Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ།next

ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ།

༄༅། ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་བཞུགས། ན་མོ་ཛྙཱ་ན་ཌཱཀྐི་ཡེ༔ སྐྱེ་མེད་ཆོས་སྐུའི་དབྱིངས་ན་ཡུམ་ཆེན་མོ། འགགས་མེད་ལོངས་སྐུའི་ཞིང་ན་ཝ་ར་ཧི། །རྩོལ་མེད་སྤྲུལ་སྐུ་རྒྱལ་ཡུམ་མཁར་ཆེན་བཟའ། །རྣམ་གསུམ་དབྱེར་མེད་ལབ་ཀྱི་སྒྲོན་མར་འདུད། །འདིར་དུས་བབས་ཀྱི་གཏེར་སྟོན་ཨོ་རྒྱན་བསམ་གཏན་ཡེ་ཤེས་གླིང་པའི་དགོངས་གཏེར་ལས་བྱུང་བའི་ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་འགའ་ཞིག་འབྲི་བ་ལ། ཐོག་མར་དཀྱིལ་འཁོར་སྒྲུབ་རྫས་བདག་མདུན་བུམ་པ་རྣམས་རང་གཞུང་བཞིན་མཆོད་ཆོག་བསྙེན་པས་ནུས་ལྡན་དུ་བསྒྲུབས་ནས་བདག་ཉིད་འཇུག་པ་སོགས་བྱ་བར་འོས་རིགས་རྣམས་ལེགས་པར་གྲུབ་ཟིན་མཐར། སློབ་བུ་རྣམས་མདུན་དུ་འཁོད་དེ་ཁྲུས། བགེགས་བསྐྲད། བསྲུང་འཁོར། ལོ་རྒྱུས། སྐྱབས་སེམས་ཡན་ལག་བདུན་པ་སོགས་སྔོན་དུ་བཏང་ནས། དངོས་གཞིའི་བུམ་དབང་གི་སྐབས། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་རང་བཞིན་ལ་ནང་མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་དུ་གསལ་བའི་དབུས་སུ་གནས་གསུམ་མཁའ་འགྲོའི་ལྷ་ཚོགས་སྒྱུ་འཕྲུལ་ཡེ་ཤེས་ཀྱི་རྣམ་པར་བཞུགས་པའི་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབ་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བུམ་པའི་ལྷའི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨོཾ་སྟོང་གསལ་འགགས་མེད་སོགས། ཞེས་བརྗོད་གཙོ་མོའི་སྐུ་དབང་བཅས་གྲུབ་ནས། དེ་ལྟར་སྐུའི་རྟེན་བུམ་པ་ལྷ་སྐུ་དང་བཅས་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག ལུས་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་སྐུར་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། མཁའ་འགྲོ་སྡེ་ལྔའི་འཕྲོར། དེ་ལྟར་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པའི་སྒྲིབ་པ་དག ཕྱི་ནང་སྣོད་བཅུད་ཀྱི་ཁམས་ལ་དབང་བསྒྱུར་ནས་ཞིང་ཁམས་ལྔ་བསྒྲོད་པ་ལ་དབང་། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་སྡེ་ལྔའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། གསུང་དབང་སྐབས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ སླར་ཡང་བདག་མདུན་གཉིས་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་རྣམས་འོད་ཟེར་སྐུའི་མདོག་མཚུངས་ཀྱི་རྟ་ལ་ཞོན། སློབ་མ་ལྷར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་བྃ་ཡིག་གི་མཐར་གཡོན་དུ་འཁོར་བའི་འོད་ཟེར་གྱིས་གནས་གསུམ་མཁའ་འགྲོའི་གསུང་གི་བྱིན་རླབས་བསྡུས་ནས་ངག་ལ་ཐོབ་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སོགས་བརྗོད། མེ་ཏོག་འཐོར། སླར་ཡང་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་ཀྱི་བྱང་སེམས་དཀར་པོ་ཟག་མེད་བདུད་རྩིའི་རང་བཞིན་མཚན་ལྡན་ཐོད་པའི་ནང་དུ་འཁྱིལ་བ་སློབ་བུ་རྣམས་ཀྱི་ལྕེ་ལ་བཞག་པས་ཉི་ཁྲི་ཆིག་སྟོང་གཡོ་བྱེད་རླུང་གི་འཕྲོ་འདུ་འཕོ་མེད་སྒྲ་གཅན་གྱི་དབྱིངས་སུ་ཆུད་ནས། ལས་རླུང་སྔགས་སུ་དག་པའི་མོས་པ་མཛོད། ཞེས་སོགས་བརྗོད། དེ་ལྟར་གསུང་གི་རྟེན་སྔགས་བྱང་བདུད་རྩི་དང་བཅས་པས་དབང་བསྐུར་བས། ངག་གི་སྒྲིབ་པ་དག ངག་གྲག་སྟོང་སྔགས་ཀྱི་བཟླས་བརྗོད་བྱེད་པ་ལ་དབང་། འབྲས་བུ་ལོངས་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཐུགས་ཀྱི་རྟེན་དྲི་བྲལ་མན་ཤེལ་མེ་ལོང་དང་བཅས་པས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག སེམས་ཉིད་གཤིས་ཀྱི་གནས་ལུགས་སྟོང་གསལ་འགག་མེད་ཟུང་འཇུག་ཡེ་ཤེས་ཆེན་པོའི་རྣམ་རོལ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ངོ་འཕྲོད། ཀ་དག་མེ་ལོང་གཙང་མའི་ངོགས་སུ་ཤེས་བྱའི་ཆོས་རྣམས་མ་འདྲེས་པར་འཆར་བའི་མཁྱེན་པའི་རྩལ་རྒྱས། ཤེས་རབ་ཕ་རོལ་ཕྱིན་པའི་དགོངས་དོན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཡོན་ཏན་གྱི་རྟེན་ནོར་བུའི་དབང་བསྐུར་བས། སྒོ་གསུམ་ཐ་མལ་དུ་ལྟ་བའི་མ་དག་དངོས་འཛིན་གྱི་སྒྲིབ་པ་དག ཕྱི་ནང་གསང་བའི་ཡོན་ཏན་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་རེ་བ་མཐའ་དག་འབད་མེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སྐོང་ནུས་པ་ལ་དབང་། རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཕྲིན་ལས་ཀྱི་རྟེན་གཏོར་མའི་དབང་བསྐུར་བས། སྲིད་པའི་རྩ་བ་ལྷན་སྐྱེས་ཀུན་ཏུ་བརྟགས། མ་རིག་གཉིས་འཛིན་གྱི་སྒྲིབ་པ་ཐམས་ཅད་དམིགས་པ་མེད་པའི་དབྱིངས་སུ་གཏོར། སྲིད་ཞི་ཀུན་གྱི་བསྐྱེད་གཞི་མ་ལྟ་བུའི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས། ཤེས་པ་དྲུག་ལྡན་སོགས་ཉམས་ལེན་མཐའ་དག་ལ་དབང་། ལས་བཞི་སོགས་ལས་རབ་འབྱམས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རླབ་པོ་ཆེ་འབྱུང་བའི་ཕྲིན་ལས་སྣ་ཚོགས་དབང་འབྱོར་བའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ནས་འཕྲོས་དོན་བརྟུལ་ཞུགས་བསྐྱེད་པའི་དབང་ཆས་རྣམས་སོ་སོར་གཏད་པ་ལས། ཐོག་མར་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཌཱ་མ་རུ་དང་དྲིལ་བུ་ཟུང་གཏད་པས་སྣང་སྟོང་ཟུང་དུ་འཇུག འཁོར་འདས་རྒྱབ་གྱེས། གཉིས་སྣང་གི་རྟོག་པ་འུབ་ཆུབ། གཟུང་འཛིན་དབྱིངས་སུ་ཡལ། མ་ཚོགས་མཁའ་འགྲོ་དབང་དུ་འདུས། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་དུ་བསྒྲགས་ཤིང་སྲིད་ཞིའི་མཐའ་ལ་མི་གནས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་མ་རིག་ལས་སོགས་བཀྲ་ཤིས་ཤོག༔ དེ་ནས་མཆོག་ཆེན་མི་རྐང་གི་གླིང་བུ་འདི་གཏད་པས་མ་རིག་པའི་གཉིད་ལས་སད། ཆགས་སྡང་གི་རྣམ་རྟོག་ཞི། ལས་རླུང་དབུ་མར་ཚུད། མགྲོན་བཞི་དགྱེས་ཤིང་ཚིམ། ཕ་རྗེས་བུ་ཡིས་ཟིན༔ ཟབ་དོན་གཅོད་ཀྱི་བརྟུལ་ཞུགས་མཐའ་དག་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་ཕུང་པོ་ཁམས་སོགས་ཤོག༔ དེ་ནས་རྟོག་མེད་རོ་ཡི་ཤུན་པ་མི་ལྤགས་ཀྱི་གཡང་གཞི་འདི་གཏད་པས་ཁམས་གསུམ་དབང་དུ་འདུ་ཞིང་སྲིད་གསུམ་ཟིལ་གྱིས་ནོན། བརྟུལ་ཞུགས་ལམ་དུ་ལོངས། རྐྱེན་ངན་གྲོགས་སུ་ཤར། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་གདེངས་ཚད་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་གཏི་མུག་ཤ་སོགས་ཤོག༔ དེ་ནས་གཏུམ་པ་གཅན་གཟན་གྱི་ལྤགས་པའི་གདན་འདི་གཏད་པས་སྲིད་ཞིའི་གཡུལ་ལས་རྒྱལ་བའི་མི་འཇིགས་པའི་དཔའ་གདེངས་དང་ལྡན། མི་གཡོ་བའི་ཏིང་འཛིན་ལ་བརྟན་པ་ཐོབ། མཉམ་པ་ཉིད་ཀྱི་དོན་རྟོགས། རླུང་སེམས་ལས་སུ་རུང་། སྡེ་བརྒྱད་བྲན་ཏུ་བཀོལ། འཁྲུལ་སྣང་དབྱིངས་སུ་ཞིག་པའི་དགོངས་སྤྱོད་མཆོག་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་འཁོར་བའི་སོགས། ཤོག༔ དེ་ནས་དཔལ་ཆས་རུས་རྒྱན་འདི་གཏད་པས་ལྟ་སྒོམ་རྟོགས་པའི་གདེངས་ཚད་རྙེད། རིམ་གཉིས་ཟུང་དུ་འཇུག ཚོགས་དྲུག་རྒྱན་དུ་ཤར། འགྲོ་དྲུག་དབྱིངས་སུ་སྒྲོལ། ཧེ་རུ་ཀའི་བརྟུལ་ཞུགས་མཐའ་དག་ལ་རང་དབང་བསྒྱུར་ནས་གནས་གསུམ་མཁའ་འགྲོའི་ཚོགས་དཔོན་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་སྤྲོས་བྲལ་སོགས་ཤོག༔ དེ་ནས་མཚན་ལྡན་ཐོད་སྣོད་འདི་གཏད་པས་རྟེན་འབྲེལ་ལུགས་འབྱུང་གིས་བསྡུས་པའི་འཁོར་བའི་བག་ཆགས་མཐའ་དག་བསྒྲལ། ལས་དང་ཉོན་མོངས་པའི་འཁྲུལ་འཁོར་ཞིག གཙང་རྨེ་གཉིས་འཛིན་གྱི་རྟོག་པ་ཞི། ཟག་མེད་ཀྱི་བཅུད་ལ་རོལ། སྦྱོར་བའི་ལས་ལ་དབང་། འབྲེལ་ཚད་བདེ་བ་ཆེན་པོའི་ས་ལ་འགོད་ནུས་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་ཉོན་མོངས་སོགས། ཤོག༔ དེ་ནས་ཐབས་ཀྱི་ཕྱག་མཚན་ཁ་ཊཱཾ་ཀ་འདི་གཏད་པས་དུག་གསུམ་གྱི་སྒྲིབ་པ་དབྱིངས་སུ་དག སྐུ་གསུམ་རང་ངོ་འཕྲོད། རྣམ་ཐར་སྒོ་གསུམ་གྱི་དོན་རྟོགས། སྤྱོད་པ་ལེགས་ཉེས་ཀྱི་མཐའ་ལས་གྲོལ། སྒྲོལ་བའི་ལས་ལ་དབང་། གནས་ཡུལ་དུར་ཁྲོད་ལ་སྤྱོད་པའི་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ཆགས་མེད་ཞེན་མེད་དུ་འགྲིམ་པའི་སྒྱུ་ལུས་གྱི་གར་ལ་རོལ། འབྲེལ་ཚད་རིག་པ་འཛིན་པའི་ས་ལ་འགོད་ནུས་པའི་སྐལ་བ་མཆོག་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་རྩེ་གསུམ་སོགས། ཤོག༔ དེ་ལ་བཀའ་གཏད། མཐའ་རྟེན། དམ་ཚིག་བསྒྲགས་པ་སོགས་རང་གཞུང་ལྟར་དང་དབང་སྤྱིའི་འགྲོས་བཞིན་མཐའ་བརྒྱན་པར་བྱའོ། །ཤེས་རབ་ཕར་ཕྱིན་དགོངས་དོན་བདུད་རྩིའི་ཆབ། ། ལབ་སྒྲོན་ཐུགས་ཀྱི་དཔལ་བེའུར་ལེགས་གཏམས་ནས། །གདམས་པའི་ཡང་ཟབ་ཞལ་ཆབ་མངར་མོའི་བཅུད། །མྱོང་བའི་སྐལ་བཟང་ཉེས་བརྒྱའི་ནད་ལས་སོས། །ཞེས་འདིར་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཨོ་རྒྱན་བསམ་གཏན་ཡེ་ཤེས་གླིང་པའི་དགོངས་གཏེར་ལས་བྱུང་བའི་ཟབ་དོན་གཅོད་ཀྱི་གདམས་པའི་དབང་ཆོག་ལ་ཉེ་བར་འོས་པའི་མཚམས་སྦྱོར་འདི་འདྲ་ཞིག་དགོས་ཞེས་རིག་འཛིན་གྲུབ་མཆོག་བློ་གྲོས་རབ་གསལ་ནས་བཀྲ་ཤིས་པའི་ལྷ་དར་དང་། རིན་ཆེན་གཉིས་པའི་དོང་ཚེ་བཅས་བསྐུལ་བའི་དགོངས་བཞེད་དུ་ནགས་དབོན་སྡེ་སྣོད་མིང་པས་བྲིས་ཏེ་ཕུལ་བ་ལ་ནོངས་པ་མཆིས་ན་དམ་པ་མཆོག་ཉིད་ལ་འཆགས་ཤིང་། དགེ་བས་རིག་པ་འཛིན་པ་གང་གི་ཞབས་པད་སྲིད་མཐའི་བར་དུ་བརྟན་ཅིང་། བསྟན་འགྲོའི་དགེ་མཚན་ནུབ་མེད་ཏུ་འཕེལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལམ། དགེའོ། །དགེའོ། །དགེའོ། །


previousཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ།next