Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
རཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ།next

རཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ བཀའ་སྲུང་རཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ ཕག་མོའི་ཟབ་ཐིག་བཀའ་སྲུང་གི༔ མངའ་གསོལ་རྡོ་རྗེའི་ཕྲེང་བ་འདི༔ ཉམས་སུ་ལེན་པའི་གང་ཟག་གིས༔ རྩ་གསུམ་དམ་ཚིག་ལ་གནས་ཤིང༔ དབང་ཐོབ་སྲུང་མ་ཀུན་འདུས་ཀྱི༔ ངེས་ཤེས་བསྐྱེད་ཅིང་དུས་གཉན་ལ༔ ཕྱི་ནང་མཆོད་རྫས་དྲེགས་པ་ཡི༔ རང་མཐུན་རྫས་བསགས་སྤོས་གསུར་གཏོང༔ སྙན་པའི་དབྱངས་ཀྱིས་ཚིག་འདི་གྱེར༔ ཛ༔ ཀ་དག་སྤྲོས་བྲལ་ཆོས་སྐུ་བརྗོད་ལས་འདས༔ ཁ་དོག་མ་འགགས་རྩལ་སྣང་བདེ་བ་ཆེ༔ ག་དར་དྭངས་ཤེལ་ངོས་སུ་གཟུགས་འཕོས་ལྟར༔ ང་བདག་གཟུང་འཛིན་སྐྱོན་བྲལ་གཟའ་མཆོག་ཤར༔ ཅ་ཅོའི་སྙན་པའི་ཚིག་གིས་སྤྱན་འདྲེན་ན༔ ཆ་ལུགས་མཁའ་ལ་སྣང་བའི་འཇའ་ཚོན་བཞིན༔ ཇ་ཆང་སྐྱེམས་ཕུད་འདོད་རྫས་བཞེས་པའི་སླད༔ ཉ་ཟླའི་མདངས་འཛིན་དཔའ་བོ་ད་ཚུར་བྱོན༔ ཏ་ཐ་ག་ཏའི་བསྟན་སྲུང་གཙོ་བོ་ཁྱོད༔ ཐ་མལ་འབྱུང་པོ་མ་ཡིན་ཡེ་ཤེས་པ༔ ད་ལྟ་དྲེགས་ཚོགས་གཙུག་ན་མངོན་མཐོ་བའི༔ ནཱ་ག་སྲིན་པོ་ལས་བསྐྲུན་རཱ་ཧུ་ལ༔ པ་ཝ་སངས་སོགས་གཟའ་བརྒྱད་ལས་ལ་འགྱེད༔ ཕ་རོལ་དགྲ་བགེགས་བྱད་མའི་དོན་སྙིང་འབྱིན༔ བ་དན་དཀར་པོ་མཁའ་ལ་སྤུད་བཞིན་འགྲོ༔ མ་ལུས་བསྟན་དགྲའི་གཤེད་མར་མངའ་གསོལ་ལོ༔ ཙ་རི་ལ་སོགས་གནས་སྲུང་དཀོར་གྱི་བདག༔ ཚ་གྲང་དབལ་གྱིས་གཞན་སྣང་ཟིལ་གནོན་མཛད༔ ཛ་ཡའི་བསྟན་སྲུང་ཁྱབ་འཇུག་དུག་གི་བདག༔ ཝ་འདྲའི་ལོག་རྟོག་གཞོམ་པར་མངའ་གསོལ་ལོ༔ ཞྭ་བཞིན་གཙུག་ཏུ་མཆོག་གསུམ་སྲུང་མ་བརྟེན༔ ཟ་ཐང་ལོངས་སྤྱོད་འབྱོར་བས་བསྟན་པ་གསོ༔ འ་འོལ་ཙམ་མིན་ཡང་དག་ལྟ་ལ་དད༔ ཡ་མཚན་སྦྱིན་བདག་སྲུང་མར་མངའ་གསོལ་ལོ༔ རྭ་ཡི་མདའ་གཞུ་ཆུ་སྲིན་སྦྲུལ་ཞགས་འཛིན༔ ལ་ལ་ཙམ་མིན་སྐྱེ་འགྲོའི་སྲོག་དབུགས་བདག༔ ཤ་ཟ་སྲིན་རྒྱལ་པདྨའི་གཡར་དམ་ཅན༔ ས་མ་ཡཱ་སྲུང་མཆོག་ཁྱོད་མངའ་གསོལ་ལོ༔ ཧ་ལའི་སེམས་ལྡན་ཁ་དཀར་ཞེ་ནས་གནག༔ ཨ་ཏིའི་བསྟན་འཛིན་ཡོངས་ཀྱི་ཚེ་ཆོས་སྲིད༔ ཀ་ཆ་དཀོར་ནོར་འཕྲོག་བཅོམ་རློམ་པ་ཡི༔ དགྲ་འདྲེའི་དབང་པོ་སྣུབ་པར་མངའ་གསོལ་ལོ༔ བསྟན་དང་འགྲོ་ལ་བདེ་སྐྱིད་འབྱུང་བའི་གཞི༔ བྱང་ཆུབ་སེམས་ཀྱིས་བསྐྲུན་པའི་རྣམ་དཀར་གྱི༔ དགེ་བའི་དབང་ཕྱུག་ཚོགས་ཀྱི་ཞིང་མཆོག་སྡེ༔ མི་ཉམས་ཡར་ཟླའི་མཆེད་པོར་མངའ་གསོལ་ལོ༔ ནོར་འཛིན་ཁྱོན་ལ་བཀྲ་ཤིས་དཔལ་གྱིས་འབྱོར༔ བྱེས་ཀྱི་འགྲོ་ལ་ཕུན་ཚོགས་སྣང་བ་ཤར༔ བདག་དང་བུ་སློབ་ཡོན་བདག་ལྟོས་བཅས་ཀུན༔ སྡེ་བཞིའི་དཔལ་གྱིས་འཚོ་བར་མངའ་གསོལ་ལོ༔ ས་མ་ཡཱ༔ ཞེས་འདི་ཡང་གསང་སྙིང་གི་ཁྲག༔ ཕག་མོའི་བཀའ་སྲུང་དྲེགས་པའི་དབང༔ མ་རུང་བསྟན་དགྲ་བརླག་མཛད་པའི༔ ཁྱབ་འཇུག་དུག་བདག་རཱ་ཧུ་ལ༔ རྣོ་མྱུར་དྲག་རྩལ་ཐོག་ལས་རྔམ༔ སྙིང་གི་དམ་གཙང་ལས་བཅོལ་འགྲུབ༔ དཀོར་སྲུང་སྡེ་བརྒྱད་དུ་ཡོད་ཀྱང༔ དབང་པོའི་མིག་ལྟར་སྲུང་མ་འདི༔ ལག་ཏུ་བླངས་པ་ཙམ་གྱིས་ཀྱང༔ ཡིད་ཆེས་རྟགས་མཚན་མ་བྱུང་ན༔ ཡང་གསང་ཟབ་ཆོས་རྫུན་དུ་ཟད༔ འདི་ནི་སྲུང་མ་མཐར་ཐུག་ཏུ༔ ངེས་ཤེས་རྙེད་ལ་དང་དུ་ལོངས༔ དཔེར་ན་མཁའ་ཡི་ཙཎྜ་སྟེ༔ སྒྲ་གཅན་དུག་གིས་སྒྲིབ་པ་ན༔ ཆུ་སྣོད་སྟོང་གི་ཟླ་གཟུགས་ཡང༔ མ་བཟུང་པ་རུ་སྟོང་སྲོག་ཐོབ༔ དེ་བཞིན་སྲུང་མ་འདི་འགྲུབ་ན༔ དྲེགས་པ་ཡོངས་ཀྱི་སྟོང་སྲོག་འཐོབ༔ ས་མ་ཡཱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ གུ་ཧྱ༔


previousརཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ།next