Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
ཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་གསལ་བྱེད་དང་པོའི་མིང་གིས་སྦྱར་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་གསལ་བྱེད་དང་པོའི་མིང་གིས་སྦྱར་བ།next

ཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་གསལ་བྱེད་དང་པོའི་མིང་གིས་སྦྱར་བ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ ཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་བཞུགས༔ གསང་བའི་བདག་པོ་གོས་སྔོན་འཆང༔ རྡོ་རྗེ་ཕག་གདོང་ཁྲོས་མ་ནག༔ ལྷ་སྲིན་སྲིན་རྒྱལ་ཐོད་ཕྲེང་རྩལ༔ རྣམ་གསུམ་དབྱེར་མེད་བླ་མར་འདུད༔ དྲང་སྲོང་མཆོད་པའི་ལས་རིམ་ལ༔ སྤྲོས་མེད་རྒྱུན་གྱི་ནར་མར་ཆོག༔ མར་ངོའི་ཚེས་དང་དགུ་གཉན་ནམ༔ ཡང་ན་ཡར་ཚེས་དུས་སྦྱོར་ལ༔ མགོ་བརྩམ་སྒྲུབ་པ་དབང་མནོས་ཤིང༔ དད་དང་དམ་ཚིག་ལྡན་པས་བརྩོན༔ གང་འདོད་ལས་ལ་ཐོག་ལས་མྱུར༔ འདི་ནི་རྩ་གསུམ་བདག་ཉིད་ཡིན༔ དྲེགས་པ་གཞན་དང་ཟླ་བྲལ་བ༔ འདི་འགྲུབ་དྲེགས་ཚོགས་ལས་ལ་བཀོལ༔ བསྲུང་མའི་མཐར་ཐུག་འདི་ཁོ་ན༔ མིག་དང་སྙིང་ལས་གཅེས་པར་བསྟེན༔ བསྟན་པའི་ལྕགས་རིར་འགྱུར་ངེས་སོ༔ ས་མ་ཡཱ༔ སྨན་རཀ་གཏོར་གསུམ་བཟའ་བཅའི་རིགས༔ གྱ་ནོམ་བཤམས་ལ་སྔགས་རྒྱ་ཡིས༔ བྱིན་རླབས་བསྲུང་མའི་དགྱེས་པ་བསྐྱེད༔ རང་ཉིད་གསང་བདག་ཏིང་འཛིན་གྱིས༔ སྤྱན་འདྲེན་འབོད་པའི་སྔགས་ཀྱིས་འགུགས༔ ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛ༔ རཱ་ཧུ་ལ་པྲ་མ་ན་ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛ༔ ཞེས་པས་མདུན་རྟེན་རྫས་དང་དབྱེར་མེད་བསམ༔ རྔ་བརྡུང་དབྱངས་ཀྱིས་འདི་བཞིན་གྱེར༔ ཧཱུྃ་ཧཱུྃ་ཛཿ ཀྵ༔ གསང་འཛིན་ལག་ན་རྡོ་རྗེ་དང༔ རྒྱལ་དབང་མཚོ་སྐྱེས་པདྨ་ཡི༔ བཀའ་ཉན་དམ་བསྲུང་དྲེགས་པའི་གཙོ༔ ཀླུ་སྲིན་བཤོས་པའི་མཐུ་བོ་ཆེ༔ ཐུགས་མཆོག་སངས་རྒྱས་རྣམ་འཕྲུལ་གར༔ དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལ༔ ཡབ་ཡུམ་སྲིང་བཞི་ལྷ་སྲིན་དང༔ སྡེ་བརྒྱད་རྒྱུ་སྐར་ཉེར་བརྒྱད་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཁྲག་མཚོའི་ཀློང་ནས་བསྐྱོད༔ མ་ལུས་འཁོར་བཅས་འདིར་གཤེགས་ཤིག༔ དྲང་སྲོང་འོད་ཕུང་ཁྱུགས་སེ་ཁྱུག༔ གཟའ་ཆེན་བརྒྱད་པོ་ཤ་ར་ར༔ གདོང་མོ་རྣམ་བཞི་ཁེངས་སེ་ཁེང༔ སྡེ་བརྒྱད་ལས་ལ་ཡ་ལ་ལ༔ རྒྱུ་སྐར་ཉེར་བརྒྱད་དཔུངས་སེ་དཔུང༔ འུར་འུར་ཆེམ་ཆེམ་སྐུ་བསྐྱོད་ལ༔ དམ་ཚིག་གཉན་པོའི་གདན་ལ་བཞུགས༔ མཐུན་རྫས་དཔག་མེད་ལོངས་སྤྱོད་དང༔ ཤ་ཁྲག་སྨན་གཏོར་རཀྟ་སྨན༔ བཟའ་བཅའ་བཏུང་བའི་དངོས་ཚོགས་ཀུན༔ དྲང་སྲོང་འཁོར་དང་བཅས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་སོགས་ནས། ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་གནོད་བྱེད་དགྲ་བགེགས་བྱད་མ་དང་བཅས་པའི་མ་ཧཱ་མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་བ་ལིང་ཏ་ཁ་རཾ་ཁཱ་ཧི༔ བྷྱོ༔ དཀྱིལ་འཁོར་ཀུན་གྱི་བསྲུང་མའི་གཙོ༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ༔ དྲང་སྲོང་ཁྱབ་འཇུག་འཁོར་དང་བཅས༔ ཁྱོད་ལ་ཞུ་ཞིང་གསོལ་བ་ནི༔ ཕུད་གཏོར་མཆོད་སྐོང་འདི་བཞེས་ལ༔ སྔགས་འཆང་བདག་གི་དཀོར་བདག་མཛོད༔ མི་ནོར་དགོན་གནས་འཁོར་ལོངས་སྤྱོད༔ བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས༔ ཉིན་དུས་བྱ་ར་མ་གཡེལ་ཅིག༔ མཚན་དུས་མེལ་ཚེ་མ་ཞན་ཅིག༔ དགྲ་བྱུང་སྐྱོབས་ལ་འགྱེལ་ན་སློང༔ ཇག་ཆོམ་སྒྲོལ་ལ་ཅེ་སྤྱང་སྲུངས༔ མ་ཚོར་སྟོན་ལ་རྒྱབ་བརྟེན་མཛོད༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ བླ་མའི་སྐུ་དགྲ་འདུལ་བའི་ཕྱིར༔ རྣལ་འབྱོར་དགྲ་སྒྲོལ་མཐུ་དཔུང་སྐྱེད༔ ཕྲིན་ལས་མ་གཡེལ་སྡོང་གྲོགས་མཛོད༔ ཀྵ༔ དགོངས་ཤིག་དྲང་སྲོང་འཁོར་བཅས་དགོངས༔ གསོན་ཅིག་ལྷ་སྲིན་སྡེ་བརྒྱད་གསོན༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ དཀའ་བ་དང་བླང་ལྕི་བའི་ཁུར་ཆེན་བླངས༔ ལུས་སྲོག་གཟན་བོར་ཤ་ཁྲག་འབེན་ལ་བཙུགས༔ མོས་པ་བསྐྱེད་ནས་སངས་རྒྱས་སྟན་ལ་དད༔ བླ་མའི་བཀའ་བསྒྲུབ་དམ་པའི་གྲལ་ལ་བསྙེགས༔ ཉམས་ལ་གནད་བསྣུན་བྲག་ཕུག་ཞྭ་ལྟར་གྱོན༔ ཁྱོད་གསོལ་ཁྱོད་མཆོད་བརྟེན་ཅིང་བསྒྲུབ་པའི་ལྷ༔ སུ་ལ་མི་རེ་དྲང་སྲོང་ཁྱོད་ལ་རེ༔ སུ་ལ་མི་ལྟོས་སྡེ་བརྒྱད་སྲུང་མར་ལྟོས༔ ཡེ་ཤེས་སྤྱན་གྱིས་ལེགས་ཉེས་དྲང་ཤན་ཕྱེས༔ ཉམས་པའི་དགྲ་བོ་སྡིག་ཅན་ཤན་པ་རྣམས༔ རང་དབང་མེད་པར་འགུགས་བསྒྲལ་སྤར་བར་མཛོད༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད༔ གསང་སྔགས་དམ་དབྲལ་རྣལ་འབྱོར་དགྲ་རུ་ལངས༔ ཡོངས་ལ་འཚེ་ཞིང་དཀོར་རྐུན་གཙུག་ལག་བཤིགས༔ དགེ་འདུན་སྡེ་བཅོམ་དོ་བརྡོ་ཕོད་བཙུགས་ཤིང་༔ ལྷ་སྲུང་ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར༔ རྣལ་འབྱོར་རིག་འཛིན་བདག་ལ་ལྷ་མེད་ཟེར༔ སངས་རྒྱས་བཀའ་བཅགས་རྒྱུ་འབྲས་ཁྱད་དུ་བསད༔ མི་དགེ་བཅུ་སྤྱོད་བསྟན་དགྲ་ལས་ངན་འདི༔ ཚེ་བསོད་དུས་ཐེམས་མ་བཞག་མྱུར་དུ་སོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ བསད་སྔགས་བཟླ་ཞིང་ཐལ་མོ་རྡེབ༔ དགྲ་སྒྲོལ་མཚོན་ཆ་འདི་ཁོ་ན༔ ཨོ་རྒྱན་མཁན་པོ་པདྨ་ཡིས༔ མ་འོངས་སངས་རྒྱས་བསྟན་པ་དང༔ ད་ལྟ་མ་སྤེལ་ཌཱཀྐི་མ༔ ཡེ་ཤེས་མཚོ་རྒྱལ་སྟངས་དཔྱལ་གྱི༔ སྤྲུལ་པ་སུམ་ཅུའི་དུས་སུ་འབྱུང༔ སྦས་པའི་གང་ཟག་བྱང་སེམས་ཅན༔ ཏཱ་རེའི་གནས་ཀྱི་བདག་པོ་འབྱུང༔ བསྲུང་ཕྱིར་བརྡ་ཡིག་བྲག་ལ་སྦོས༔ ཤིན་ཏུ་གསང་བའི་མན་ངག་ཆོས༔ གསང་ཐུབ་བྱིན་རླབས་མེ་ལྕེའི་དབལ༔ བཞིན་ཏུ་འབྱུང་བས་འདི་ཉིད་བསྒྲུབ༔ ཕྱི་མ་མཁའ་སྤྱོད་ཞིང་ལ་སྦྱོར༔ ས་ལམ་བར་ཆད་དབྱིངས་སུ་སོལ༔ ཟབ་པའི་ཡང་ཞུན་རྒྱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ དྷ་ཐིམ༔ གུ་ཧྱ༔ ཅེས་དྲང་སྲོང་ཁྱབ་འཇུག་སྒྲུབ་ཐབས་གསོལ་བསྡུས་འདི་ཆོས་ཀྱི་བདག་པོ་མདོ་མང་སྤྲུལ་པའི་སྐུ་སོགས་ཆོས་ལ་དབང་བ་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་ལྡན་མ་རྩེ་མང་གི་ཟློས་གར་གསལ་བྱེད་དང་པོའི་མིང་ཅན་གྱིས་དག་པར་ཕབ་པའི་དགེ་བས་སངས་རྒྱས་བསྟན་པ་དང་དེ་འཛིན་གྱི་རྣལ་འབྱོར་སྲུང་བའི་མཚོན་ཆར་གྱུར་ཅིག༔ སརྦ་ཛ་གད་དཾ༔


previousཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་གསལ་བྱེད་དང་པོའི་མིང་གིས་སྦྱར་བ།next