Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
སྒྲུབ་བསྙེན་ལས་སྦྱོར་རས་པ་གསལ་སྟོང་གིས་ཁ་བསྐང་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousསྒྲུབ་བསྙེན་ལས་སྦྱོར་རས་པ་གསལ་སྟོང་གིས་ཁ་བསྐང་བ།next

སྒྲུབ་བསྙེན་ལས་སྦྱོར་རས་པ་གསལ་སྟོང་གིས་ཁ་བསྐང་བ།

ཟབ་ཆོས་བཀའ་འདུས་ཟུར་ཡིག་ལས༔ གསང་བདག་གདུག་པ་དམ་འདོགས་ཀྱི༔ སྒྲུབ་བསྙེན་ལས་སྦྱོར་ཟུར་དུ་གབ༔ ལས་ཅན་གཅིག་གིས་འདི་ན་སྤེལ༔ སྒྲུབ་པའི་གཞུང་བསྲང་བསྙེན་ཚར་དུས༔ སྒྲུབ་བསྙེན་ལས་སྦྱོར་འདི་ལ་འབུངས༔ གསང་བདག་རྣལ་འབྱོར་ཧེ་རུ་ཀས༔ གསལ་དག་བརྟན་གསུམ་གདེང་ལྡན་གཅེས༔ དེ་ནས་སྒྲུབ་པའི་བསྙེན་པ་ནི༔ ཧཱུྃ༔ བདག་ཉིད་རྡོ་རྗེ་གཏུམ་པོ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ རྒྱན་མེད་བཻཌཱུར་མདོག་ལྟ་བུ༔ དེ་ཡི་ཐུགས་ཀར་ཉི་དཀྱིལ་ནི༔ སྲན་མ་ཕྱེད་པ་ཙམ་གྱི་སྟེང༔ སྲོག་ཡིག་སྤུས་བྲིས་ལྟ་བུར་གསལ༔ དེའི་མཐར་རྩ་བའི་སྔགས་ཀྱིས་བསྐོར༔ རྒྱལ་མཆོད་འགྲོ་བའི་སྡིག་སྒྲིབ་སྦྱངས༔ རྒྱལ་བསེན་གཟའ་ཀླུ་ས་བདག་སྡེ༔ མ་རུངས་ནག་ཕྱོགས་དམ་ལ་བཞག༔ མ་ཡེངས་མི་བསྒོམ་འཛབ་འདི་བགྲང༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་པ་མ་ཡེངས་གྲངས་འཁྱོལ་ན༔ ཚེ་འདིར་མི་མཐུན་གཡུལ་ལས་རྒྱལ༔ མཐར་ཐུག་གསང་བའི་བདག་པོ་ཡི༔ གསང་གསུམ་མི་ཟད་རྒྱན་འཁོར་ལ༔ དབང་འབྱོར་འབྲས་བུ་གཡུར་དུ་ཟ༔ ས་མ་ཡཱ༔ དེ་ནས་ལས་ལ་སྦྱོར་བ་ནི༔ ཧཱུྃ༔ བདག་ཉིད་གསང་བདག་རྡོ་རྗེ་འཛིན༔ རྒྱལ་ཀུན་མཐུ་བྱིན་གཅིག་བསྡུས་པའི༔ སྐུར་གསལ་ཐུགས་ཀར་པད་ཉིའི་སྟེང༔ ཧཱུྃ་མཐིང་ལས་ནི་འོད་ཟེར་འཕྲོས༔ ཁྲོ་མཚོན་མེ་དཔུང་ལྕགས་སྡིག་དང༔ བྱ་ཁྱུང་སྒྲོལ་བྱེད་རྣམ་པ་རུ༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ནི༔ ཆར་སྤྲིན་རླུང་གིས་གཏོར་བཞིན་ཁྱབ༔ བདག་ཅག་དཔོན་སློབ་བསྲུང་བྱ་ལ༔ བསམ་ངན་སྦྱོར་རྩུབ་སྦྱར་བའི་དུག༔ བན་སྔགས་བོན་གྱིས་བྲུབ་དང་མནན༔ བསྲེགས་འཕང་ཟོར་ལས་སྡེ་བརྒྱད་གཏད༔ གཟུགས་ཅན་གཟུགས་མེད་བྱད་མ་མཁན༔ མི་ཕྱུགས་སྲིད་ལ་འཚེ་བ་ཡི༔ དམ་སྲིའི་རིགས་གྱུར་གང་ཡང་རུང༔ མིང་གི་ལྷག་ཙམ་མེད་པ་རུ༔ བརླག་མཛད་མནན་གཏད་བཅིངས་པ་ཀུན༔ རྩྭ་སྦུར་མེར་འཕྲད་གྲོལ་བར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཕ་རོལ་གྱི་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བན་སྔགས་བོན་གྱི་བྱད་མ་ལྷ་སྲུང་གིས་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་བྲུབ་པ་དང་། བཅིངས་པ་དང་། མནན་གཏད་བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་མ་མ་རཀྵ་ཀུ་རུ་ཡེ་བྷྲུཾ་སྭཱཧཱ༔ ཞེས་པ་བརྒྱ་སྟོང་ཁྲི་འབུམ་གནད་དང་བསྟུན༔ མནན་གཏད་གང་ཡང་མི་གྲོལ་མེད༔ དགྲ་འདྲེ་བྱད་མས་འཚེ་མི་སྲིད༔ ཟབ་པའི་ཡང་ཟབ་མཐར་ཐུག་ཡིན༔ ཡེ་ཤེས་མཁའ་འགྲོའི་སྙིང་གི་ཁྲག༔ ཨ་ཙར་སྟངས་དཔྱལ་ཐུགས་བཅུད་ཆོས༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ ཏཱ་རེ་མི་འགྱུར་དགའ་ཚལ་དུ༔ བྲག་དམར་མདའ་སྒྲོའི་དབྱིབས་རྫོངས་སུ༔ མི་ཤིགས་རྒྱས་བཏབ་གཏེར་དུ་སྦས༔ དྲང་སྲོང་སྨུག་ནག་ལྷ་བཙན་ཟུང༔ སྲུང་མར་བསྒོས་ཤིང་གཉེར་དུ་གཏད༔ མ་འོངས་སུམ་ཅུ་ཁ་རལ་དུས༔ སྟངས་དཔྱལ་ཟུང་གི་སྲས་གཅིག་འབྱུང༔ བྷ་དྲའི་མཚན་ཅན་རིག་པ་འཛིན༔ སྐལ་ལྡན་དེ་དང་འཕྲད་པར་ཤོག༔ དམ་མེད་ལོག་ལྟ་ཅན་ལ་གསང་རྒྱ༔ དད་ལྡན་སྐྱེས་བུས་ལོངས་སུ་སྤྱོད་རྒྱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ ཅེས་པ་འདིའང་ཡབ་རྗེ་རིན་པོ་ཆེ་བསམ་གཏན་ཡེ་ཤེས་གླིང་པས་ཏཱ་རེ་མི་འགྱུར་དགའ་ཚལ་ནས་གདན་དྲངས་པའི་བརྡ་ཡིག་ལ་སློབ་འབངས་སུ་གྱུར་པའི་རས་མིང་གསལ་སྟོང་གིས་དག་སྣང་རི་མོའི་ལམ་དུ་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་དགའ་ཚལ་དུ་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ནས་ཡིག་རིས་སུ་བཀོད་པས་འགྲོ་རྣམས་གསང་བདག་དཔའ་བོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལམ་ཛ་ཡནྟུ༔


previousསྒྲུབ་བསྙེན་ལས་སྦྱོར་རས་པ་གསལ་སྟོང་གིས་ཁ་བསྐང་བ།next