Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
ཀླུའི་མཆོད་ཕྲེང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཀླུའི་མཆོད་ཕྲེང་།next

ཀླུའི་མཆོད་ཕྲེང་།

༄༅། ༼ཁ༽ གཉིས་པ་ནི། མཆོད་ཕྲེང་གི་ཚེ་དུང་དཀར་འབུད། ཧོ༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་ལ༔ བདུད་རྩི་ཀླུ་སྨན་འབུལ་བ་ནི༔ བྱང་སེམས་དཀར་དམར་བདུད་རྩིའི་བཅུད༔ ག་པུར་ཛ་ཏི་གུར་གུམ་དྲི༔ ཙནྡན་དཀར་དམར་བཟང་པོ་དྲུག༔ དབང་ལག་ཆུ་སྲིན་སྡེར་མོ་དང༔ སྙིང་དང་གླ་གོར་མཁལ་མ་ཞོ༔ སྦུར་ལེན་སྒྲོ་མདངས་སྦྲུལ་ཤུན་དང༔ ཐང་ལོ་སྨྱུག་ལོ་རྡོ་རྒྱུས་ཚོགས༔ གུ་གུལ་དཀར་མོ་རྒྱ་མཚོའི་ལྦུ༔ སླེ་ཏྲེས་ལི་ཤི་སུག་སྨེལ་དང༔ ཟི་ར་དཀར་ནག་ཏིལ་དཀར་ནག༔ སྤང་སྤོས་ཐལ་ཀ་རྡོ་རྗེ་དང༔ གསོ་མ་ར་ཙ་རྒུན་འབྲུམ་ཤིང༔ མངར་སོགས་ཀླུ་སྨན་སྣ་ཚོགས་རིགས༔ མཆོད་པར་འབུལ་ལོ་བདག་ཅག་གི༔ ནད་རིགས་མ་ལུས་ཞི་བར་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་སརྦ་པཉྩ་ཨ་མྲི་ཏ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གསུམ་པ་ནི༔ ཧོ༔ ཕྱི་ནང་གསང་བའི་མཎྜལ་དང༔ དཀྱིལ་འཁོར་མཆོད་རྫས་ཡོ་བྱད་ཚོགས༔ འཕན་གདུགས་རྒྱལ་མཚན་དར་ཚོན་འཕུར༔ གཞན་ཡང་བཀོད་པའི་བྱེ་བྲག་ཚོགས༔ ནཱ་ག་འཁོར་དང་བཅས་ལ་འབུལ༔ ཨོཾ་ནཱ་ག་རཱ་ཛ་ཕུ་པྲ་ས་པཱ་རི་ཝ་ར་མཎྜལ་པཱུ་ཛ་ཨཱཿཧཱུྃ༔ བཞི་པ་ནི༔ ཨོཾ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ ཨ་པར་སྐྱུར་སོགས་ཨ་ག་རུ༔ འབྱུང་བའི་བཅུད་བསྡུས་སྨན་གྱི་རིགས༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་ལ༔ འབུལ་བས་རྣལ་འབྱོར་ཡོན་མཆོད་ཀྱི༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ གཞན་གྱིས་སྦྱོར་བའི་བྱད་གཏད་ཀུན༔ ནཱ་ག་འཁོར་བཅས་བཀྲོལ་དུ་གསོལ༔ ཨོཾ་ནཱ་ག་རཱ་ཛ་ཕུ་པྲ་ས་པཱ་རི་ཝ་ར་སརྦ་པཉྩ་བཻ་ཥ་ཛྱཻ་ཨ་མྲི་ཏ་པཱུ་ཛ་ཧོ༔ ལྔ་པ་ནི༔ ཧོ༔ ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ༔ མེ་ཏོག་སྣ་ཚོགས་འབུལ་བ་ནི༔ ཨུཏྤལ་ལྷ་མེ་ཙམ་པ་ཀ༔ མི་ཡི་མེ་ཏོག་སུ་ཊ་ཀླུ༔ ནཱ་ག་མེ་ཏོག་ཤིང་ཏོག་རིགས༔ སྤྱན་མའི་མཁའ་ཀློང་ཡངས་པ་རུ༔ མེ་ཏོག་དཀར་སེར་དམར་ལྗང་ཚོགས༔ ཀླུ་རིགས་ལྔ་རྣམས་མཉེས་གྱུར་ཅིག༔ ནཱ་ག་འཁོར་བཅས་མཉེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ལྷ་ཡི་གཏད་དང་ཀླུ་ཡི་གཏད༔ སྡེ་བརྒྱད་སོ་སོར་གང་གཏད་ཀྱང༔ ད་ལྟ་ཉིད་དུ་བཀྲོལ་དུ་གསོལ༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་པུཥྤེ་པཱུ་ཛ་ཧོ༔ དྲུག་པ་ནི༔ ཨོཾ༔ ནཱ་ག་རཱ་ཛ་འཁོར་བཅས་ལ༔ སྔོན་ཚེ་རྒྱལ་བས་བྱིན་རླབས་རྫས༔ འོ་ཞོ་འབྲུ་མར་དཀར་གསུམ་ཚོགས༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་མཆོད༔ རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ༔ འབྱུང་བཞིའི་མནན་གཏད་བཀྲོལ་དུ་གསོལ༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཨཥྚ་མངྒ་ལཾ་པཱུ་ཛ་ཧོ༔ བདུན་པ་ནི༔ ཧོ༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་ལ༔ ཀ་ར་བུ་རམ་སྦྲང་རྩིའི་རིགས༔ ནཱ་ག་འཁོར་དང་བཅས་ལ་འབུལ༔ བདག་ཅག་ཀླུ་ལ་གཏད་པ་དཀྲོལ༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ར་ས་པཱུ་ཛ་ཧོ༔ བརྒྱད་པ་ནི༔ ཧཱུྃ༔ སངས་རྒྱས་བསྟན་སྲུང་ཀླུ་ཡི་རྒྱལ༔ ནཱ་ག་རཱ་ཛ་འཁོར་བཅས་ལ༔ ཤིང་རྩི་སྣ་ཚོགས་འབུལ་བའི་མདོར༔ ཙནྡན་དཀར་དམར་ཨ་ཀ་རུ༔ ལྷ་ལོ་སྨན་ཤིང་སུར་དཀར་ཤུག༔ སྟག་པ་འོམ་བུ་སྤེན་དཀར་དང༔ ཉ་བྲུག་དུང་ལོ་བྲ་མ་སོགས༔ ཕ་ཤིང་མ་ཤིང་བུ་ཤིང་ཚོགས༔ ཡན་ལག་ལོ་འདབ་དཔག་བསམ་ལྗོན༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ ལོ་ཕྱུགས་ཕུན་ཚོགས་དངོས་གྲུབ་སྩོལ༔ བདག་ཅག་བྱད་གཏད་བཀྲོལ་བར་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བྷི་ཤྭ་སོགས༔ དགུ་པ་ནི༔ ཧཱུྃ༔ ཀླུ་རྒྱལ་མཐའ་ཡས་འཁོར་བཅས་ལ༔ དར་ཚོན་བལ་ཚོན་ཁང་བཟང་དང༔ ཤིང་རིས་ཟ་འོག་དགུ་བརྩེགས་ཀླུབས༔ རྒྱ་བོད་ཧོར་སོག་བལ་པོའི་དར༔ ཟི་ཧུན་རས་སྐུད་སྣ་ཚོགས་དར༔ ནེའུ་སིང་ལྗོན་པ་ནོར་བུའི་ཏོག༔ ཚ་བའི་བསིལ་ཁང་གྲང་བའི་དྲོད༔ ཡན་ལག་མཚོ་དཀྱིལ་པདྨའི་ཚལ༔ འབྲུག་དང་ཆུ་སྲིན་ཀླུ་ནོར་རིགས༔ གཞན་ཡང་བྱ་རིགས་རི་དྭགས་ཚོགས༔ ཡང་དག་གཅན་གཟན་སྲིད་ནོར་ཚོགས༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ ཀུན་བཟང་མཆོད་པར་འདྲེན་བགྱིད་པའི༔ ངོ་མཚར་མཆོད་པའི་སྤྲིན་ཚོགས་ཀུན༔ ནཱ་ག་འཁོར་དང་བཅས་ལ་འབུལ༔ མནན་གཏད་ས་ཆུའི་འཁྲུལ་འཁོར་བཀྲོལ༔ ཚེ་བསོད་ཀླུ་ལ་འགྲན་བགྱིས་ནས༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཝཥྚ་སརྦ་པཱུ་ཛ་ཧོ༔ བཅུ་པ་ནི༔ ཧོ༔ མཐའ་ཡས་འཇོག་པོ་དུང་སྐྱོང་དང༔ རིགས་ལྡན་ལ་སོགས་འཁོར་བཅས་ལ༔ རིན་ཆེན་སྣ་ཚོགས་འབུལ་བ་ནི༔ གསེར་དངུལ་ཟངས་ལྕགས་གཡུ་བྱུར་དུང༔ ས་ལེ་སྦྲམ་དང་ར་ག་གཟི༔ ཨིནྜ་སྦུར་ལེན་མུ་ཏིག་ཚོགས༔ འབྲུ་དྲུག་སྟར་ག་རྒུན་འབྲུམ་དང༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ཚོགས༔ ཀླུ་ཡི་ཚོགས་རྣམས་མཉེས་ཕྱིར་འབུལ༔ བཞེས་ནས་སངས་རྒྱས་བསྟན་པ་དར༔ བྱད་མ་ལྷ་སྲུང་རྡུལ་དུ་བརླག༔ མནན་གཏད་ཀླུ་ཡི་སྦྱོར་བ་བཀྲོལ༔ རྣལ་འབྱོར་བསམ་དོན་འགྲུབ་པར་མཛོད༔ ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་རཏྣ་སརྦ་པཱུ་ཛ་ཧོ༔ བཅུ་གཅིག་པ་ཀླུ་གཏོར་འབུལ་བ་ནི༔ སྨིན་གླིང་ལས། རྡོ་རྗེ་གནོད་སྦྱིན་གྱི་རྒྱས༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བསངས༔ རྡོ་རྗེ་མེའི་རྒྱས༔ ཨོཾ་བཛྲ་ཛྭ་ལ་སོགས་ཀྱིས་སྦྱངས་ཏེ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཀླུ་རྣམས་དགའ་བར་བྱེད་པའི་འདོད་ཡོན་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། རྡོ་རྗེ་བསྡམས་པ་འདེགས་པའི་རྒྱས༔ ཨ་ཀ་རོ་ལན་གསུམ་གྱིས་སྤེལ་ལ༔ འདོད་རྒྱལ་གྱི་ཕྱག་རྒྱས་བཅིངས་ཏེ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་ཚོགས་འཁོར་བཅས་སྤྱན་དྲངས་བར་བསམ་ལ༔ ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛ་སྭཱཧཱ༔ ཨོཾ༔ ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ༔ འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ༔ པདྨ་པདྨ་ཆེན་པོ་དང༔ དུང་སྐྱོང་དང་ནི་རིགས་ལྡན་ནོ༔ ལྷ་མོ་ལྷ་མོ་ཆེན་པོ་དང༔ ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ༔ དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༔ སོག་མ་མེ་དང་ཧུ་ལུཎྜ༔ དགའ་བོ་དང་ནི་ཉེ་དགའ་བོ༔ རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༔ ཚ་བ་ཚ་བ་ཆེན་པོ་དང༔ དཔལ་གྱི་འོད་དང་འོད་པོ་ཆེ༔ རིན་ཆེན་འོད་དང་གཟུགས་མཛེས་དང༔ གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༔ ལྟོ་འཕྱེ་ཆེན་པོ་ཚི་ལི་དང༔ ཚི་ལི་ཆེན་པོ་རྣམ་དག་ནི༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝ་ཕྲུཾ་ཕུ་སྭཱཧཱ༔ ཞེས་མདུན་དུ་བྱོན་པར་བསམ་ལ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔གྱིས་གདན་ཕུལ༔ ཆགས་མེད་ལས༔ ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས༔ བདེ་གཤེགས་ཀླུ་དབང་རྒྱལ་པོ་དང༔ སྤྲིན་ཆེན་མདོ་ལས་གསུངས་པ་ཡི༔ སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ༔ ཆུ་མིག་འདིར་གནས་ཀླུ་འདི་ཡི༔ ནད་དང་སྡུག་བསྔལ་ཀུན་ཞི་ཞིང༔ མཐུ་སྟོབས་གཟི་བརྗིད་རབ་འཕེལ་ནས༔ འདིར་ནི་ཆུ་ཆེར་འབབ་གྱུར་ཅིག༔ ཨོཾ་ནཱ་ག་གི་ཤེ་ཕུད་ཡ་དེང་ནཱ་ག་གི་ཤེ་པྲ་མརྡྷ་ན་ཡེ་སྭཱཧཱ༔ ནཱ་ག་ར་ཙ་བཾ༔ ཆུ་མིག་སྐམ་པོ་གསོ་ན་ནི༔ སྔགས་འདི་ཁྲི་ཕྲག་འདོན་པར་བཤད༔ འཕྲལ་དུ་བརྒྱ་རྩ་བཟླས་པས་ཆོག༔ ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྷྲིཧྞེ་དཾ་ཨརྒྷཾ་སྭཱཧཱ༔ དེ་བཞིན་དུ༔ པུཥྤཻ༔ དྷུ་པཾ༔ དཱི་པཾ༔ གནྡཾ༔ སོགས་ཀྱིས་མཆོད༔ ཀླུ་དགའ་བར་བྱེད་པའི་རྒྱས༔ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ༔ ཞེས་སེ་གོལ་དང་བཅས་པས་ལན་གསུམ་དང༔ ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡཱ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ༔ ལན་གསུམ་གྱིས་གཏོར་མ་བསྔོ༔ ཨོཾ༔ ཀླུ་ཡི་རྒྱལ་པོ་སོགས༔ ཡེ་དྷརྨ་དང༔ སྡིག་པ་ཅི་ཡང་སོགས་ཡིན༔ ཆོས་ཀྱི་སྦྱིན་པ་བྱ༔ ཀླུ་ཆེན་པོ་བརྒྱད་སོགས་ཀླུ་ཡི་རིགས་སུ་གྱུར་པ་ཐམས་ཅད་དང་༔ བྱེ་བྲག་བདག་ཅག་ལ་གནོད་ཅིང་ལན་ཆགས་པ་ཐམས་ཅད་མཉེས་ཤིང་ཚིམ་ནས་གནོད་འཚེ་དང་གདུག་སེམས་ཞི་སྟེ་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ་བོ༔ རང་ཉིད་ཐུགས་རྗེ་ཆེན་པོ་སོགས།


previousཀླུའི་མཆོད་ཕྲེང་།next