Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་ཀྱི་གཏེར་གཞུང་།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་ཀྱི་གཏེར་གཞུང་།next

གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་ཀྱི་གཏེར་གཞུང་།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་བཞུགས༔

པདྨ་ཐོད་ཕྲེང་རྩལ་ལ་འདུད༔ དྲང་སྲོང་ཁྱབ་འཇུག་གཉེན་པོའི་ལྷ༔ གསང་བདག་སྒྲུབ་པ་སྤྲོས་མེད་འདི༔ མཚོ་རྒྱལ་སྟངས་དཔྱལ་ཁྱོད་ལ་གདམས༔ ཟབ་པའི་ཡང་བཅུད་མིག་གི་འབྲས༔ རང་ཉམས་ལོངས་ལ་གཏེར་དུ་སྦས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ རྒྱ་བོད་འཁྲུག་རྩོད་ས་གཡོ་འབྱུང༔ མི་རྣམས་བལ་ལྟར་གཡེང་བས་འཁྱེར༔ རྒྱ་འདྲེ་འགོང་པོས་ཚ་རེག་གཏོང༔ ས་བདག་ཀླུ་ཡིས་ཞ་གྲུམ་དང༔ གཉན་དང་འབྱུང་བ་མེ་ཆུ་དང༔ བས་ལྡག་སན་ད་ཆུ་བུར་རྡོལ༔ མི་འདོད་སྣ་ཚོགས་འབྱུང་བའི་ཚེ༔ སེམས་ཅན་རྒུད་པ་སེལ་བའི་བུ༔ གཏེར་སྟོན་བདུན་གྱིས་བསྔགས་པ་བརྗོད༔ མཁའ་འགྲོའི་སྤྲུལ་པས་རྗེས་སུ་བཟུང༔ ཨ་ཙར་སྤྲུལ་པ་གར་མཁན་ལོ༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པ༔ འཕགས་པའི་གནས་ལ་དབང་བ་འབྱུང༔ དེ་དུས་ཟབ་གཏེར་འདི་ཉིད་སྤྲོད༔ བཀའ་སྲུང་ཁྱབ་འཇུག་ར་ཧུ་ལ༔ གཏེར་སྲུང་ལྷ་བཙན་གཉེར་ཁ་གྱིས༔ ས་མ་ཡཱ༔ དབེན་པའི་གནས་ལ་ཡོ་བྱད་བཤམས༔ བདེ་བའི་གདན་ལ་བག་ཕེབས་ནས༔ མི་རྟག་སྐྱོ་ཤས་རྒྱུད་བརླན་ཅིང༔ བྱང་ཆུབ་སེམས་སྦྱངས་གདེང་བསྐྱེད་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྦྱང༔ ཧཱུྃ་ཧཱུྃ༔ བསླུ་བ་མེད་པའི་དཀོན་མཆོག་རིན་ཆེན་གསུམ༔ སྐྱབས་ཀྱི་མཆོག་བརྟེན་བྱང་ཆུབ་བར་དུ་བསྙེན༔ མ་རྒན་འགྲོ་དྲུག་འཁྲུལ་པའི་སེམས་ཅན་ཀུན༔ ཡང་དག་རྡོ་རྗེའི་སར་འགོད་སེམས་བསྐྱེད་འཚལ༔ མཆོག་གསུམ་ཕྱག་འཚལ་མཆོད་ཚོགས་འབུལ༔ མི་དགེ་བཤགས་སྦྱང་དགེ་རྗེས་རང༔ ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལ༔ དགེ་ཚོགས་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ དེ་ནས་བདག་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་སྟོང་ཞིང་སྤྲོས་བདག་མེད༔ སྒྱུ་མའི་རྩལ་མདངས་འགག་མེད་ཀྱི༔ ཀློང་ལས་ཤར་བའི་ས་བོན་ཧཱུྃ༔ མཐིང་ནག་མེ་འབར་ཐོག་བབས་འཕྲོས༔ སྤྲོ་བསྡུ་དོན་གཉིས་བྱས་པའི་མཐར༔ ཚུར་འདུས་འོད་ཀྱི་ཕུང་པོ་ལས༔ བདག་ཉིད་ཕྱག་རྡོར་གཏུམ་པོའི་སྐུ༔ མཐིང་ནག་དཔའ་ལ་སྒེག་པའི་གཟུགས༔ ཁྲོ་ཆས་ཡོངས་རྫོགས་སྤྱན་གསུམ་ལྡན༔ ཕྱག་གཡས་གསེར་རྡོར་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀྲོལ་ཐབས་བསྣམས༔ སྦྲུལ་རིགས་ལྔ་ཡིས་སྐྲ་ཆིངས་བྱས༔ རྒྱལ་རིགས་དཀར་ཕྲེང་རྗེ་རིགས་སེར༔ ཕྱག་ཞབས་གདུ་བུ་དམངས་རིགས་དམར༔ སྐེད་ཆིངས་གདོལ་ནག་དོ་ཤལ་བརྒྱན༔ དཔའ་བོ་སྟག་ཤམ་འདོར་སྟབས་བསྒྲད༔ ས་བདག་གན་རྐྱལ་བསྣོལ་མར་བརྫིས༔ ཞལ་ནས་བྷ་ཏ་ལི་ཧཱུྃ་ཛ༔ ཧི་ལུ་མ་ཧཱ་ཕྲུམ་ཕུ་ཡི༔ སྒྲ་བསྒྲགས་ཐུགས་སྲོག་ས་བོན་ཧཱུྃ༔ སྔགས་ཕྲེང་ལས་འཕྲོས་འོད་ཟེར་མཐིང་༔ ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད༔ ཕྱོགས་བཅུར་འཕྲོས་པས་གཟའ་གཉན་ཀླུ༔ སྡེ་བརྒྱད་དབང་སྡུད་ལས་ལ་བཀོལ༔ ནག་ཕྱོགས་མི་མིན་བདུད་ཀྱི་སྡེ༔ ཁྲོ་ཆུང་སྤྲུལ་པས་རྡུལ་དུ་བརླག༔ ནུས་པས་མཐུ་སྟོབས་གསང་བདག་གི༔ གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས༔ བདེ་གཤེགས་རྒྱལ་བ་སྲས་བཅས་དང༔ ཁྱད་པར་འོག་མིན་ལྕང་ལོ་ཅན༔ གསང་ཆེན་ལྷུན་གྲུབ་གནས་མཆོག་ནས༔ ཕྱག་རྡོར་གཏུམ་པོའི་ལྷ་ཚོགས་རྣམས༔ བསྒོམས་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམས༔ དབང་བསྐུར་གཉིས་སུ་མེད་པར་གྱུར༔ བཛྲ་པ་ཎི་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ན་མོ་ན་མ་ཡ་ཏི༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པུ་ཛ་ཧོ༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ ཧཱུྃ་ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ གསང་བདག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ ཅེས་དང་འཛབ་ནི༔ བདག་ཉིད་ལྷར་གསལ་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་བ་ཐག་གཟེངས་ལྟར་ཕྱོགས་བཅུར་སྤྲོས༔ འཕགས་མཆོད་བྱིན་བསྡུས་སེམས་ཅན་ཀུན་དོན་བྱས༔ མི་མིན་ནག་ཕྱོགས་སྡེ་ཚོགས་ཆམ་ལ་ཕབ༔ འོད་ཟེར་ཚུར་འདུས་རང་ཐིམ་སྣང་སྲིད་ཀུན༔ གསང་བདག་ཞིང་ཁམས་ལྷ་སྔགས་ཡེ་ཤེས་ཀྱི༔ རོལ་པར་འབྱམས་ཀླས་ཏིང་འཛིན་ཡེང་མེད་ངང༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བཟླས་མཐར་བྱ་ཁྱུང་སྤྲོས༔ དམིགས་པ་སྔགས་ཀྱི་རིམ་པ་ནི༔ ཨོཾ་བཛྲ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཞེས་བརྗོད་རྐྱེན་གྱིས་གསང་བདག་གི༔ ཡེ་ཤེས་ལྔ་ཡི་རོལ་རྩལ་ལས༔ ཤར་བའི་བྱ་ཁྱུང་རིགས་ལྔར་སྤྲུལ༔ སྐུ་མདོག་དཀར་སེར་དམར་ལྗང་མཐིང༔ སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་ཁོལ༔ གནམ་ལྕགས་རྭ་ལ་རྡོ་རྗེའི་མཆུ༔ ཟངས་ཀྱི་སྡེར་མོའི་དབལ་དང་ལྡན༔ གཤོག་བརྡབ་སྟོང་གསུམ་གཡོ་ཞིང་འགུལ༔ ལྔ་ཀའང་སྦྲུལ་རིགས་ཟས་སུ་ཟ༔ ཡང་སྤྲུལ་ཁྱུང་གིས་ནམ་མཁའ་གང༔ ཀླུ་གཉན་ས་བདག་འདར་ཞིང་འཁུམ༔ ཞལ་ནས་ཁྱུང་སྐད་ལྷང་ལྷང་སྒྲོག༔ གཟའ་ཀླུ་སྡེ་བརྒྱད་དྲེགས་པ་ཀུན༔ དབང་དུ་བསྡུས་ཤིང་ལས་ལ་བཀོལ༔ དམ་ཚིག་གཉན་པོའི་བཀའ་ལ་ཉན༔ བཀའ་བསྒོའི་ཚུལ་གྱིས་སྔགས་འདི་བསྙེན༔ དེ་ཡིས་གང་འདོད་ལས་འགྲུབ་ཅིང༔ གང་ལ་དམིགས་པ་ཐོགས་མེད་འགྲུབ༔ གཉན་ནད་སྲུང་བའི་མཆོག་ཏུ་འགྱུར༔ ཁ་ཆར་གཅོད་དང་འབེབས་པ་དང༔ ལོ་ཉེས་སད་སེར་བཙའ་འབུ་སྲིན༔ མ་རུངས་གདུག་པ་སྲུང་བ་ལ༔ འདི་ཉིད་གཅིག་ཆོག་རྒྱལ་པོ་ཡིན༔ འདི་ནི་ཟབ་པའི་མཐར་ཐུག་གོ༔ བཅུད་ལས་བཅུད་གྱུར་གསང་བའི་ཆོས༔ ཕན་པའི་ཡོན་ཏན་བརྗོད་ལས་འདས༔ ངེས་པར་མི་བསླུ་ལག་ཏུ་ལོངས༔ དེ་ཕྱིར་རྟགས་མཚན་མ་བྱུང་ན༔ རྩ་གསུམ་བྱིན་རླབས་རྫུན་དུ་ཟད༔ དེ་ཕྱིར་ཐེ་ཚོམ་རྟོག་པ་སྤོང༔ ས་མ་ཡཱ༔ རྗེས་སུ་མཆོད་བསྟོད་སྤྱི་དང་མཐུན༔ དགེ་བ་འགྲོ་ལ་བསྔོ་བ་ནི༔ ཧཱུྃ་ཧཱུྃ༔ བདག་གཞན་དུས་གསུམ་དགེ་བསགས་པ༔ མཁའ་མཉམ་འགྲོ་དྲུག་དོན་དུ་བསྔོ༔ གནས་སྐབས་སྡུག་བསྔལ་ཀུན་ཞི་ཞིང༔ མཐར་ཐུག་སངས་རྒྱས་མྱུར་འགྲུབ་ཤོག༔ ལྷར་སྣང་དབྱིངས་སུ་བསྡུ་བ་ནི༔ ཧཱུྃ་ཨཱཿ འཁོར་འདས་ཆོས་ཀུན་རིག་པའི་རྩལ༔ སངས་རྒྱས་མ་བཅོས་ལྷུན་གྱིས་གྲུབ༔ སྣང་སྟོང་འོད་གསལ་དབྱིངས་སུ་བསྡུ༔ ཨཱ་ཨཱ༔ ཅིར་སྣང་ལྷ་སྐུའི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཕཊ༔ ཤིས་པས་མཐའ་བརྒྱན་བྱ་བ་ནི༔ ཧཱུྃ་ཧཱུྃ༔ ཡོན་ཏན་སྲིད་ན་འགྲན་བྲལ་བ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ མཛད་པ་རྨད་དུ་བྱུང་བ་ཡི༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ འགྲོ་འདུལ་རིགས་གསུམ་སེམས་དཔའ་ཡི༔ སྐུ་གསུམ་བླ་མེད་བཀྲ་ཤིས་ཤོག༔ ཐུགས་རྗེས་གདུལ་དཀའ་འདུལ་མཛད་པ༔ པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ མཐུ་སྟོབས་བརྟུལ་ཞུགས་རྨད་བྱུང་བ༔ གསང་བདག་དཔའ་བོའི་བཀྲ་ཤིས་ཤོག༔ ས་བདག་ཀླུ་གཉན་འདུལ་བའི་ལྷ༔ ཁྱུང་ཆེན་རིགས་ལྔའི་བཀྲ་ཤིས་ཤོག༔ འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི༔ དཀར་ཕྱོགས་སྐྱོང་བའི་བཀྲ་ཤིས་ཤོག༔ བདག་སོགས་གར་གནས་ས་ཕྱོགས་སུ༔ མི་ཕྱུགས་ནད་རིམས་ཀུན་ཞི་ཞིང༔ བདེ་སྐྱིད་དཔལ་གྱིས་མངོན་པར་འཚོ༔ དམ་ཆོས་འཕེལ་རྒྱས་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁོ་བོ་སྤྲུལ་མིང་ས་ར་ཧི་ཏས་ཏཱ་རེ་མི་འགྱུར་དགའ་བའི་ཚལ་ནས་གདན་དྲངས་པའི་གསང་བདག་གོས་སྔོན་གདུག་པ་དམ་འདོགས་ཞེས་པའི་སྒྲུབ་ཐབས་རྒྱུན་ཁྱེར་བཀའ་སྲུང་དང་བཅས་པ་འདི་ཉིད་སྔོན་སྨོན་ལས་འཕྲོ་བཟང་པོས་མཚམས་སྦྱར་བའི་སོག་པོ་དཔལ་གྱི་ཡེ་ཤེས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཟློས་གར་ལས་བྱུང་བའི་ཆོས་དབང་སྐྱེ་བ་ཐོབ་པའི་སྤྲུལ་པའི་སྐུ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་སྨོས་ན་པདྨ་གར་གྱི་དབང་ཕྱུག་ཞེས་བྱ་བའི་དངོས་གྲུབ་ཀྱི་སྐལ་བར་ཤོག་སེར་ལས་ཆུ་སྟོད་ཟླ་བའི་ཚེས་གསུམ་ཉིན་ནགས་ཁྲོད་བཀྲ་ཤིས་འཁྱིལ་ནས་ཞལ་བཤུས་དེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་རྟོགས་བསྟན་འཛིན་གྱིས་བགྱིས་པའི་དགེ་བའི་མཐུ་ལ་བརྟེན་ནས་དམ་པ་རིན་པོ་ཆེའི་སྐུ་ཚེ་བསྐལ་བ་རྒྱ་མཚོར་བརྟན་ཅིང་འགྲོ་ཀུན་གསང་བའི་བདག་པོའི་གོ་འཕང་ཐོབ་པར་གྱུར་ཅིག་གུ༔ མངྒ་ལཾ༔


previousགསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་ཀྱི་གཏེར་གཞུང་།next