Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
ཚོགས་མཆོད་བསོད་ནམས་དཔལ་སྟེར་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཚོགས་མཆོད་བསོད་ནམས་དཔལ་སྟེར་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།next

ཚོགས་མཆོད་བསོད་ནམས་དཔལ་སྟེར་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།

གསང་བདག་གོས་སྔོན་འཆང་བའི་ཚོགས་མཆོད་བསོད་ནམས་དཔལ་སྟེར་བཞུགས༔

ན་མོ་བཛྲ་པ་ཎིའི་སྐུ་ལ་འདུད༔ དེ་ལ་ཚོགས་མཆོད་རིམ་པ་ལ༔ དཀར་གསུམ་མངར་གསུམ་ཟས་སྣའི་རིགས༔ ཤ་ཆང་སྒོག་སོགས་གསང་སྔགས་རྫས༔ འོ་ཞོ་སྦྲང་རྩི་བཏུང་བའི་རིགས༔ མ་ཚང་མེད་པར་སྟ་གོན་བྱ༔ བདག་ཉིད་གསང་བདག་ཏིང་འཛིན་གྱིས༔ ཚོགས་འཁོར་བྱིན་གྱིས་རླབས་པ་ནི༔ ཧཱུྃ་ཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཚོགས་ཀྱི་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ལས་ནི་འོད་ཟེར་གྱིས༔ ཚོགས་འཁོར་བྱིན་གྱིས་རླབས་ནས་ཀྱང༔ མི་ཟད་ནམ་མཁའ་མཛོད་ལྟ་བུ༔ ལྷ་ཚོགས་དགྱེས་པ་བསྐང་ཕྱིར་རློབས༔ དེ་ནས་སྤོས་རོལ་དབྱངས་ཀྱིས་ནི༔ ཚོགས་ཞིང་སྤྱན་འདྲེན་འདི་ལྟར་གྱེར༔ ཧཱུྃ་ཧཱུྃ༔ སྐུ་གསུམ་རང་གསལ་ཕོ་བྲང་དང༔ འོག་མིན་གསང་ཆེན་དུར་ཁྲོད་ནས༔ ཐུགས་མཆོག་previous hit ཕྱགརྡོར་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསངབདག next hit་གཏུམ་པོ་གཤེགས་སུ་གསོལ༔ གདུག་པ་འདུལ་བའི་ཚོགས་ཁང་ནས༔ དྲེགས་པ་ཀུན་འདུལ་གཤེགས་སུ་གསོལ༔ རི་རབ་འབར་བའི་རྩེ་མོ་ནས༔ ཁྱུང་ཆེན་རིགས་ལྔ་གཤེགས་སུ་གསོལ༔ ཁྲག་ཞག་རྦ་ཀློང་འཁྲུགས་པ་ནས༔ རྡོ་རྗེ་ཐོག་རྒོད་གཤེགས་སུ་གསོལ༔ དཀྱིལ་འཁོར་མུ་མཐའ་མེད་པའི་ཞིང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་དམ་ཅན་གཏེར་བདག་སོགས༔ མ་ལུས་འཁོར་དང་བཅས་པ་རྣམས༔ ཚོགས་ཀྱི་མཆོད་པ་བཞེས་ཕྱིར་དུ༔ སྤྱན་འདྲེན་གནས་འདིར་གཤེགས་ནས་ཀྱང༔ ཚོགས་ཁང་གཞལ་ཡས་བྱིན་གྱིས་རློབས༔ ཡོ་བྱད་རྫས་ལ་བཅུད་ཅིག་སྩོལ༔ སྔགས་འཆང་བདག་ལ་དབང་བཞི་སྐུར༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ ཨོཾ་བཛྲ་ས་མ་ཡཱ་ཛ་ཛཿཕཻཾ་ཕཻཾ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧཱུྃ༔ གསང་བདག་བྱ་ཁྱུང་རིགས་ལྔ་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཁྱབ་འཇུག་ཐོག་རྒོད་གཙོ་དང་འཁོར༔ བླ་མེད་མཆོག་གི་དམ་རྫས་འདི༔ གཉིས་མེད་བླང་དོར་མེད་པར་བཞེས༔ མ་ཧཱ་ས་མ་ཡཱ་གྷ་ན་ཙཀྲ་པཱུ་ཛ་ཧོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ་ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ མ་རིག་དགྲ་གཉེན་ཕྱོགས་རིས་བཟུང་༔ རང་རིག་གསང་བདག་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས༔ སླར་ཡང་བསྐང་རྫས་བྱིན་རླབས་བྱ་ཞིང་རྔ་གཤང་དབྱངས་ཀྱིས་གྱེར༔ ཧཱུྃ་ཧྲཱིཿ ཀ་དག་བདེ་བ་ཆེན་པོ་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང༔ ལྷུན་གྲུབ་རོལ་པ་ཆེན་པོ་ནས༔ རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང༔ མ་འགགས་སྤྲུལ་བའི་ཞིང་ཁམས་ནས༔ རྡོར་འཆང་དགའ་རབ་ཐུགས་དམ་བསྐང༔ ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ༔ བཤེས་གཉེན་ཤྲཱྀ་སེང་ཐུགས་དམ་བསྐང་༔ བདེ་ཆེན་པདྨ་འོད་གླིང་ནས༔ ཕ་ཅིག་མཚོ་སྐྱེས་ཐུགས་དམ་བསྐང༔ དྷུ་མ་ཐ་ལའི་གནས་མཆོག་ནས༔ མ་ཅིག་མཁའ་འགྲོའི་ཐུགས་དམ་བསྐང༔ བསམ་ཡས་མི་འགྱུར་ཁང་བཟང་ནས༔ རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང༔ སྨོན་ལམ་དུས་འཚམས་ཟབ་གཏེར་བདག༔ གཏེར་སྟོན་བརྒྱ་རྩའི་ཐུགས་དམ་བསྐང༔ བྱིན་དངོས་འབྱུང་བའི་ཞིང་ཁམས་ནས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ བརྩེ་གདུང་འདུ་འབྲལ་མེད་ཀློང་ནས༔ མཆེད་ལྕམ་འདུས་པའི་ཐུགས་དམ་བསྐང༔ ཚེ་རབས་ལས་ཀྱིས་འབྲེལ་བ་ཡི༔ སྙིང་རྗེའི་མགྲོན་རིགས་ཐུགས་དམ་བསྐང༔ ས་དང་ལམ་གྱི་རིམ་པ་ནས༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང༔ ཁྱེད་རྣམས་ཐུགས་དམ་བསྐངས་ནས་ཀྱང༔ བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ མཐུན་རྐྱེན་བསམ་དོན་བསྒྲུབ་ཏུ་གསོལ༔ དེ་ནི་བརྒྱུད་པའི་རིམ་པའོ༔ དེ་ནས་ལྷ་ཚོགས་བསྐང་བ་ནི༔ ཧཱུྃ་ཧཱུྃ༔ འོག་མིན་གསང་ཆེན་རོལ་བ་ནས༔ previous hit གསངབདགཕྱགརྡོར next hit་ཐུགས་དམ་བསྐང༔ མེ་རི་འབར་བའི་རྩེ་མོ་ནས༔ འཕགས་པ་གོས་སྔོན་ཐུགས་དམ་བསྐང༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ རྡོ་རྗེ་གཏུམ་པོའི་ཐུགས་དམ་བསྐང་༔ གདུག་པ་འདུལ་བའི་ཞིང་ཁམས་ནས༔ དྲེགས་པ་ཀུན་འདུལ་ཐུགས་དམ་བསྐང༔ རི་རབ་འབར་བའི་རྩེ་མོ་ནས༔ ཁྱུང་ཆེན་རིགས་ལྔའི་ཐུགས་དམ་བསྐང༔ རྒྱལ་ཀུན་སྤྱི་མྱེས་རིགས་ཀྱི་བདག༔ མི་བསྐྱོད་རྡོ་རྗེའི་ཐུགས་དམ་བསྐང༔ རབ་འབྱམས་དཀྱིལ་འཁོར་ཡངས་པ་ནས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ༔ ཁྲག་ཞག་རྦ་ཀློང་འཁྲུགས་པ་ནས༔ རྡོ་རྗེ་ཐོག་རྒོད་ཐུགས་དམ་བསྐང༔ ལས་བཞིའི་ཕྲིན་ལས་སྒྲུབ་པ་མོ༔ གདོང་ཅན་བཞི་ཡི་ཐུགས་དམ་བསྐང༔ བཀའ་ཡིས་མངག་པའི་ཕོ་ཉ་བ༔ གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་དང༔ བཀའ་ཉན་ལས་བྱེད་ཐུགས་དམ་བསྐང༔ ཨོ་རྒྱན་ཆེན་པོས་གཉེར་བྱང་གཏད༔ ལྷ་བཙན་ཡིད་བཞིན་ཐུགས་དམ་བསྐང༔ གཏེར་གནས་མི་འགྱུར་དགའ་ཚལ་ནས༔ བཀའ་འདུས་རྒྱ་མཚོའི་ཐུགས་དམ་བསྐང༔ སྨོན་ལམ་དུས་བབས་ཟབ་གཏེར་བདག༔ ཛྙཱ་ན་དྭཱི་པའི་ཐུགས་དམ་བསྐང༔ སྔོན་སྨོན་ལས་ཀྱིས་འབྲེལ་བ་ཡི༔ ཆོས་བདག་སྐྱེས་བུའི་ཐུགས་དམ་བསྐང༔ ཧཱུྃ༔ དེ་ལྟར་ཐུགས་དམ་བསྐང་བའི་རྫས༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་བྱེ་བྲག་ནི༔ རྐང་ཆེན་དུང་གི་གླིང་བུ་དང༔ མཆོག་ཆེན་ཐོད་རྔ་ཅང་ཏིལ་སྒྲ༔ མ་ཧཱ་མཾ་ས་རཀྟ་དང༔ ཀོ་རོ་ཙ་ན་བྷ་སུ་ཏ༔ ཨ་མྲྀ་ཏ་དང་བྱང་སེམས་དང༔ ཏ་ན་ག་ན་སྦྱོར་སྒྲོལ་སོགས༔ ཕྱི་ནང་གསང་བ་བསྐང་བསྒྲུབ་རྫས༔ ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉེན་པོ་སོར་སྩོལ་ཅིག༔ བསྐང་བྱ་སྐོང་བྱེད་མཐའ་ལས་གྲོལ༔ བཤག་བྱ་བཤགས་བྱེད་ཡུལ་ལས་འདས༔ འཁོར་གསུམ་ཡང་དག་རྒྱས་གདབ་པོ༔ དེས་ནི་ལྟ་སྒོམ་སྤྱོད་པའི་རོ་ལ་མྱོང༔ དེ་ནས་ཚོགས་བསྒྲལ་བྱ་བ་ནི༔ འགུག་གཞུག་བྱ་ཞིང་བརྟུལ་ཞུགས་བསྐྱེད༔ ཛ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ བཞེངས་ཤིག་ཕྱག་རྡོར་གཏུམ་པོའི་ཚོགས༔ དུག་གསུམ་ལས་བསྐྲུན་དགྲ་དང་བགེགས༔ མཚན་མའི་རྟེན་ལ་མྱུར་དུ་ཁུག༔ བྱད་མ་བསྒྲལ་བའི་དུས་ལ་བབས༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་ཕཊ༔ ཕུང་པོ་ལྷག་མེད་རྡུལ་ཕྲན་ཐོངས༔ དབྱིངས་རིག་ཕུར་བུས་བསྒྲལ་ཞིང་ཕུང་པོ་ཞལ་བསྟབས་བྱ་བ་ནི༔ ཧོ༔ གསང་བདག་གཏུམ་ཆེན་བྱ་ཁྱུང་དང༔ བཀའ་སྲུང་ལས་བྱེད་དྲེགས་ཚོགས་ལ༔ དུག་གསུམ་དགྲ་བགེགས་ཤ་ཁྲག་རུས༔ མཐའ་རྩ་སྐྱེ་རྒྱུད་ཞལ་དུ་སྟོབས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དེ་ནས་དྲང་བ་ནི༔ གསང་ཡུམ་རིག་མས་གླུ་ཡིས་བསྐུལ༔ ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་སྐུ༔ ཐབས་མཆོག་ཆེན་པོའི་རྫས་ལ་རོལ༔ སྤང་བླང་དགག་སྒྲུབ་བྲལ་བ་ཡི༔ ཡེ་གྲོལ་རྒྱལ་པོས་བཞེས་སུ་གསོལ༔ དེ་ནས་སློབ་དཔོན་གྱིས་རྩེ་གསུམ་རྒྱ་ཡིས་འདི་བཞིན་གྱེར༔ ཨ་ལ་ལ་ཧོ༔ སླར་ཡང་མཆེད་ལྕམ་ཡོངས་འདུས་ཚོགས་ལ་རོལ༔ ལས་གཡོག་གིས་ལྷག་མ་བསྡུས་ནས་ཁ་ཕྲུ་བྲན༔ ཕཻཾ་ཛ༔ ཧཱུྃ་བྷྱོ༔ དཔལ་ཆེན་དཀྱིལ་འཁོར་མུ་རན་ལ༔ གནས་པའི་དབང་ཕྱུག་གིང་ལང་ཀ༔ བཀའ་ཡི་ཕ་འབབ་ལྷག་མར་སྐྱོངས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ རྟགས་དང་མཚན་མས་བྱད་མ་སྒྲོལ༔ ལས་བཞིའི་ཕྲིན་ལས་གྲུབ་པར་མཛོད༔ ཨུ་ཙུཥྚ་བ་ལིང་ཏ་ཁཱ་ཧི༔ ཞེས་པས་ལྷག་མ་གཤེགས༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་དམ་དབྱིངས་ནས་བསྐུལ་བ་ལ༔ རྣལ་འབྱོར་བས་ལྟ་བའི་གདེང་བསྐྱེད༔ བརྟུལ་ཞུགས་ཀྱི་སྤྱོད་པའི་སྟང་སྟབས་ཀྱིས༔ ཧཱུྃ་བྷྱོ་ཛ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་བའི་ལྷ་ཚོགས་ནི༔ གསང་བདག་ཕྱག་ན་རྡོ་རྗེ་སྐུར་བཞེངས་ཤིག༔ འཕགས་པ་གོས་སྔོན་འཆང་བ་སྐུར་བཞེངས་ཤིག༔ རིགས་སྔགས་གྲུབ་པ་གཏུམ་པོ་སྐུར་བཞེངས་ཤིག༔ དྲེགས་པ་ཀུན་འདུལ་རྒྱལ་པོ་སྐུར་བཞེངས་ཤིག༔ བྱ་རྒྱལ་མཁའ་ལྡིང་རྒྱལ་པོ་སྐུར་བཞེངས་ཤིག༔ རིགས་བདག་མི་བསྐྱོད་རྡོ་རྗེ་སྐུར་བཞེངས་ཤིག༔ གཏུམ་ཆེན་རྔམས་པ་ཁྲོ་བཞི་སྐུར་བཞེངས་ཤིག༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཚད་མེད་སྒོ་སྐྱོང་རྣམ་བཞི་སྐུར་བཞེངས་ཤིག༔ ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ་ཛ༔ ཀྵ༔ ཁྲག་ཞག་རྦ་ཀློང་འཁྲུག་པའི་ཀློང་དཀྱིལ་ནས༔ གསང་བདག་བཀའ་ཡི་ཐ་ཚིག་མནོས་པ་བཞིན༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་སྐུར་བཞེངས་ཤིག༔ བཀའ་ཡི་ཕོ་ཉར་མངགས་པའི་བང་རྩལ་ཅན༔ སྲིང་མོ་གདོང་ཆེན་རྣམ་བཞི་སྐུར་བཞེངས་ཤིག༔ བསྟན་པའི་གཞུག་གཉེར་རེ་ཞིང་ལྟོས་པའི་ལྷ༔ སྤྲུལ་པ་གཟའ་ཆེན་བརྒྱད་པོ་སྐུར་བཞེངས་ཤིག༔ དཀྱིལ་འཁོར་ཕྱི་རིམ་སྐྱོང་བའི་གཡར་དམ་ཅན༔ སྡེ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སྐུར་བཞེངས་ཤིག༔ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་བྱང་གཏད༔ ལྷ་བཙན་ཡིད་བཞིན་ནོར་བདག་སྐུར་བཞེངས་ཤིག༔ ས་དང་ལམ་གྱི་རིམ་པའི་ལས་སྣང་གྲུབ༔ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་དབྱིངས་ནས་བཞེངས༔ ལྷ་ཚོགས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ དཔལ་ཆེན་རྔམས་པའི་ཁྲོ་གར་ཤིགས་སེ་ཤིག༔ ཞལ་ནས་བྷྱོ་བཟློག་སྔགས་སྒྲ་ལྡི་རི་རི༔ ཐུགས་དབྱིངས་བརྗོད་བྲལ་ཡེ་ཤེས་ཏ་ལ་ལ༔ ཕྱག་ན་མཚོན་ཆ་སྣ་ཚོགས་ཡུགས་སེ་ཡུག༔ མ་ངེས་བརྟུལ་ཞུགས་སྤྱོད་པའི་ཆོ་རོལ་འགྱེད༔ གཟུང་འཛིན་འཁྲུལ་བའི་དགྲ་གདོན་ཐལ་བར་བརླག༔ མ་རིག་གིས་བྱུང་ལས་ཉོན་རྡུལ་དུ་རློགས༔ ལྟོ་ཧོར་ལྟ་ལོག་དམག་ཚོགས་དགྲ་ལ་བཟློག༔ མཐའ་བཞི་དུས་ཀྱི་འཁྲུག་ལྷོང་དགྲ་ལ་བཟློག༔ བན་སྔགས་བོན་གྱིས་བྱད་བཅུག་དགྲ་ལ་བཟློག༔ གཟུགས་ཅན་གཟུགས་མེད་གདོན་སྣ་དགྲ་ལ་བཟློག༔ མཛེ་རིགས་བཅོ་བརྒྱད་ནད་རྣམས་དགྲ་ལ་བཟློག༔ མི་ནད་ཕྱུགས་ནད་ཡུལ་འདྲེ་དགྲ་ལ་བཟློག༔ རྒྱལ་བསེན་འབྱུང་པོའི་འཚུབ་ལྷོང་དགྲ་ལ་བཟློག༔ མདོར་ན་སྲིད་འདིར་མི་མཐུན་མ་ལུས་ཀུན༔ བཟློག་ཅིང་བསྒྱུར་བའི་ཐུགས་དམ་དུས་ལ་བབས༔ དུས་ལ་བབ་པོ་ལྷ་ཚོགས་མཐུ་རྩལ་ཅན༔ མ་གཡེལ་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་ཐུགས་དམ་གནད་ནས་བསྐུལ་ལོ༔ དེ་ནས་ཐ་ཚིག་བསྒྲགས་པ་ནི༔ གཏོར་མ་བཤམས་ཤིང་སྨན་རཀ་བྲན༔ ཧཱུྃ་བྷྱོ༔ སྔོན་ཚེ་ཐོག་མ་བར་དང་ཐ་མའི་དུས༔ ཀུན་བཟང་རིགས་ལྔ་རྡོར་འཆང་དགའ་རབ་སོགས༔ རང་རང་འཁོར་ལ་ཆོས་སྟོན་འཆད་སྤེལ་ཚེ༔ དྲེགས་པ་ཅན་གྱི་སྲོག་སྙིང་གཏའ་རུ་བཟུང་༔ དེ་ཚེ་ཁས་བླངས་རང་མཐུན་གཏོར་མས་མཉེས༔ ཐ་ཚིག་བསྒྲགས་པ་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བསྟན་པ་གཉིས་བྱོན་བོད་དར་དུས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ ཐུགས་ཀྱི་གཟུང་མ་མཁར་ཆེན་མཚོ་རྒྱལ་དང་༔ འབངས་མཆོག་གྲུབ་པ་ཨ་ཙར་ཡེ་ཤེས་དབྱངས༔ རྗེ་འབངས་ཉེར་ལྔ་ལ་སོགས་ལས་ཅན་ལ༔ བཀའ་འདུས་ཆོས་ཀྱི་སྡེ་སྣོད་ཞལ་ཕྱེ་ཚེ༔ སྨུག་ནག་འོད་འཕྲོ་ལྷ་བཙན་ཡིད་བཞིན་སོགས༔ དཀར་ཕྱོགས་ལྷ་ཀླུ་དྲེགས་པའི་ཚོགས་རྣམས་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་དངོས་སུ་ཕུལ༔ དེ་ཚེ་ཁས་བླང་རང་མཐུན་གཏོར་མས་མཉེས༔ ཐ་ཚིག་བསྒྲགས་པ་བཞིན་ཏུ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ད་དུས་སྙིགས་མ་སུམ་ཅུ་ཁ་རལ་དུས༔ ཨ་ཙར་སྤྲུལ་པ་བསམ་གཏན་གླིང་པ་ལ༔ ཚེ་རབས་བླ་མ་ཨོ་རྒྱན་ཆེན་པོ་དང༔ ཌཱཀྐིའི་རྣམ་རོལ་ལུང་རིག་གླིང་པ་ཡིས༔ ཞལ་གཟིགས་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་མཛད༔ མ་སྲིང་མཁའ་འགྲོའི་ཟབ་ཆོས་བརྡ་རིས་སྤྲད༔ གཏེར་གནས་སྒྲུབ་གནས་དཀར་ཆག་མངོན་བྱུང་ཚེ༔ སྨུག་ནག་འོད་འཕྲོ་གཏེར་སྲུང་ལྷ་བཙན་དབང་༔ དཀར་ཕྱོགས་ལྷ་ཀླུ་ཡུལ་གཞི་གནས་བདག་གིས༔ རང་རང་གཟུགས་བསྟན་བསྟན་འགྲོ་སྐྱོང་ངོ་ཞེས༔ དེ་ཚེ་ཁས་བླངས་རང་མཐུན་གཏོར་མས་མཉེས༔ ཐ་ཚིག་བསྒྲགས་པ་བཞིན་དུ་ཕྲིན་ལས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བསྟན་མ་སྐྱོང་བ་ནི༔ ཧཱུྃ་ཧཱུྃ༔ དཔལ་གནས་མ་དང་ཡང་དག་ཤེས་ལ་སོགས༔ མཚོ་སྐྱེས་རྡོ་རྗེའི་བཀའ་ཉན་བསྟན་མའི་ཚོགས༔ བཤལ་ཆུའི་གཏོར་མ་བཞེས་ལ་འཇིག་མཐར་ལྟ༔ ལོག་རྟོག་རྨིང་ནས་འདོན་པའི་ཕྲིན་ལས་མཛོད༔ མ་མ་སྲིང་འགྲོ་བྷ་ལིང་ཏ་ཁཱ་ཧི༔ དེས་ནི་གཏོར་མ་གཙང་སར་གཤེགས༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་གཞོང་སྐུ་གསུམ་ཡེ་ཤེས་རི་རབ་འོག༔ མ་རིག་གསུམ་གྱིས་བསྐྲུན་པའི་དམ་སྲིའི་རིགས༔ ནམ་ཡང་ལྡང་མེད་སྟོང་ཉིད་བཅོ་བརྒྱད་ཀྱིས༔ མ་རིག་རྩད་ནས་གཅོད་པའི་བྲོ་བརྡུང་ངོ༔ ཨོཾ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་མཆོད་བསྟོད་བྱ་ཞིང་དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པ་དང༔ གསང་བདག་བཛྲ་པཱ་ཎི་ཡི༔ བཀའ་ཡི་བསྲུང་མ་གཙོ་དང་འཁོར༔ རྣལ་འབྱོར་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ སྣང་བ་དབང་སྡུད་ལོག་འདྲེན་གཞོམ༔ རབ་འབྱམས་ཕྲིན་ལས་དངོས་གྲུབ་སྩོལ༔ རྩ་སྔགས་གཤམ་དུ༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧྲཱིཿ དགེ་རྩ་འགྲོ་ལ་བསྔོ་བ་ནི༔ ཧཱུྃ་ཧཱུྃ༔ བདག་གཞན་དུས་གསུམ་དགེ་བསགས་པ༔ མཁའ་མཉམ་འགྲོ་དྲུག་དོན་དུ་བསྔོ༔ གནས་སྐབས་སྡུག་བསྔལ་ཀུན་ཞི་ཞིང་༔ མཐར་ཐུག་སངས་རྒྱས་མྱུར་འགྲུབ་ཤོག༔ ལྷར་སྣང་དབྱིངས་སུ་བསྡུ་བ་ནི༔ ཧཱུྃ་ཨ༔ འཁོར་འདས་ཆོས་ཀུན་རིག་པའི་རྩལ༔ སངས་རྒྱས་མ་བཅོས་ལྷུན་གྱིས་གྲུབ༔ སྣང་སྟོང་འོད་གསལ་དབྱིངས་སུ་བསྡུ༔ ཨ་ཨ༔ ཅིར་སྣང་ལྷ་སྐུའི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཕཊ༔ ཤིས་པས་མཐའ་བརྒྱན་བྱ་བ་ནི༔ ཧཱུྃ་ཧཱུྃ༔ ཡོན་ཏན་སྲིད་ན་འགྲན་བྲལ་བ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ མཛད་པ་རྨད་དུ་བྱུང་བ་ཡི༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ འགྲོ་འདུལ་རིགས་གསུམ་སེམས་དཔའ་ཡི༔ སྐུ་གསུམ་བླ་མེད་བཀྲ་ཤིས་ཤོག༔ ཐུགས་རྗེས་གདུལ་དཀའ་འདུལ་བ་པོ༔ པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ མཐུ་སྟོབས་བརྟུལ་ཞུགས་རྨད་བྱུང་བ༔ གསང་བདག་དཔའ་བོའི་བཀྲ་ཤིས་ཤོག༔ ས་བདག་ཀླུ་གཉན་འདུལ་བའི་ལྷ༔ ཁྱུང་ཆེན་རིགས་ལྔའི་བཀྲ་ཤིས་ཤོག༔ འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི༔ དཀར་ཕྱོགས་སྐྱོང་བའི་བཀྲ་ཤིས་ཤོག༔ བདག་སོགས་གར་གནས་ས་ཕྱོགས་སུ༔ མི་ཕྱུགས་ནད་རིགས་ཀུན་ཞི་ཞིང༔ བདེ་སྐྱིད་དཔལ་གྱིས་མངོན་པར་འཚོ༔ དམ་ཆོས་འཕེལ་རྒྱས་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁོ་བོ་སྤྲུལ་མིང་ས་ར་ཧི་ཏས་ཏཱ་རེ་མི་འགྱུར་དགའ་བའི་ཚལ་ནས་གདན་དྲངས་པའི་གསང་བདག་གོས་སྔོན་གདུག་པ་དམ་འདོག་ཞེས་བྱ་བའི་སྒྲུབ་ཐབས་རྒྱུན་ཁྱེར་བཀའ་སྲུང་དང་བཅས་པ་འདི་ཉིད་སྔོན་སྨོན་ལས་འཕྲོ་བཟང་པོས་མཚམས་སྦྱར་བའི་སོག་པོ་དཔལ་གྱི་ཡེ་ཤེས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཟློས་གར་ལས་བྱུང་བའི་ཆོས་དབང་སྐྱེས་ཐོབ་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཞེས་བྱ་བའི་དངོས་གྲུབ་ཀྱི་སྐལ་བར་ཤོག་སེར་ལས་ཆུ་སྟོད་ཟླ་བའི་ཚེས་གསུམ་ཉིན་ནགས་ཁྲོད་བཀྲ་ཤིས་འཁྱིལ་ནས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་རྟོགས་བསྟན་འཛིན་གྱིས་བགྱིས་པ་དེ་ཉིད་ལ་ཞབས་པད་དུ་འཁོད་པའི་སློབ་འབངས་ཐ་ཤལ་རས་མིང་འཛིན་པ་གསལ་སྟོང་གིས་རང་བློས་ཁ་སབ་ཏེ་ཅུང་ཟད་རྒྱས་སུ་བཀོད་པས་ཟབ་ཆོས་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་སུ་དར་ཞིང་རྒྱས་ནས་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྟན་ཞིང་བསྟན་པའི་སྦྱིན་བདག་འབྱོར་ལྡན་དཔལ་ལ་འགྲན་ཅིང་འགྲོ་ཀུན་གསང་བའི་བདག་པོའི་གོ་འཕང་ཐོབ་པར་གྱུར་ཅིག༔ མངྒ་ལཾ༔


previousཚོགས་མཆོད་བསོད་ནམས་དཔལ་སྟེར་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།next