Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
ཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ།next

ཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཟབ་གསང་ཕག་མོའི་བཀའ་སྲུང་ཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ་བཞུགས་སོ༔

དབང་ཆེན་ཁྲག་འཐུང་རཱ་ཛ་དང༔ གསང་བའི་བདག་པོ་གོས་སྔོན་འཆང་༔ དབྱིངས་ཡུམ་ཌཱཀྐི་ཝ་ར་ཧི༔ ཀུན་འདུས་བླ་མར་གུས་བཏུད་དེ༔ བདག་འདྲ་ཨོ་རྒྱན་མཁན་པོ་ཡིས༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ ཁྱབ་འཇུག་ཆེན་པོའི་བསྐང་གསོ་བསྟན༔ བསྐལ་པ་དུས་ཀྱི་ཐ་མ་ལ༔ བསྟན་པ་འཛིན་པའི་གྲོགས་སུ་ཤོག༔ ཤིན་ཏུ་མི་སྲུན་གཏེར་སྲུང་ཆེ༔ དྲང་སྲོང་སྒྲུབ་པའི་རྣལ་འབྱོར་པས༔ སྔར་བཅོལ་ཞུ་སྐྱེམས་འབུལ་བ་དང༔ ཕྱིས་བཅོལ་གཏང་རག་གཏོང་བ་དང༔ འཁུ་ལྡོག་བརྩམས་དང་ནང་འདྲེས་ཤིང༔ མ་ཉན་གནད་ལ་དབབ་རྗེས་སམ༔ ལས་ལ་བསྐུལ་ཞིང་ཉམས་ཆག་བསྐངས༔ རྟག་ཏུ་གསོལ་ཞིང་བསྐང་བ་ནི༔ བརྒྱལ་ནད་མགོ་འཁོར་སྨྱོ་འབོག་སོགས༔ དམ་ཚིག་འཁུ་ལྡོག་བྱུང་བ་ན༔ གསོལ་ཞིང་བསྐང་བའི་ལས་རིམ་ནི༔ ཕྱི་ནང་གསང་བའི་མཆོད་སྒྲུབ་ལས༔ འདི་ནི་ཟབ་པའི་མཐར་ཐུག་གོ༔ ར་བ་བཞི་ཡི་ཚེས་བརྒྱད་དམ༔ མིན་ཡང་དུར་ཁྲོད་འཇིགས་པའི་སར༔ ཡར་མར་གཟའ་སྐར་ལེགས་པ་དང༔ སྡེ་བརྒྱད་རྒྱུ་བའི་དུས་གཉན་ལ༔ རབ་ནི་དཀྱིལ་འཁོར་འགྲིགས་ཆགས་སམ༔ མིན་ཡང་འབྲས་ཚོམ་ལྷ་གྲངས་དགོད༔ སྣོད་གཙང་ལྕགས་སམ་བསེ་ཕོར་དུ༔ བཤོས་བུ་དམར་ནག་གྲུ་གང་ལ༔ བཤོས་ཕྲན་བརྒྱད་དང་སྐྱུ་གུ་བརྒྱད༔ རིལ་བུ་བརྒྱད་དང་སྨན་རཀ་དགོད༔ ལིང་དམར་སྙིང་དང་རྒྱུ་ཞགས་དང༔ མེ་རི་མིག་མང་རིས་ཀྱིས་བརྒྱན༔ མདུན་དུ་བསྐང་གཏོར་རྒྱས་པར་བཤམས༔ དར་ནག་སྐུ་རྟེན་བླ་རྡོ་བཅིང༔ ཚོགས་དང་མཐུན་རྫས་འབྱོར་ཚད་བཤམས༔ རྣལ་འབྱོར་ལྷ་ཡི་དལ་དུ་ཞུགས༔ བསྙེན་སྒྲུབ་སྔོན་དུ་ལེགས་གྲུབ་ནས༔ དེ་ནས་གསང་བདག་ཏིང་འཛིན་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་བསྐྱེད༔ མདུན་དུ་མེ་རླུང་དུད་སྤྲིན་ཀློང༔ སྒྲུབ་གཏོར་མི་དམིགས་ཡོངས་གྱུར་ལས༔ ཀྵ་ཡིག་མེ་རི་འབར་བ་ཉིད༔ དྲང་སྲོང་ཁྲོས་པ་རཱ་ཧུ་ལ༔ རྣམ་འགྱུར་ཆ་ལུགས་མ་འདྲེས་གསལ༔ འཁོར་དུ་གཟའ་བརྒྱད་གདོང་མོ་བཞི༔ རྒྱུ་སྐར་ལྷ་སྲིན་སྡེ་བརྒྱད་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟད་མོ་བཞིན༔ འདུད་ཅིང་ཅི་བགྱིའི་བཀའ་ཉན་བསམ༔ བདག་ཉིད་ཐུགས་ཀའི་ཧཱུྃ་མཐིང་ལས༔ འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས༔ རང་བཞིན་དབྱིངས་སོགས་གར་བཞུགས་ནས༔ གཟའ་ཚོགས་རང་དབང་མེད་པར་བཀུགས༔ དམ་ཚིག་དྲན་བཞིན་རྟེན་ལ་བསྟིམ༔ འབོད་སྔགས་རོལ་མོ་དབྱངས་དང་བཅས༔ ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛ༔ རཱ་ཧུ་ལ་པྲ་མ་ན་ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛ༔ རྟགས་ཐོན་བཟླ༔ དམ་ལ་བསྐུལ་བ་འདི་བཞིན་ནོ༔ ཧཱུྃ་ཛ༔ དུར་ཁྲོད་རབ་རྔམས་རྩུབ་འགྱུར་ཚལ༔ ཁྲག་ཞགས་རྦ་ཀློང་འཁྲུགས་པ་ནས༔ དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལ༔ སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་ཆེ༔ འབོད་པའི་དུས་སུ་མཚན་གསོལ་བ༔ གཟའ་མཆོག་རྒྱལ་པོ་སྒྲ་གཅན་འཛིན༔ བསྟན་པའི་བཀའ་སྲུང་ཚོགས་ཀྱི་རྗེ༔ ཉམས་པ་ཚར་གཅོད་ལས་ཀྱི་གཙོ༔ རིག་འཛིན་སྲོག་ཤིང་གཏེར་གྱི་བདག༔ རྣལ་འབྱོར་དགྲ་ལྷ་ཐུགས་དམ་ཅན༔ གཙུག་ལག་བསྟན་སྲུང་མཐུ་བོ་ཆེ༔ ཞལ་དགུ་བྱ་རོག་གཙུག་ཏོར་རྔམས༔ བསྟན་པའི་དགྲ་བོ་ཞལ་དུ་གསོལ༔ གློག་འདྲའི་རལ་གྲི་ཞགས་པ་ཡིས༔ སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་ཆོད༔ ཆུ་སྲིན་རྒྱལ་མཚན་བསྒྲེངས་བ་ཡིས༔ སྲིད་པ་གསུམ་ཡང་དབང་དུ་བསྡུ༔ རཱ་ཡི་མདའ་གཞུ་བསྣམས་པ་ཡིས༔ དམིགས་པའི་དགྲ་བོ་རྩད་ནས་གཅོད༔ སྤྱན་སྟོང་མེ་དཔུང་སྡང་མིག་གིས༔ དགྲ་དང་བགེགས་ལ་འབྲུ་ཚུགས་བལྟ༔ སྐུ་སྨད་རེ་འབྱམས་འཁྱིལ་བ་ཡིས༔ སྟོང་གསུམ་ཁམས་ཡང་གཡོ་བར་བྱེད༔ ལྟོ་བའི་ཞལ་གདངས་ཧཱུྃ་ཕཊ་སྒྲོགས༔ ལྷ་སྲིན་དྲེགས་ཚོགས་ལས་ལ་འགྱེད༔ སྐུ་མདོག་དུད་ཁ་འཇིགས་པ་ཡིས༔ ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན༔ ཞལ་འཛུམ་ལྷ་ཡིས་རྣལ་འབྱོར་ལ༔ གྲུབ་གཉིས་དངོས་གྲུབ་འཇོ་བར་བྱེད༔ སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད༔ སྲིད་འདིར་འགྲན་ཟླ་དང་བྲལ་ཞིང༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ དམ་ལ་གནས་པའི་གང་ཟག་དང༔ པདྨའི་གདུང་འཚོབ་གཏེར་ལ་དབང༔ བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་སྐྱོང༔ བདུད་དང་དྲེགས་པ་བྲན་དུ་ཁོལ༔ གཟའ་བདུད་འདིར་བྱོན་རྟེན་ལ་བཞུགས༔ བསྟན་པ་སྲུང་ཕྱིར་གུས་འདུད་བགྱི༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ཀྵ་ནཱ་ག་རཀྵ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡཱ་ཛཿཛ༔ ས་མ་ཡཱ་ཏིཥྛ་ལྷན༔ ན་མ་ཡ་ཏི༔ དེ་ནས་ཁྱབ་འཇུག་རཱ་ཧུ་ལའི༔ བསྐང་བཤགས་བཟློག་རིམ་འདི་བཞིན་གྱེར༔ ཧཱུྃ་ཛ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ པདྨའི་བསྟན་པའི་མངའ་བདག་པོ༔ ཁྱོད་ནི་དྲང་སྲོང་དམ་ཚིག་ཅན༔ ཕོ་བྲང་རིན་ཆེན་མཛེས་པ་འདིར༔ རྒྱུ་བཟང་བཀོད་ཅིང་བསྟར་བ་ཡི༔ འབྲུ་གཏོར་བཟང་པོའི་བཤོས་བུ་ལ༔ དར་དང་ཟ་འོག་རིན་ཆེན་སྤུད༔ བཅུད་ལྡན་ངར་གྱི་སྐྱེམས་བུ་འབུལ༔ རྟ་གཡག་རྔ་མོང་བྱ་མོའི་ཚོགས༔ གསེར་དངུལ་དར་ཟབ་དབྱིག་དང་བཅས༔ ཤ་ཆང་དཀར་དམར་ར་གསུར་རྣམས༔ གཟའ་བདུད་འཁོར་དང་བཅས་ལ་འབུལ༔ གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད༔ ཧཱུྃ་ཛ༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་གྱིས༔ རྣམ་པར་འཕྲུལ་བ་ལས་བྱུང་བའི༔ བདག་པོས་བཟུང་དང་མ་བཟུང་བའི༔ ཕྱི་ནང་གསང་བ་དེ་ཁོ་ན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ལྷ་བཤོས་རོ་བརྒྱ་རོལ་མོའི་ཚོགས༔ ཛ་གད་ཕུད་དང་སྨན་གཏོར་ཁྲག༔ རྐང་ཆེན་དུང་གི་གླིང་བུའི་སྒྲ༔ རྟ་ནག་ཁྱི་ནག་གཡག་ནག་དང༔ ལུག་ནག་བདུད་བྱ་ཕོ་རོག་སོགས༔ མཐུན་རྫས་ཡོངས་སུ་ཚོགས་པ་དང༔ རྣལ་འབྱོར་དགོངས་ཀློང་དག་པ་ཡིས༔ གཟའ་བདུད་ཁྱབ་འཇུག་རཱ་ཧུ་ལ༔ ཡབ་ཡུམ་སྲས་ཀྱི་ཐུགས་དམ་བསྐང༔ ལྗང་སྔོན་དྲག་པོའི་ཐུགས་དམ་བསྐང༔ དྲང་སྲོང་སེར་དཀར་ཐུགས་དམ་བསྐང༔ བདུད་པོ་རོག་ཏིའི་ཐུགས་དམ་བསྐང༔ བྷི་ཏྲི་བ་ཏྲིའི་ཐུགས་དམ་བསྐང༔ ཧ་ལིང་ཀ་ཡི་ཐུགས་དམ་བསྐང༔ དུ་བ་མཇུག་རིང་ཐུགས་དམ་བསྐང༔ ཁྱབ་འཇུག་རཱ་ཛཱའི་ཐུགས་དམ་བསྐང༔ སྒྲ་གཅན་འཛིན་གྱི་ཐུགས་དམ་བསྐང༔ གདོང་མོ་སྡེ་བཞིའི་ཐུགས་དམ་བསྐང༔ པ་སངས་གཟའ་བརྒྱད་ཐུགས་དམ་བསྐང༔ ཉེར་བརྒྱད་རྒྱུ་སྐར་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང༔ ཡང་འཁོར་དམག་ཚོགས་ཐུགས་དམ་བསྐང༔ བསྐང་ངོ་མཆོད་དོ་མངའ་གསོལ་ལོ༔ ཁྱེད་ཅག་ཐུགས་དམ་བསྐང་མཛོད་ལ༔ རིག་འཛིན་རྣལ་འབྱོར་སྒྲུབ་པ་པོའི༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ ཕུར་ཁ་ཟོར་ཁ་བཟློག་ཏུ་གསོལ༔ རྦོད་གཏོང་རྦད་འདྲེ་བཟློག་ཏུ་གསོལ༔ བྱད་གཏད་ཁྲམ་གསུམ་བཟློག་ཏུ་གསོལ༔ དལ་ཡམ་དུས་འཁྲུགས་བཟློག་ཏུ་གསོལ༔ ནད་རིམ་རྐྱེན་ཁ་བཟློག་ཏུ་གསོལ༔ ཐན་ལྟས་ཆོ་འཕྲུལ་བཟློག་ཏུ་གསོལ༔ སྡེ་བརྒྱད་གདོང་ཐུག་བཟློག་ཏུ་གསོལ༔ མདོར་ན་མི་མཐུན་གནོད་པའི་ཚོགས༔ མ་ལུས་བཟློག་པའི་དུས་ལ་བབས༔ བསྟན་པ་སྲུང་བའི་དམ་ཚིག་ཅན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ རྩ་གསུམ་སྲུང་མ་ཁྱབ་འཇུག་གི༔ རྩ་བ་ཡན་ལག་དམ་ཚིག་དང༔ ཕྱི་ནང་གསང་བ་ཡང་གསང་གི༔ ཉམས་ཆག་ཉེས་ལྟུང་ཅི་བསགས་པ༔ གནོང་ངོ་འགྱོད་དོ་བཤགས་པར་བགྱི༔ མི་འཆབ་མི་སྦེད་སླན་ཆད་སྡོམ༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་ཉེར་གཅིག་གམ༔ བདུན་ལྔ་གསུམ་སོགས་ལོང་སྐབས་བསྟུན༔ དེས་ནི་སྲུང་མའི་ཐུགས་དམ་སྐོང༔ རྐྱེན་དང་བར་དུ་གཅོད་པ་བཟློག༔ ཉམས་ཆག་ཉེས་པ་སོར་ཆུད་ནས༔ ལས་བཞིའི་དངོས་གྲུབ་ཐོགས་མེད་འགྲུབ༔ ས་མ་ཡཱ༔ རྒྱ༔


previousཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ།next