Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ།next

ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ་བཞུགས༔

གསང་བའི་བདག་པོ་ལ་ཕྱག་འཚལ༔ གསང་འཛིན་དཔའ་བོའི་བཀའ་ཉན་པ༔ ཀླུ་རྒྱལ་མཐའ་ཡས་སྒྲུབ་ཐབས་སྟོན༔ རཏྣའི་གཞོང་པ་འབྲུ་ཡིས་བཀང༔ དཀར་དམར་སྨན་གྱི་ཕྱེ་ཟན་ལ༔ རི་རབ་བང་རིམ་བཞི་པའི་སྟེང༔ མ་ཧཱ་གསེར་གྱི་རུས་སྦལ་བཀོད༔ མཐའ་ལ་མཚོ་རྫིང་ལྟེང་ཀ་ཤིང༔ སྟེང་དུ་པདྨ་འདབ་བརྒྱད་དབུས༔ ཀླུ་རྒྱལ་མཐའ་ཡས་རང་གཟུགས་ནི༔ མངོན་རྟོགས་ཇི་བཞིན་ལེགས་པར་བཀོད༔ དེ་མཐར་ཀླུ་བདུན་རང་གཟུགས་སམ༔ ཡང་ན་ཀླུ་བཤོས་བདུན་གྱིས་བསྐོར༔ དེའི་མཐར་བཤོས་བུ་ཟླུམ་པོ་བཅུ༔ འབྲང་རྒྱས་བརྒྱད་ཀྱིས་ལེགས་པར་བསྐོར༔ སྤར་ཁ་སྨེ་བ་བླ་ཁམས་སོགས༔ ས་བདག་ལྷ་ཀླུའི་བཅའ་བཤོས་དང༔ ཀླུ་ནོར་ཉེར་གཅིག་གཟུགས་རྣམས་བཀོད༔ དཀར་གསུམ་མངར་གསུམ་རིལ་བུ་དང༔ ཤེལ་ཚིགས་འབྲུ་སྣའི་རིགས་བྱེད་བསགས༔ ཀླུ་གཉན་གནས་པའི་ས་སྣ་དང༔ མཚོ་དང་ཆུ་མིག་ཆུ་སྣ་བསྡུས༔ འབྲི་བརྒྱའི་མར་ཆུར་ཞིང་བརྒྱའི་འབྲུ༔ མི་དཔོན་དབང་ཐང་བསོད་ནམས་ཆེ༔ ལས་བསླང་དཀོར་རྫས་གཡང་རྟེན་བསགས༔ ཀླུ་ཡི་སྐྱེད་ཚལ་ནང་དུ་བླུག༔ ཕྱི་རུ་ཀླུ་ཡི་ཤིང་སྒྲོམ་ཁང་བཟང་ནི༔ དཔལ་གྱི་བེ་འུ་དགུ་ཐོག་ཕུབ༔ དེ་སྟེང་ནམ་ལྔ་ཙིཏྟ་ཐུགས༔ ཡིད་བཞིན་ནོར་བུའི་ཏོག་གིས་སྤྲས༔ མཐའ་ལ་འདོད་རྫས་སྣ་བདུན་དང༔ རྫས་རྟགས་རང་མཐུན་རྒྱང་བུས་མཛེས༔ ཀླུ་བརྒྱད་ཕྱག་མཚན་བྲིས་འབུར་གཟུགས༔ ཤིང་རྩི་དར་ཚོན་བལ་གྱིས་བརྒྱན༔ མཆོད་རྫས་རྒྱང་བུ་བཅུ༔ ཕྱག་མཚན་རྒྱང་བུ་བརྒྱད༔ རྫས་རྟགས་སྣ་བདུན༢༣༔ ཀུན་ལ་རང་མཐུན་འདོད་གསོལ་བྲི༔ རྣལ་འབྱོར་ཤ་ཆང་སྒོག་ཙོང་སྤང༔ གསོ་སྦྱོང་ལ་གནས་གོས་གཙང་བགོ༔ སྐྱབས་སེམས་ཚོགས་བསགས་མཆོད་པའི་རྫས༔ བྱིན་རླབས་དྲི་བཟང་དུད་པ་གཏོང༔ མདུན་བསྐྱེད་རྟེན་དང་བརྟེན་པར་གསལ༔ ཐམས་ཅད་དག་མཉམ་ཆེན་པོའི་ངང༔ ཨོཾ་སྭ་བྷ་ཝ་སོགས། ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས༔ འགགས་མེད་གསལ་ཆ་སྙིང་རྗེའི་འོད་མདངས་རྩལ༔ འབྱུང་བ་རིམ་བརྩེགས་བང་རིམ་བཞི་ཡི་དབུས༔ མ་ཧཱ་གསེར་གྱི་རུས་སྦལ་རྒྱས་པའི་མཐའ༔ མཚོ་དང་ནེའུ་གསིང་སྐྱེད་ཚལ་ལྟ་ན་སྡུག༔ ཕོ་བྲང་དཔལ་གྱི་བེ་འུ་དགུ་ཐོག་སྟེང༔ གཡང་གི་ནོར་བུ་བཻཌཱུར་འོད་འབར་ཏོག༔ བ་ལང་མིག་དང་ལྗོན་ཤིང་པ་ཏྲ་རིས༔ ཀླུ་ནོར་སྣ་ཚོགས་འདབ་ཆགས་རི་དྭགས་བྲེལ༔ འཇའ་ཚོན་མེ་གྷའི་རྦ་ཀློང་དབྱར་རྔ་ལྡིར༔ བསིལ་ཞིང་འཇམ་པའི་སྦྲང་ཆར་འཇོ་བའི་གནས༔ སྣ་ཚོགས་པདྨ་འདབ་བརྒྱད་གྱེས་པའི་སྟེང༔ དབུས་ཀྱི་གདན་ལ་ཡི་གེ་ཕུ་པྲ་ལྗང༔ གསལ་འཚེར་འོད་ཀྱིས་འབྱུང་བཞིའི་བཅུད་བསྡུས་ཤིང༔ འཕྲོ་འདུས་ཡོངས་གྱུར་ཀླུ་རྒྱལ་མཐའ་ཡས་དགའ༔ སྐུ་མདོག་ལྗང་གསལ་དྭངས་ཤེལ་འཇའ་སྤྲིན་འཁྱུད༔ ཕྱག་བཞིའི་རྩ་ཕྱག་གཉིས་མཉམ་ཐལ་མོ་སྦྱར༔ ཡིད་བཞིན་ནོར་མཆོག་དགོས་འདོད་ཆར་འབེབས་བསྣམས༔ གཡས་འོག་པད་འཛིན་སྙན་གྱི་ཐད་སོར་གྱེས༔ གཡོན་འོག་ནེའུ་རྐྱལ་པུས་མོའི་སྟེང་དུ་བསྙིལ༔ སྦྲུལ་མགོ་འབར་བ་སྟོང་གི་གདེངས་ཀ་ཅན༔ སྤྱན་གཉིས་དྭངས་ཤེལ་རིན་ཆེན་སྒྲོན་མེ་འབར༔ སྐུ་སྟོད་དར་དང་པད་སྔོན་སྟོད་གཡོགས་གསོལ༔ སྐུ་སྨད་ལྟོ་འཕྱེ་གདུག་པ་སེར་ཁྲ་འཁྱིལ༔ རུས་སྦལ་པད་སྟེང་གཡས་སུ་འཁྱིལ་བར་བསྒོམས༔ དེའི་ཕྱིར་སྣ་ཚོགས་པདྨའི་ཟེའུ་འབྲུའི་སྟེང༔ སངས་རྒྱས་བཀའ་ཉན་ཀླུ་ཆེན་ར་ཛཱ་བདུན༔ འཁོར་རྣམས་གཏེར་གཞུང་དུ་ཅུང་ཟད་བསྡུས་པས༔ ཆགས་མེད་རིན་པོ་ཆེས༔ ལྷོ་ཕྱོགས་ཀླུ་རྒྱལ་འཇོག་པོ་ནི༔ སྐུ་མདོག་སྔོ་ལ་འོད་ཟེར་འབར༔ ཕྱག་མཚན་ཨུཏྤལ་སྔོན་པོ་བསྣམས༔ ནུབ་ཕྱོགས་ཀླུ་རྒྱལ་སྟོབས་རྒྱུ་ནི༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་མཚན་ཕྱག་ན་སྤྲིན་ཕུང་བསྣམས༔ བྱང་ཕྱོགས་ཀླུ་རྒྱལ་རིགས་ལྡན་ནི༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཕྱག་མཚན་རིན་ཆེན་སྡོང་བུ་འཛིན༔ ཤར་ལྷོ་ཀླུ་རྒྱལ་ནོར་རྒྱས་ནི༔ སྐུ་མདོག་དཀར་སེར་ཕྲེང་བ་བསྣམས༔ ལྷོ་ནུབ་ཀླུ་རྒྱལ་དུང་སྐྱོང་ནི༔ སྐུ་མདོག་དམར་ལྗང་འོད་ཟེར་འབར༔ ཕྱག་མཚན་ཕྱག་ན་འབུད་དུང་བསྣམས༔ ནུབ་བྱང་ཀླུ་རྒྱལ་པདྨ་ནི༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་ན་མེ་ཏོག་པདྨ་འཛིན༔ བྱང་ཤར་ཀླུ་རྒྱལ་ཆུ་ལྷ་ནི༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ ཕྱག་མཚན་ཨུཏྤལ་ཞགས་པ་བསྣམས༔ ཀུན་ཀྱང་སྦྲུལ་མཇུག་གཡས་སུ་འཁྱིལ༔ དབུ་ལ་སྦྲུལ་གྱི་གདེངས་ཀས་སྤྲས༔ སྐུ་སྟོད་དར་དཔྱངས་སྟོད་གཡོག་ནི༔ རང་མདོག་རིན་ཆེན་རྒྱན་ཆས་སྤུད༔ གཏེར་གཞུང་ནི༔ མཐའ་བསྐོར་ཕྱོགས་སྐྱོང་ས་བདག་ཀླུ་གཉན་དང༔ སྤར་ཁ་སྨེ་བ་བླ་ཁམས་ལོ་རྒྱལ་དྲུག༔ ས་བདག་ཙང་ཀུན་དུས་བཞིའི་ལྷ་མོས་བསྐོར༔ ལྷ་ཚོགས་རྣམས་ཀྱི་སྤྱི་མགྲིན་སྙིང་ལྟེ་གསང༔ ཏྲཾ་སེར་ཕུ་ལྗང་པྲ་སྔོན་སཱ་མཐིང་ཀ༔ དུ༔ནག་ཀླུ་རིགས་ལྔ་ཡི་ས་བོན་གྱིས༔ མཚན་པ་ལས་འཕྲོས་འོད་ཀྱིས་ཀླུ་རྒྱལ་ཚོགས༔ འཁོར་དང་བཅས་པའི་ཐུགས་དམ་རྒྱུད་བསྐུལ་ནས༔ སྔོན་གྱི་ཐ་ཚིག་དྲན་བཞིན་གནས་འདིར་བྱོན༔ དེ་ནས་སྤྱན་འདྲེན་པ་ནི༔ ཨོཾ༔ དུས་གསུམ་བདེ་གཤེགས་སྲས་བཅས་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་སྲུང་བར་དམ་བཅས་པའི༔ ཀླུ་རྒྱལ་དགའ་བོ་མཐའ་ཡས་འཁོར་དང་བཅས༔ མཆོད་པའི་གནས་མཆོག་བཀོད་པའི་དཀྱིལ་འཁོར་འདིར༔ གཞལ་ཡས་ཁང་གི་དམ་ཚིག་ལྷ་རྣམས་ལ༔ ཡེ་ཤེས་པ་རྣམས་དབྱིངས་ནས་སྤྱན་འདྲེན་ནོ༔ ཀུན་མཁྱེན་རྒྱལ་བའི་བསྟན་པ་རབ་ཏུ་བསྲུང༔ འགྲོ་དྲུག་སེམས་ཅན་བདེ་བས་རབ་འཚོ་ཞིང༔ དབུལ་བའི་སྡུག་བསྔལ་རབ་ཏུ་སེལ་བའི་ཕྱིར༔ ཀླུ་དབང་རབ་མཆོག་འཁོར་བཅས་སྤྱན་འདྲེན་གཤེགས༔ སྔོན་གྱི་ཐུགས་བསྐྱེད་གཡར་དམ་དགོངས་མཛོད་ལ༔ རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་ལྗོངས་འདིར༔ མི་འདོད་རྐྱེན་ངན་སད་སེར་ཐན་པ་དང༔ མི་ཕྱུགས་ནད་རིམས་བཟློག་ཕྱིར་གཤེགས་སུ་གསོལ༔ ཨོཾ་བྷ་ཏ་ལི་བྷ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛ༔ ནཱ་ག་རཱ་ཛ་ཕུ་ཕཻཾ་ཨེ་ཧྱ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཡཱ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི༔ ཨོཾ༔ ཀླུ་དབང་རྒྱལ་པོ་མ་ཧཱ་ཨ་ནན་ཏྱ༔ ཀླུ་ཆེན་བརྒྱད་དང་ས་བདག་ལོ་སྐོར་དང༔ སྤར་ཁ་སྨེ་བ་ཞག་ཚེས་དབང་བྱེད་ཚོགས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཕན་བདེའི་སེམས་ཀྱིས་དགྱེས་པར་བཞུགས་སུ་གསོལ༔ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཕྲུཾ་ཕུ་སྭཱ་ཧཱ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ནཱ་ག་ར་ཛ་ས་མ་ཡཱ༔ ཏིཥྛ་ལྷན༔ གུས་པས་ལྷ་ཕྱག་འཚལ་བ་ནི༔ ཨོཾ༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་ཡི༔ སྤྱན་སྔར་ཁས་བླངས་བསྟན་འགྲོ་སྐྱོང་བའི་མགོན༔ ཀླུ་ཡི་རྒྱལ་པོ་ཆེན་པོ་འཁོར་བཅས་ལ༔ རང་ལས་རང་ཤར་འཕྲུལ་དགའི་ལྷ་བཞིན་འདུད༔ ཕུ་པྲ་ནཱ་ག་རཱ་ཛ་ན་མོ༔ མཆོད་པ་འབུལ་བ་ལ་བཅུ་གཅིག་ལས༔ དང་པོ་ནི༔ ཨོཾ༔ ནཱ་ག་རཱ་ཛ་མ་ཧཱ་ཨ་ནན་ཏྱ༔ ཀླུ་རྒྱལ་སཔྟ་གཞན་ཡང་ལྷ་ཀླུ་གཉན༔ དཀར་ཕྱོགས་སྐྱོང་བའི་སྡེ་ཚོགས་ཐམས་ཅད་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ ཐུན་མོང་ཕྱི་ཡི་མཆོད་པས་མཉེས་གྱུར་ཅིག༔ བཞེས་ནས་སངས་རྒྱས་བསྟན་པ་དར་བ་དང༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ མནན་གཏད་ས་ཆུའི་སྦྱོར་བ་བཀྲོལ་དུ་གསོལ༔ ཨོཾ་ནཱ་ག་རཱ་ཛ་ཕུ་པྲ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏིཤྩ་ཡེ་སྭཱ་ཧཱ༔ ༼ཀ༽གཉིས་པ་ཀླུ་སྨན་བདུད་རྩི་འབུལ༔ གསུམ་པ་དཀྱིལ་འཁོར་མཆོད་རྫས་འབུལ༔ བཞི་པ་སྨན་སྣ་འབུལ༔ ལྔ་པ་མེ་ཏོག་སྣ་ཚོགས་འབུལ༔ དྲུག་པ་དཀར་གསུམ་འབུལ༔ བདུན་པ་མངར་གསུམ་འབུལ༔ བརྒྱད་པ་ཤིང་རྩི་འབུལ༔ དགུ་བ་དར་ཚོན་ཁང་བཟང་ཤིང་རིས་འབུལ༔ བཅུ་པ་རིན་ཆེན་སྣ་ཚོགས་དང་ཤེལ་ཚིགས་འབུལ༔ བཅུ་གཅིག་པ་བསིལ་བའི་ཆབ་གཏོར་ཀླུ་གཏོར་འབུལ་བ་ནི༔ ཨོཾ༔ ཀླུ་ཡི་རྒྱལ་པོ་མཐའ་ཡས་ལ་སོགས་པའི༔ ས་བདག་ཀླུ་གཉན་རིགས་སུ་གྱུར་ཚད་ལ༔ ཚ་བའི་གདུང་བ་བསིལ་བར་བྱེད་པ་ཡི༔ རྣམ་དག་བདུད་རྩི་ཆབ་ཀྱི་གཏོར་མ་འདི༔ འབུལ་ལོ་བཞེས་ནས་ས་བདག་ལྷ་ཀླུ་གཉན༔ བྱེ་ཚན་འབབས་སོགས་ཚ་ཞིང་སྲེག་པའི་ནད༔ སྡུག་བསྔལ་ཞི་ཞིང་བསིལ་བའི་ཆར་འབེབས་ཤིང༔ དགའ་ཞིང་བདེ་བས་རྟག་ཏུ་འཚོ་བ་དང༔ འཇིག་རྟེན་སྤྱི་དང་ཡུལ་རིའི་རྒྱལ་ཁམས་འདིར༔ ཆར་ཆུ་དུས་འབེབས་འབྲུག་སྒྲ་སྙན་ལྡིར་ཞིང༔ ཐོག་སེར་གློག་གི་ཟེར་སོགས་མི་འབྱུང་ཞིང༔ ཐམས་ཅད་བདེ་བར་འཚོ་བའི་ཕྲིན་ལས་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཨ་མྲི་ཏ་ཛ་ཧུ་པྲ་ཏིཤྩ་ཡེ་སྭཱཧཱ༔ ཀླུ་གཏོར་གཞན་ཡང་ཕུལ༔ ཡི་དྭགས་ལ་ཆུ་སྦྱིན་བྱ༔ བསྟོད་པ་བྱ་བ་ནི༔ ཨོཾ༔ སྔོན་ཚེ་སྟོན་པ་སངས་རྒྱས་གསང་བདག་སྤྱན་སྔ་རུ༔ འཁོར་དང་བཅས་པ་སྐྱོང་བར་ཁས་བླངས་པའི༔ ཀླུ་རྒྱལ་མཐའ་ཡས་ཐ་ཚིག་འཆང་བའི་བདག༔ སངས་རྒྱས་བསྟན་པ་སྐྱོང་ལ་ཕྱག་འཚལ་བསྟོད༔ སྟོན་པའི་ཞལ་མཐོང་བཀའ་ཡི་འབངས་གྱུར་པ༔ ཀླུ་ཆེན་བདུན་དང་གཞན་ཡང་ས་བདག་གཉན༔ སྤར་ཁ་སྨེ་བ་དུས་བཞིའི་བདག་པོ་སོགས༔ འཇིག་རྟེན་སྐྱོང་བ་ཀུན་ལ་ཕྱག་འཚལ་བསྟོད༔ འཛམ་གླིང་སྤྱི་དང་གངས་ལྗོངས་ཡུལ་ཁམས་འདིར༔ གནས་པའི་ཀླུ་གཉན་ས་བདག་མ་ལུས་ཚོགས༔ དཀར་ཕྱོགས་སྐྱོང་ཞིང་དངོས་གྲུབ་གཏེར་མཛད་པའི༔ མཆོད་བསྟོད་འོས་པ་ཀུན་ལ་ཕྱག་འཚལ་བསྟོད༔ ཐུགས་དམ་བསྐུལ་ཞིང་བཟླས་པ་ནི༔ བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུ་འཕྲོས༔ ཀླུ་རྒྱལ་འཁོར་དང་བཅས་པའི་ཐུགས་དམ་ཀྱི་རྒྱུད་བསྐུལ༔ སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་བསྒྲུབ་ཅིང་མནན་པ་བཏོན༔ གཏད་པ་ཁྲོལ༔ བཅིངས་པ་བཤིགས་ཤིང་གང་འདོད་པའི་དངོས་གྲུབ་ཐམས་ཅད་རྩོལ་མེད་དུ་ཐོབ་པར་བསམ་ལ༔ ཨོཾ་ནཱ་ག་རཱ་ཛ་ཕུ་པྲ་སྭཱ་ཧཱ༔ ས་བདག་ཀླུ་གཉན་གྱིས་བཅིངས་པ་དང་བསྡམས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ དངོས་གྲུབ་བསྐུལ་བའི་དོན་ཡིན་ན་རྩ་སྔགས་གཤམ་ནི༔ རཏྣ་སརྦ་བ་སུ་སིདྡྷི་ཕ་ལ་ཧོ༔ འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ༔ དེ་ནས་ཀླུ་དགའ་བའི་ཕྱག་རྒྱ་དང་བཅས་སྔགས་འདི་བཟླ༔ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ༔ ཅི་ནུས་བཟླ༔ གཞན་ཡང་ཆགས་མེད་འཁྲུགས་བཅོས་སྔགས་ནི༔ ཨོཾ་ཀྵི་ཧི་རཱ་ཛ་པྲི་ཐི་དྷེ་ཝི་སྭཱཧཱ༔ ཅི་ནུས་བཟླ༔ ཨོཾ་ཀྵི་ཧི་རཱ་ཛ་པྲི་ཐི་དྷེ་ཝི་སརྦ་སིདྡྷི་སྭཱཧཱ༔ ལོ་ལེགས་ཕྱིར་བཟླས་སོ༔ འཁྲུགས་བཅོས་ཡིན་ན༔ ཨོཾ་ཨ་ཀ་ནི་ནི་ཀ་ནི༔ ཨ་བྷི་ལ༔ མ་དྷ་ལ༔ མ་ཡེ་སྭཱཧཱ༔ ཕོག་ཐུག་ཤོར་ན་འདི་བཟླའོ༔ ཨ་ལས་སུ་རཀྴ་འདུས༔ ཨ་ལས་མ་རཀྵ་འདུས༔ ཧཱུྃ་ཧཱུྃ་དྷ་དྷ་དུ་མ་ཡི་ཏ་ཙ་ཀེ་ཧཱུྃ་ཕཊ༔ ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག༔ ནད་པ་ཡིན་ན་འདི་བཟླའོ༔ ཨོཾ་ཀྵི་ཧི་རཱ་ཛ་པྲི་ཐི་དྷེ་ཝི་བྷུ་མི་པ་ཏི་སརྦ་རོ་ག་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ དེ་ནས་འབྲུ་སྣ་དང་མེ་ཏོག་སྣ་ཚོགས་གཏོར་ལ་ཕྲིན་ལས་གསོལ༔ ཨོཾ༔ དགོངས་སུ་གསོལ་ལོ་ཀླུ་རྒྱལ་མཐའ་ཡས་ཆེ༔ དགོངས་སུ་གསོལ་ལོ་ཀླུ་ཡི་རྒྱལ་པོ་བརྒྱད༔ དགོངས་སུ་གསོལ་ལོ་ཀླུ་གཉན་ས་བདག་ཚོགས༔ སྔོན་ཚེ་བཅོམ་ལྡན་སངས་རྒྱས་སྤྱན་སྔ་རུ༔ དཀོན་མཆོག་བསྟན་སྲུང་སེམས་ཅན་བདེ་སྐྱིད་སྤེལ༔ འཇིག་རྟེན་སྐྱོང་བ་ཁས་བླངས་ཀླུ་ཡི་རྒྱལ༔ མཐའ་ཡས་ཀླུ་ཆེན་བདུན་ལ་སོགས་པ་ཡི༔ ས་བདག་ཀླུ་གཉན་ཡུལ་འདིར་གཉུག་གནས་དང༔ མཁའ་རྒྱུ་དུས་བཞི་ལྷ་མོ་མི་མིན་ཚོགས༔ མ་ལུས་རྣམས་ལ་ཕྲིན་ལས་བཅོལ་བ་ནི༔ ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ༔ ཕྱོགས་དུས་གནས་སྐབས་དར་རྒྱས་ཡུན་རིང་ཞིང༔ བསྟན་འཛིན་སྐྱེས་བུ་ཕྱོགས་རིས་མ་ཆད་པ༔ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་ཉམས་ལེན་ཞིང་༔ སྡེ་གསུམ་ཀློང་དགུ་རྒྱུད་སྡེ་བཞི་དྲུག་གི༔ འཆད་ཉན་མི་ཉམས་གོང་ནས་གོང་འཕེལ་མཛོད༔ འཇིག་རྟེན་ཁམས་སུ་སྡུག་བསྔལ་མཐའ་དག་ཞི༔ བདེ་སྐྱིད་དཔལ་གྱིས་མངོན་པར་འཚོ་བར་མཛོད༔ སེམས་ཅན་རྒྱུད་ལ་ཡང་དག་དགེ་བཅུ་ལྡན༔ མི་དགེའི་ལས་བཅུ་དྲི་མ་དག་མཛད་གསོལ༔ ཞིང་ལ་སད་སེར་འབུ་སྲིན་དུས་མིན་ཆར༔ མི་མཐུན་ལོ་ནད་མཐའ་དག་ཞི་བར་མཛོད༔ དུས་ལ་བབས་པའི་ལོ་ཏོག་མ་སྨིན་པས༔ ཆར་གྱི་རྒྱུན་ཆེན་ལེགས་པར་འབེབས་མཛོད་གསོལ༔ འབྲུ་བཅུད་སྨིན་སྦོམ་རགས་ལ་བལྟས་ཚིམ་ཞིང༔ འབྲུ་དྲུག་དམ་པ་གཡུར་དུ་ཟ་དབང་སྩོལ༔ མ་རུངས་ཕྱུགས་ནད་གློ་གོར་ཧོན་གསུམ་དང༔ སྐེ་འགགས་ཁ་ཚ་གོད་ཡམས་ཞི་བར་མཛོད༔ འཛད་མེད་རིན་ཆེན་གཏེར་གྱིས་མངོན་འཚོ་ཞིང༔ སྟོབས་རྩལ་ཀླུ་དང་བསོད་ནམས་མཉམ་པར་མཛོད༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་སྒྲུབ་ཡིག་འདི༔ གང་དུ་གནས་ཤིང་འབྲི་ཀློག་སྤེལ་བའི་ཡུལ༔ མཐུན་རྐྱེན་དངོས་གྲུབ་ཆར་ལྟར་འབེབས་པ་དང༔ དགེ་ཞིང་བཀྲ་ཤིས་མཚན་ལྟས་བསྟན་དུ་གསོལ༔ བདག་གི་གཙོར་བྱས་ཉམས་ལེན་གང་ཟག་ཀུན༔ བར་ཆད་བདུད་དགྲའི་གཡུལ་ལས་རྣམ་རྒྱལ་ཞིང༔ ས་གསུམ་འགྲོ་བའི་སྣང་བ་དབང་བསྡུས་ནས༔ ཡིད་ལ་འདོད་པའི་རེ་བ་སྐོང་དུ་གསོལ༔ དེ་ནས་འབྲུ་སྣ་ཀུན་འཐོར་ལ༔ འདོད་དོན་ཁྱད་པར་དུ་གསོལ་བ་ནི༔ ཡོན་བདག་རྣམས་ཀྱིས་ཀླུ་མདོས་ལ་འབྲུ་སྣ་གཏོར༔ ཧོ་དགོངས་སུ་གསོལ་ལོ༔ མཐོ་བ་མི་མངོན་ནམ་མཁའི་དབྱིངས་ན་བཞུགས་པའི་དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོ༔ དྲང་སྲོང་གི་མགོན་པོ་ཉི་མ་དང་ཟླ་བ༔ མིག་དམར་དང་ལྷག་པ༔ ཕུར་བུ་དང་པ་སངས༔ སྤེན་པ་དང་སྒྲ་གཅན་འཛིན༔ གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་རྣམས་དང༔ ཁྱད་པར་དུ་འོག་ཕྱོགས་ཀླུ་རྒྱལ་མཐའ་ཡས༔ ཀླུ་རྒྱལ་འཇོག་པོ༔ སྟོབས་རྒྱུ༔ རིགས་ལྡན༔ ནོར་རྒྱས༔ དུང་སྐྱོང་༔ པདྨ༔ ཆུ་ལྷ་སོགས་གཟའ་ཀླུ་དྲེགས་པ་སྡེ་བརྒྱད་ཁྱེད་རྣམས༔ སྔོན་ཚེ་སངས་རྒྱས་རིན་ཆེན་སྙིང་པོ༔ རྣམ་འདྲེན་བུ་རམ་ཤིང་པ༔ གསང་འཛིན་ལག་ན་རྡོ་རྗེ༔ རིག་འཛིན་ཡབ་སྲས་བརྒྱུད་པ་སོགས་ཀྱི་སྤྱན་སྔར་བསྟན་འཛིན་གྱི་སྐྱེས་བུ་བསྲུང་བ་དང༔ བསྟན་དགྲའི་གཤེད་མ་སྒྲོལ་བར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ཚིག་གཉན་པོ་དྲན་པར་གྱིས་ལ༔ ད་ལྟ་རྣལ་འབྱོར་པ་བདག་གིས་ལྷ་སྔགས་ཏིང་འཛིན་བདེན་པའི་མཐུས༔ ཁྱེད་རྣམས་བརྔན་གསོལ་མཆོད་སྦྱིན་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ སྒོས་དཔལ་ལྡན་བླའི་སྐུ་དགྲ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་བསྲུང་བྱ་འཁོར་དང་བཅས་པ་རྣམས་ལ་བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་ས་ཆུ་མེ་རླུང་འབྱུང་བའི་འཁྲུལ་འཁོར༔ ཏིང་འཛིན་དགོངས་པའི་གཟེར་གྱིས་བཅིངས་པའི་བན་བོན་བྱད་མ་རྦོད་གཏོང་མཁན་གྱི་སྟེང་དུ༔ ལྷ་སྲིན་དྲེགས་པའི་དམག་ཚོགས་འཁོར་དང་ཡང་འཁོར༔ སྤྲུལ་པ་ཡང་སྤྲུལ་ཁྱེད་རྣམས་ཀྱི་མཐུ་དང་རྩལ་གྱི་ནུས་པ་ཕྱུང་ལ་སྒྲུབ་པའི་རྟགས་མྱུར་དུ་སྟོན་ཅིག༔ བྱད་མ་རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ བཟུང་བ་ཐོངས་ལ་གཏད་པ་ཁྲོལ་ཅིག༔ བསྡམས་པ་ཀློད་ལ་མནན་པ་ཐོངས་ཤིག༔ བཅིངས་པ་ཁྲོལ་ལ་རྦོད་གཏོང་ཟློག་ཅིག༔ ཁྲམ་ཁ་སྒྱུར་ཅིག་ཟློག་ཅིག་མ་རཱ་ཡ༔ རེ་ཞིང་ལྟོས་པའི་སྲུང་མ་ཁྱེད་རྣམས་བཀའ་དང་དམ་ལས་མ་འདའ་བར་རྣལ་འབྱོར་པ་བདག་ཅག་བསྲུང་བྱ་འཁོར་དང་བཅས་པ་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ནས་འགོ་ཞིང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ་ནས་འཐོར་རོ༔ སྤྱི་ལ་འདོད་གསོལ་འདི་ལྟར༔ ཨོཾ་ཀླུ་ཡི་རྒྱལ་པོ་ཆེན་པོ་མཐའ་ཡས་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་སངས་རྒྱས་གསང་བདག་ཕྱག་ན་རྡོ་རྗེའི་སྤྱན་སྔར་བསྟན་པ་དང༔ འཇིག་རྟེན་སྐྱོང་བར་ཁས་བླངས་པའི་དམ་ཚིག་དྲན་པར་མཛོད་ལ༔ གང་འདོད་པའི་ཕྲིན་ལས་དེ་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ གཞན་ཡང་འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན༔ རིག་འཛིན་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་དང་དམ་ལས་མ་འདའ་བར༔ ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་རྣལ་འབྱོར་པ་བདག་གི་ལས་བྱད་གཏད་བཀྲོལ་བའི་ལས་འདི་ཞེས་བྱ་བ་འགྲུབ་པར་མཛད་དུ་གསོལ༔ བཀའ་དང་དམ་ལས་མ་འདའ་ཞིག༔ གལ་ཏེ་མི་ཉན་ཞིང་བར་དུ་གཅོད་ན་སྤྲུལ་པའི་ཁྲོ་ཚོགས་རྣམས་དྲག་ཏུ་ཁྲོས་ནས་མེ་དཔུང་བྱ་ཁྱུང་ལྕགས་སྡིག་གི་ཚོགས་གྲངས་མེད་པ་ཕྱོགས་བཅུར་འཕྲོས་ནས་དམ་ལ་མི་གནས་པ་རྣམས་ཀྱི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་འགྱུར་རོ༔ དེ་བས་ན་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་ནས་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ༔ གང་འདོད་པའི་དོན་ལ་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ༔ སྔོན་ཀླུའི་དམ་ཚིག་གི་ཁྱད་པར་ལའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཀར་ཕྱོགས་སྐྱོང་བའི་ཀླུ་རྣམས་ལ༔ ཨོཾ༔ བླ་མ་མཆོག་གསུམ་སོགས་ཀྱིས་དངོས་གྲུབ་བསྐུལ༔ ནག་ཕྱོགས་ཀྱི་ཀླུ་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱའོ༔ ལས་མཐའ་གྲུབ་ནས་ཀླུ་གཏོར་མཚོའམ་ཆུ་མིག་གི་སར་ཁ་ཕྱོགས་ལ༔ གཤེགས་གསོལ་ནི༔ ཀྱཻ༔ ཀླུ་ཡི་རྒྱལ་པོ་ཆེན་པོ་ཐ་ཚིག་ཅན༔ མཐའ་ཡས་གཙོར་བྱས་ཀླུ་ཆེན་བརྒྱད་པོ་དང༔ གཞན་ཡང་ས་བདག་ལྷ་ཀླུ་གཉན་གྱི་ཚོགས༔ དཀར་ཕྱོགས་སྐྱོང་བ་འཁོར་དང་ཡང་འཁོར་རྣམས༔ བྱམས་བརྩེའི་སྟོབས་ཀྱིས་བདག་ལ་དགོངས་སུ་གསོལ༔ ད་ནི་བདག་གི་ལས་རྣམས་ཐམས་ཅད་འགྲུབ༔ ལོངས་སྤྱོད་དངོས་གྲུབ་ཐམས་ཅད་དེ་རིང་ཐོབ༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་བཀའ་དྲིན་ཆེ༔ ད་ནི་བདག་གིས་གཏང་རག་དུས་ལ་བབས༔ རིན་ཆེན་སྣ་ཚོགས་འབྲུ་སྨན་སྣ་ཚོགས་དང༔ དཀར་གསུམ་མངར་གསུམ་ཤིང་ཏོག་རོ་དྲུག་ཟས༔ ཞོ་དང་འོ་མ་ཀླུ་སྨན་བདུད་རྩི་སྐྱེམས༔ རང་གཟུགས་གཏོར་མ་ཤིང་རིས་དར་ཚོན་བལ༔ འཇའ་འོད་འཁྱིལ་བའི་ཁང་བཟང་རིམ་དགུས་རྒྱན༔ ཕུན་ཚོགས་ལོངས་སྤྱོད་གཏེར་གྱིས་རབ་ཏུ་གཏམས༔ ཤེལ་ཚིགས་དཀར་སྟོང་ནག་པོ་ཁྲ་བོ་འབུམ༔ ཤོག་ཤོག་དོང་ཙེ་ཇ་མར་ཐུད་དང་ཕྲུམ༔ སྤྱན་གཟིགས་ལོངས་སྤྱོད་སྣ་ཚོགས་གཏང་རག་འབུལ༔ མི་མཐུན་ལོ་ཟླ་ཞག་དང་ཟ་མའི་ཀེགས༔ འབྱུང་བའི་དགྲ་གཤེད་ཐམས་ཅད་ཞི་བར་མཛོད༔ སྤར་ཁ་སྨེ་བ་ཟླ་ཁམས་མི་མཐུན་པ༔ གནམ་སྒོ་བཅུ་གསུམ་ལོ་རྒྱལ་དྲུག་ཅུ་ཡང༔ མ་འཁྲུག་མ་གནོད་ཞི་ཞིང་མཐུན་གྱུར་ཅིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་མི་ནོར་ཀུན༔ ས་བདག་གཉན་དང་ཀླུ་ལ་གཏད་པ་ཁྲོལ༔ བཅིངས་བ་ཤིག་ལ་གཏད་ཀྱི་ཐ་རམ་ཁྲོལ༔ བྱད་མ་བན་བོན་རང་གཤེད་རང་ལ་ཕོབ༔ མི་ཤེས་རྨོངས་པའི་དབང་དུ་གྱུར་པ་ཡིས༔ ཤིང་གཉན་བཅད་དང་ས་བརྐོས་བྲག་གཉན་བཤིགས༔ ཆུ་བཅུས་རྡོ་བཅགས་གནས་ཁང་གསར་བརྩིགས་སོགས༔ མངོན་ཤེས་མེད་པའི་སྐྱོན་ཅན་ནོངས་པ་བཤགས༔ རུ་ང་ཕྲག་དོག་གདུག་རྩུབ་མ་མཛད་པར༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན་པའི་ངང༔ ཕོག་ཐུག་འགལ་འཁྲུལ་ཉམས་ཆགས་སོར་ཆུད་ནས༔ བདག་ཅག་འཁོར་དང་བཅས་པའི་མགོན་སྐྱབས་མཛོད༔ རང་རང་གནས་སུ་ད་ནི་གཤེགས་རེ་རན༔ སྐྱེ་མེད་ཆོས་དབྱིངས་མཁའ་རུ་བཛྲ་མཱུ༔ སླར་ཡང་ཐུགས་རྗེའི་དབང་གིས་འབྱོན་པར་འཚལ༔ ཅི་འདོད་དངོས་གྲུབ་མ་ལུས་སྩོལ་བ་དང༔ ཕན་བདེའི་དགེ་མཚན་འཕེལ་བའི་ཕྲིན་ལས་མཛོད༔ ཅེས་ཀླུ་གཏོར་མཚོའམ་ཆུ་མིག་གི་སར་བསྐྱལ་ལ་འདོད་དོན་དངོས་གྲུབ་ཞུ་བའི་འདོད་གསོལ་ཅི་ཤེས་བརྗོད་པར་བྱའོ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧྲཱིཿ བཀའ་དྲིན་སྲིད་ན་འགྲན་ཟླ་བྲལ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ མཛད་པ་བླ་ན་མེད་པ་མཆོག༔ སྟོན་པ་སངས་རྒྱས་བཀྲ་ཤིས་ཤོག༔ མཐུ་སྟོབས་བརྟུལ་ཞུགས་རྨད་བྱུང་བ༔ ཕྱག་ན་རྡོ་རྗེའི་བཀྲ་ཤིས་ཤོག༔ འཇིག་རྟེན་མཆོད་འོས་དཀར་ཕྱོགས་སྐྱོང༔ ལྷ་ཀླུ་གཉན་གྱི་བཀྲ་ཤིས་ཤོག༔ འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི༔ ཀླུ་རྒྱལ་མཐའ་ཡས་བཀྲ་ཤིས་ཤོག༔ བདག་སོགས་གར་གནས་ས་ཕྱོགས་སུ༔ མི་ཕྱུགས་ནད་རིམས་ཀུན་ཞི་ཞིང༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས༔ དམ་ཆོས་འཕེལ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔


previousཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ།next