལ་བརྟེན་ནས་བསྐུར༔ ཞལ་ནས་སྙན་དུ་བརྒྱུད་པ་འདི༔ བར་མ་ཆད་པའི་གདམས་པ་འོ༔ ཁྱད་པར་མཁའ་འགྲོའི་ཐུགས་བཅུད་འདི༔ ཆོས་སྐུའི་ཞིང་དུ་ཀུན་བཟང་མོ༔ རང་སྣང་སངས་རྒྱས་བྱང་སེམས་ལ༔ དབྱེར་མེད་དགོངས་པ་གཅིག་པར་བརྒྱུད༔ འོག་མིན་ལོངས་སྐུའི་ཞིང་ཁམས་སུ༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས༔ ས་དང་ལམ་ལ་གནས་པ་ཡི༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ལ༔ སྒྲ་ཚིག་སྤངས་པའི་བརྡ་རུ་བསྟན༔ རང་བཞིན་སྤྲུལ་པའི་རྔ་ཡབ་གླིང༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ མཁར་ཆེན་བཟའ་དང་མནྡྷ་ར༔ གསང་བའི་ཡུམ་ཆེན་སོ་སོ་ལ༔ རྒྱུད་དང་སྒྲུབ་ཐབས་གྲུབ་འབྲས་སོགས༔ གདུལ་བྱའི་དོན་དུ་སོ་སོར་བསྟན༔ དེ་ཡང་སྟོང་གསུམ་སྟོན་པ་རྣམས༔ ངོ་བོ་གཅིག་ལས་ཐ་དད་སྣང༔ དཔེར་ན་མཁའ་ཡི་ཟླ་བ་དང༔ ཆུ་ཟླ་སོ་སོར་དབྱེར་མེད་བཞིན༔ འདིར་ཡང་དག་སྣང་ཆོས་ཀྱི་སྡེ༔ མ་འོངས་སྐལ་པ་ལྡན་པ་ཡིས༔ ཨ་ཙར་ཐོད་པ་ཟུང་གི་འཕྲུལ༔ སྨོན་ལམ་གཏད་རྒྱས་དབང་ཡང་བསྐུར༔ ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ བརྒྱུད་པ་དམ་ལྡན་བྱིན་རླབས་མྱུར༔ ཨེ་མ་ཌཱཀྐིའི་སྲོག་ཏིག་འདི༔ སྔོན་ཚེ་རྒྱ་གར་བྱང་གི་ཕུག༔ པཎ་ཆེན་སྨོན་ལམ་གྲུབ་པ་ཡི༔ དགོངས་པ་ཁྲོས་མའི་ཐུགས་དང་འདྲེས༔ མཁའ་འགྲོ་བདུད་འདུལ་རྡོ་རྗེ་ལ༔ འགྲོ་འདྲེན་ལབ་ཡུལ་སྐུ་འཁྲུངས་པ༔ ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང༔ གསང་གཅོད་བསྟན་པ་མཁའ་དང་མཉམ༔ དེ་ཚེ་སྨོན་ལམ་དུས་འཛོམས་པའི༔ རྒྱ་གར་ལྷ་མཆོག་ཐོད་པ་ཡི༔ སྤྲུལ་པའི་ཨ་ཙ་ར་དང་འཕྲད༔ ཐབས་ཤེས་མཉམ་སྦྱོར་རིགས་རྒྱུད་སྤེལ༔ འགྲོ་དོན་ཉི་ཟླའི་དཔལ་ལ་འགྲན༔ མཚན་སྙན་དབྱར་རྔའི་ཟླ་བོར་མཆེད༔ དེ་འདྲའི་དུས་སུ་ཟངས་རི་ཡི༔ མཁར་དམར་བསྟན་པའི་ག་དར་མཛད༔ ཕ་མཆོག་ཐོད་པ་བྷ་ཏྲ་ཡིས༔ མ་ཅིག་དགོངས་པ་ཐུགས་སུ་ཆུད༔ ཟབ་མོ་གཅོད་ཀྱི་གདམས་པ་ཡིས༔ མ་འོངས་འགྲོ་ལ་སྤེལ་བའི་སླད༔ མི་ཤིགས་དགོངས་པའི་རྩལ་དུ་སྦས༔ མ་ཅིག་མཁའ་འགྲོས་ཐོད་པ་ལ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཁྱོད་ཀྱི་སྤྲུལ་པ་རྒྱལ་མོ་རོང༔ ས་ར་ཧི་ཏའི་མིང་འཛིན་པའི༔ རྣལ་འབྱོར་འབྲེལ་ཚད་དོན་ལྡན་འབྱུང༔ ང་སྤྲུལ་ཌཱཀྐི་དྷརྨའི་མཚན༔ དེ་དང་འཕྲད་ཚེ་འགྲོ་བའི་དོན༔ ད་ལྟ་འུ་ཅག་དང་འགྲན་འབྱུང༔ དེ་དང་རྟེན་འབྲེལ་མ་འགྲིགས་ན༔ སྐལ་བ་ལྡན་པ་གྲོགས་སུ་བརྟེན༔ ང་ཡི་གསང་གཅོད་འདི་སྟོན་དང༔ འབྲེལ་ཐོགས་འབུམ་ཕྲག་གནས་སྐབས་དང༔ མཐར་ཐུག་མཁའ་སྤྱོད་ས་ལ་རེག༔ ཆོས་བདག་ལྔ་གསུམ་བདུན་ལ་སྤྲོད༔ རྣོ་ནུས་གཞན་དང་འགྲན་ཟླ་བྲལ༔ ད་ལྟ་མ་སྤེལ་སྙིང་སྒྲོམ་སྦོས༔ འགྲོ་དོན་འབྱུང་ངོ་ང་ཡི་གྲོགས༔ ཞེས་གསུངས་ཐོད་པའི་རྣལ་འབྱོར་པས༔ ད་ནི་རྟེན་འབྲེལ་ལེགས་པར་འགྲིགས༔ ཁྱེད་ཀྱིས་ཁམས་སུ་འགྲོ་དོན་མཛོད༔ ང་ནི་རྒྱ་གར་ཡུལ་དུ་བཞུད༔ རིགས་སྲས་རྣམས་ནི་ཁྱོད་ཀྱིས་བདག༔ ང་ནི་དགོས་མེད་རྒྱུད་ལ་བརྟེན༔ བོད་ཆོས་རྒྱ་ལ་དར་བར་བྱེད༔ མ་ཅིག་མཁའ་འགྲོའི་སྨོན་ལམ་བཞིན༔ འགྲོ་དོན་འབྱུང་བར་བྱིན་གྱིས་རློབས༔ ཞེས་གསུངས་པ་བཞིན་འགྲོ་དོན་དུས་ལ་བབས་པའི་ཚེ་བསམ་གཏན་ཡེ་ཤེས་གླིང་པས་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་མཐོང་སྣང་དུ་བཀྲ་བའི་ཚེ་ཨོ་རྒྱན་ཆེན་པོས་དབུགས་དབྱུང་གཟེངས་བསྟོད། གཏེར་སྟོན་གྱི་མཚན་གསོལ། མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མས་ཀྱང་བྱིན་རླབས་བདུད་རྩིའི་ཕ་ཕོག་གནང་། དེའི་སྒྱུ་འཕྲུལ་འཇིག་རྟེན་མི་མོའི་ཟོལ་དུ་བསྟན་པ་སྡེ་དགེ་མཁའ་འགྲོ་ཆོས་ཀྱི་སྒྲོན་མས་ཀྱང་། ཕ་ཐོད་པ་བྷ་ཏྲའི་སྐྱེ་བ་ཡིན་པར་ངོས་བཟུང་ནས་དབུགས་དབྱུང་། བདག་གི་དག་པའི་སྣང་བ་ལའང་གྲུབ་ཆེན་ཐོད་པའི་སྐྱེ་བ་ཡིན་པ་མང་ཞིག་བྱུང་། ལྷ་དང་བླ་མས་ཀྱང་གཅོད་ཀྱི་གདམས་པ་ཟབ་མོ་འདི་དངོས་སམ་བརྒྱུད་ནས་བཀའི་གནང་བ་སོགས་རང་སེམས་གཙང་མ་དཔང་པོར་ཡོད་པའི་དག་སྣང་འདི་རང་བྱུང་ཡེ་ཤེས་མཁའ་འགྲོ་དང་། ཡབ་ཐོད་པ་བྷ་ཏྲའི་སྨོན་ལམ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་ལས་སྔོན་སྦྱངས་ལས་འཕྲོའི་བག་ཆགས་སད་པའི་རྐྱེན་ལས། ལས་ཅན་ཆོས་ཀྱི་བདག་པོ་ནཱ་གའི་མཚན་འཆང་དམ་པས་ནན་གྱིས་བསྐུལ་བ་དང་། གསང་སྔགས་དོན་གྱི་རྣལ་འབྱོར་བ་གང་ཤར་རང་སར་གྲོལ་བའི་ཧེ་རུ་ཀ་བློ་གྲོས་རབ་གསལ་གྱིས་སྣང་བ་རྒྱན་གྱིས་འཕྲུལ་བའི་ཤ་ཟ་མཁའ་འགྲོ་མ་ལ་ཕབ་དགོས་པའི་ཞུ་བ་ཕུལ་བ་བདག་གི་བློ་ལ་ཤར་བའི་རྐྱེན་སོགས་ཀྱིས་དབེན་གནས་བརྟུལ་ཞུགས་མཆོག་གི་གནས་ཧོར་ཟླ་༢པའི་ཚེས་༡ལ་ཐུན་མཚམས་རྒྱས་པའི་དུས་སུ་ཇ་སྐབས་གཅིག་ལ་བློ་གྲོས་ཐོགས་མེད་དུ་བྲིས་པའི་ཟབ་ཆོས་ངོ་མཚར་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་རྒྱལ་ཡུམ་ཡེ་ཤེས་ཌཱཀྐིའི་བྱིན་རླབས་དབང་གི་རིམ་པ་བསྐུར་བའི་སྐབས་སུ་བབས་པ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་རྒྱལ་ཡུམ་ཡེ་ཤེས་ཌཱཀྐིི་ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད།


previousགཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས།next