Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་དམ་བསྒྲགས་ཕྲིན་ལས་གསོལ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་དམ་བསྒྲགས་ཕྲིན་ལས་གསོལ་བ།next

དྲང་སྲོང་དམ་བསྒྲགས་ཕྲིན་ལས་གསོལ་བ།

དྲང་སྲོང་ཁྱབ་འཇུག་ཆེན་པོ་ལ༔ དམ་བསྒྲགས་ཕྲིན་ལས་གསོལ་བ་ནི༔ ཧཱུྃ་ཛ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་སྔགས་འཆང་དམ་ཚིག་ལྡན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང༔ ཁྱོད་ནི་སྲུང་མ་ཐུགས་དམ་ཅན༔ ཁྱོད་ནི་དྲག་ཤུལ་མཐུ་སྟོབས་བདག༔ དགོངས་ཤིག་སྙན་གསོན་རཱ་ཧུ་ལ༔ སྔོན་ཚེ་བསྐལ་བའི་དང་པོ་ལ༔ སངས་རྒྱས་རིན་ཆེན་སྙིང་པོ་དང༔ རྣམ་འདྲེན་སྟོན་པ་ཟས་གཙང་སྲས༔ རྡོར་འཆང་དགའ་རབ་པད་འབྱུང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཐ་ཚིག་གཉན་པོ་མི་དྲན་ནམ༔ རིན་ཆེན་སྙིང་པོའི་སྤྱན་སྔ་རུ༔ བྲམ་ཟེའི་ཁྱེ་འུ་ཁྱབ་འཇུག་སྤྲིན༔ བསྟན་ལ་གནོད་པར་བཤམས་པའི་དགྲ༔ རྩད་ནས་གཅོད་པར་ཁས་བླངས་ཤིང༔ སྟོན་པའི་སྤྱན་སྔར་མ་འོངས་དུས༔ བླ་མར་གཤེ་ཞིང་སྔགས་ལ་ཕྲ༔ དབེན་གནས་བཅོམ་ཞིང་དཀོར་ལ་ཟླ༔ ཉམས་པའི་སྲོག་རྩ་གཅོད་ཁས་བླངས༔ རྡོ་རྗེ་འཆང་གི་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དམ་ལྡན་རྣལ་འབྱོར་འཚོ་སྐྱོང་ཞིང༔ ཞིང་བཅུའི་གཤེད་དབབ་སྒྲོལ་ལ་སོགས༔ དགའ་རབ་པད་འབྱུང་རྩ་རྒྱུད་ཀྱི༔ བླ་མའི་སྤྱན་སྔར་ཁས་བླངས་པའི༔ དམ་ཚིག་མནོས་པ་མི་དྲན་ནམ༔ ང་ནི་དམ་ལྡན་རིག་པ་འཛིན༔ ཁྱོད་ནི་དྲང་སྲོང་དམ་མ་ཉམས༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ དུས་ལས་མ་འདའ་ས་མ་ཡཱ༔ ཧཱུྃ་ཛ༔ཀྵཿ དམ་ཚིག་སྲུང་ཕྱིར་གནས་འདིར་བྱོན༔ དོ་ནུབ་ཆད་དང་ཐོ་ལ་བྱོན༔ དོ་ནུབ་མནའ་ཆད་ཁྲིམས་ལ་བྱོན༔ གྲོགས་པོར་བྱས་སོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་འཇུག༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ རྗེ་བོར་བྱས་སོ་དབང་མ་ཆེ༔ བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན༔ དམ་ཚིག་གཉན་ལ་མ་འདའ་བར༔ གཟའ་བདུད་ཁྱབ་འཇུག་རཱ་ཧུ་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ དམ་ཚིག་འདའ་བར་མ་ཆད་དམ༔ དེ་ཕྱིར་དམ་ལས་མ་གཡེལ་བར༔ ཁྱབ་འཇུག་འཁོར་བཅས་ད་ཚུར་བྱོན༔ རྣལ་འབྱོར་བདག་གིས་བགོ་བ་ཡི༔ བཅོལ་པའི་ལས་ནི་མ་བསྒྲུབས་ན༔ བདེ་གཤེགས་རྒྱལ་བའི་བཀའ་དང་འགལ༔ རྣལ་འབྱོར་སྒྲུབ་པོ་ཡིད་ཡང་ཆད༔ མནའ་ཆད་ཁྲིམས་དང་འགལ་བྱས་ན༔ དམ་ཚིག་གཉན་པོའི་ཆད་པ་འོངས༔ བཀའ་ཡི་དམོད་པ་སྡིག་པར་མཆིས༔ མ་འདའ་བཛྲ་ས་མ་ཡཱ༔ ཨི་ཏན་ཏི་ནི་ན་ར་ཀན༔ ཧཱུྃ་ཛ༔ ཀྱཻ༔ དྲང་སྲོང་ཁྱབ་འཇུག་འཁོར་བཅས་གསོན༔ བདག་ཉིད་ཡི་དམ་བཀའ་མཆིས་ཀྱིས༔ གྲོགས་ལ་གཞུང་མེད་མི་སྲིད་ཀྱི༔ ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱི༔ ཆད་དོན་མི་སྒྲུབ་མི་སྲིད་ཀྱི༔ རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས༔ བསྐང་རྫས་མཆོད་ཚོགས་གཏད་དཀྲུགས་སྐབས་མདོས་རྫས་མཆོད་ཚོགས་རྒྱ་ཆེན་འདིས༔ ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༔ རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབ༔ སངས་རྒྱས་བསྟན་པ་གཉེར་དུ་གཏད༔ ནུབ་མེད་ཕྱོགས་བཅུར་རྒྱས་པར་མཛོད༔ བསྟན་འཛིན་ཚོགས་རྣམས་གཉེར་དུ་གཏད༔ ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད༔ རྒྱུད་འཛིན་བུ་སློབ་གཉེར་དུ་གཏད༔ དམ་གཙང་མཐའ་རྒྱས་ཕྲིན་ལས་མཛོད༔ རྒྱལ་ཁམས་མི་ཕྱུགས་གཉེར་དུ་གཏད༔ རྫོགས་ལྡན་དཔལ་ལ་འགྲན་པར་མཛོད༔ ཆོས་འཁོར་སྡེ་ཚོགས་གཉེར་དུ་གཏད༔ བཤད་སྒྲུབ་ལས་ཀྱི་ཕྲིན་ལས་མཛོད༔ ཆོས་རྒྱལ་སྲིད་ནོར་གཉེར་དུ་གཏད༔ དགྲ་གདོན་གཡུལ་ངོ་ཕམ་པར་མཛོད༔ དབེན་གནས་སྒྲུབ་བརྩོན་གཉེར་དུ་གཏད༔ འདུ་འཛི་དབྱིངས་སྒྲོལ་དངོས་གྲུབ་སྩོལ༔ དད་ཅན་སྦྱིན་བདག་གཉེར་དུ་གཏད༔ མི་ཕྱུགས་རིགས་རྒྱུད་དར་བར་མཛོད༔ བདག་ཅག་མི་ནོར་གཉེར་དུ་གཏད༔ བཙན་ཕྱུག་འཕན་དར་འཛོམས་པར་མཛོད༔ མདོར་ན་ཡིད་ལ་གང་བཅོལ་བའི༔ དོན་དེ་ཡིད་བཞིན་དཔལ་ལ་སྤྱོད༔ བྱེས་སུ་འགྲོ་ན་བསུ་སྐྱེལ་དང༔ ཡུལ་དུ་འདུག་ན་རྫི་བོ་མཛོད༔ ཟས་ཀྱི་ངོ་ཞིག་ཁྱོད་ཀྱིས་མཛོད༔ ཆད་པའི་གཞུང་འདི་བདག་གིས་སྲོང༔ གྲོགས་ཀྱི་ཚིག་འདི་ཁྱོད་ཀྱིས་ཉོན༔ སྒྲུབ་པའི་གཞུང་འདི་ངས་ཀྱང་བསྲང༔ བཅོལ་ལོ་གཏད་དོ་ཐུགས་དམ་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ གཏད་དོ་གཉེར་རོ་མཐུ་མ་ཆུང༔ ཁྱོད་དང་བདག་གི་དམ་ཚིག་ནི༔ བསྐལ་བ་ཞིག་ཀྱང་མི་འབྲལ་ལོ༔ རྒྱང་ངེ་གཡེལ་ལེ་མ་མཛད་པར༔ བརྩེ་གདུང་གདུང་སེམས་ཆེ་བར་མཛོད༔ མཐུ་སྟོབས་རྫུ་འཕྲུལ་ཇི་ལྟ་བར༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ བཏང་སྙོམ་ལེ་ལོ་མ་མཛད་པར༔ བཀའ་དང་དམ་ལ་མ་འདའ་ཞིག༔ དུས་ལ་བབ་པོ་རཱ་ཧུ་ལ༔ གཟའ་བརྒྱད་གདོང་བཞི་རྒྱུ་སྐར་དང༔ ལྷ་སྲིན་སྡེ་བརྒྱད་མཐུ་རྩལ་ཅན༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབས༔ བདག་ཅག་ལ་སྡང་དགྲ་དང་བགེགས༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ དབེན་གནས་གཉན་པོའི་དཀོར་ལ་བརྐུས༔ ལྷ་སྲུང་གཉན་པོ་ཁྱད་དུ་བསད༔ བདག་ཅག་རྣམས་ལ་དོ་རུ་བསྡོས༔ དྲང་སྲོང་ཁྱོད་ནི་མི་གཉན་བྱས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ ཕ་ཁུ་སྤུན་ཟླ་ཁྱོ་ཤུག་དང༔ ཤ་དང་རུས་པས་འབྲེལ་ཡང་བསྒྲལ༔ སློབ་བུ་དམ་ལོག་ཡོན་གྱི་བདག༔ ངོ་ལོག་རྒྱབ་སྟོན་ཤག་རོགས་དང༔ སྙིང་གྱུ་ཆུང་མ་རྐུན་ཇག་ཤོམ༔ དམིགས་པའི་ཡུལ་དུ་གྱུར་པའི་དགྲ༔ སྒྲོལ་བའི་ལས་ལ་མ་གཡེལ་མཛོད༔ ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར༔ གཟའ་བདུད་ཆེན་པོ་མཐུ་རྩལ་ཅན༔ བསིལ་བའི་ཚལ་དང་དུར་ཁྲོད་བརྒྱད༔ ནམ་མཁའི་དབྱིངས་ནས་ཀི་ཡིས་ཐོབ༔ ལྷ་སྲིན་སྡེ་བརྒྱད་དམག་ཡར་བསྡུས༔ ཁྱབ་འཇུག་ཆེན་པོས་དམག་དཔོན་མཛོད༔ གཟའ་ཆེན་བརྒྱད་པོས་དམག་སྣ་དྲོངས༔ དགྲ་བགེགས་སྟེང་དུ་དམག་དཔུང་བསྐྱེད༔ འུར་འུར་ཆེམ་ཆེམ་དབྱིངས་ནས་བསྐྱོད༔ སྲོག་གཅོད་སྲིན་མོ་གདོང་བཞིས་མཛོད༔ བླ་རྐུན་ཇག་པ་ལས་ལ་ཁྱེ༔ དགྲ་བོའི་བླ་ཁུག་དོན་སྙིང་རོལ༔ ཕོ་རྒྱུད་མོ་རྒྱུད་དགུ་རྒྱུད་དག༔ རྩད་ནས་ཆོད་ཅིག་ས་མ་ཡཱ༔ གནད་ནས་བསྐུལ་ལོ་ཐུགས་དམ་ཅན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བཟླས་པ་བྱ་བ་ནི༔ དྲང་སྲོང་ཁྱབ་འཇུག་གཙོ་དང་འཁོར་དུ་བཅས་པའི་ཐུགས་ཀར་ཀྵ་དང་ཏྲི་ཡིག་སོགས་ཀྱི་མཐར་སྔགས་ཀྱིས་བསྐོར་བ༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་གང་ལ་དམིགས་པ་ཐོགས་མེད་དུ་འགྲུབ་པར་བསམ་ལ༔ ཨོཾ་ཀྵ་རཀྴ་རཱ་ཧུ་ལ་པྲ་མ་ཎི་ས་མ་ཡཱ་ཛཿཛ༔ ཞེས་འདི་རྩ་བའི་བསྙེན་པའོ༔ ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛ༔ དེ་ནི་སྒྲུབ་པའི་སྙིང་པོའོ༔ དེ་ནས་ལས་ལ་སྦྱོར་བ་ནི༔ ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ཀརྨ་བྷྱོ་ཛ༔ རྦད༔ ས་མ་ཡཱ༔ དྲེགས་པ་སྤྱིའི་སྲོག་སྔགས་གཅིག་ཆོག་རྒྱལ་པོ་འདི་ལ་ཡི་དམ་ལྟ་བའི་གདེངས་དང་ལྡན་པས་ཐུན་བཟུང་ལ་ཁྲི་བརྒྱད་བཟླས་ན་ཁྱབ་འཇུག་དངོས་སུ་འོང་བ་ཐ་ཚིག་གོ༔ ས་མ་ཡཱ༔ རྗེས་ལ་ལས་སྦྱོར་སྤྱི་ལྟར་བྱ༔ ཡོངས་རྫོགས་བསྟོད་པའི་ལས་ཁྲིགས་ནི༔ ཧཱུྃ་ཛ༔ དུར་ཁྲོད་རབ་འཇིགས་རྦ་ཀློང་འཁྲིགས༔ སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ དྲང་སྲོང་ཆེ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔ དབུ་དགུ་བྱ་རོག་གཙུག་ཏོར་མཛེས༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ ཞལ་གདངས་སྡང་མིག་འཁྲུགས་ལ་བསྟོད༔ ཞེ་སྡང་ལས་གྱུར་དགྲ་བགེགས་སྒྲོལ༔ ཡཀྴ་ཛྭ་ལར་ཕྱག་འཚལ་བསྟོད༔ འདོད་ཆགས་ཀླུ་གདོན་འདུལ་བའི་གཤེད༔ རྡོ་རྗེ་གློག་འགྱུར་ཕྱག་འཚལ་བསྟོད༔ མ་མོ་རོལ་པའི་དུར་ཁྲོད་བདག༔ ལྗང་སྔོན་དྲག་པོར་ཕྱག་འཚལ་བསྟོད༔ དགྲ་ལྷ་ཡོངས་ཀྱི་དཔའ་བོ་ཆེ༔ དྲང་སྲོང་དཀར་སེར་ཕྱག་འཚལ་བསྟོད༔ དམུ་བདུད་ཚོགས་ཀྱི་དབུས་ན་རོལ༔ བདུད་པོ་ར་ཙར་ཕྱག་འཚལ་བསྟོད༔ སྲིན་མོའི་ཚོགས་ཀྱི་མངའ་བདག་མོ༔ བྷི་ཏྲི་བྷ་ཏྲར་ཕྱག་འཚལ་བསྟོད༔ དམུ་འགྲམ་ཚོགས་པའི་མཐུ་བོ་ཆེ༔ དམུ་བདུད་ནག་པོར་ཕྱག་འཚལ་བསྟོད༔ གཤིན་རྗེ་ཡོངས་ཀྱི་དམག་གི་བདག༔ དུ་བ་མཇུག་རིང་ཕྱག་འཚལ་བསྟོད༔ ཀླུ་བཙན་བསྡོང་བའི་དྲག་ཤུལ་ཅན༔ ཁྱབ་འཇུག་ཆེན་པོར་ཕྱག་འཚལ་བསྟོད༔ སྡེ་བརྒྱད་དབུས་ན་མངོན་མཐོ་བའི༔ སྒྲ་གཅན་འཛིན་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞིའི་དགྲ་གདོན་འདུལ་བའི་དབང༔ ཟོར་གདོང་ཁྱིམ་བྱ་ཟེར་མོའི་མགོ་དྲེད་གདོང་གླང་གི་གདོང༔ ཆུ་སྲིན་གདོང་སོགས་བཞི་ལ་བསྟོད༔ བཀའ་དང་བསྟན་ལ་འཁུ་བ་སྒྲོལ༔ ཕྱོགས་བཞི་མཚམས་བརྒྱད་ལས་མཁན་རྗེ༔ སྤྲུལ་པའི་གཟའ་ཆེན་བརྒྱད་ལ་བསྟོད༔ ནམ་མཁའ་ཡངས་པའི་ད་ལ་ནས༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསྟོད༔ འཇིག་རྟེན་ཁམས་ཀྱི་ལེགས་ཉེས་མཁན༔ ལྷ་སྲིན་སྡེ་བརྒྱད་ཚོགས་ལ་བསྟོད༔ རབ་འབྱམས་མུ་མཐའ་མེད་པ་ནས༔ རེ་ཏི་རྡོར་ལེགས་ཤན་དམར་ནག༔ ཚེ་འཛིན་ཕོ་ཉ་འཛུལ་མེད་སོགས༔ ཡང་སྤྲུལ་དྲེགས་པ་ཀུན་ལ་བསྟོད༔ མ་འདའ་བཛྲ་ས་མ་ཡཱ༔ ཞེས་བརྗོད་གཏོར་སྐྱེམས་གཙང་སར་གཤེགས༔ རྟེན་ལ་བསྟིམ་མམ་གཤེགས་གསོལ་བྱ༔ དེ་ནས་འཁོར་འདས་མཉམ་པར་བརྡལ༔ སྒོམ་མེད་ཡེངས་མེད་ལྷུག་པར་འཇོག༔ དྲེགས་པ་རང་གི་སེམས་རྩལ་ཤེས༔ སྟོང་སྲོག་བླ་རྡོ་དེ་ཀ་རང༔ མི་འགྱུར་གཟེར་གྱིས་གདམ་པར་མཛོད༔ ས་མ་ཡཱ༔ འདི་ནི་ཤིན་ཏུ་གཉན་པ་དང༔ དྲེགས་ཚོགས་ཡོངས་ཀྱི་དེད་དཔོན་ཡིན༔ ཁྱབ་བརྡལ་མ་ཡིན་གསང་བར་བྱོས༔ ཐུན་མོང་མ་ཡིན་ཆིག་རྒྱུད་མཛོད༔ འདི་མིན་དྲེགས་པ་བརྟེན་མི་དགོས༔ ཀུན་གྱི་མཐར་ཐུག་འདི་ཁོ་ན༔ རྩ་གསུམ་བདག་ཉིད་འདི་བསྒྲུབ་འཚལ༔ ཁོག་པའི་སྙིང་དང་མིག་ལྟར་བསྟེན༔ ཁྱབ་བརྡལ་སྤྱད་ན་སྲོག་ལ་འོང༔ སྲོག་གཅོད་ཟབ་དགུའི་ཨ་ཐམ་རྒྱ༔ སྔོན་དུ་པདྨས་མཚོ་རྒྱལ་དང༔ ཨ་ཙར་སྣང་བའི་འོད་ལ་གདམས༔ ད་ལྟ་མ་སྤེལ་བརྡ་རུ་ཐོབ༔ ཕག་མོ་ཟབ་ཐིག་གཉེར་དུ་གཏོད༔ པདྨ་བཀོད་ཀྱི་ཅིག་ཤོས་གནས༔ དམུ་རྡོའི་ཉེ་གནས་མཁའ་སྤྱོད་ཞིང༔ ཏཱ་རེ་བྲག་ལ་གཏེར་དུ་སྦོས༔ མ་འོངས་མཁའ་འགྲོའི་ཡང་སྤྲུལ་དང༔ ཨ་ཙར་གསལ་སྣང་ཐུགས་ཀྱི་སྤྲུལ༔ སྦས་པའི་རྣལ་འབྱོར་བྱང་སེམས་ལྡན༔ མཁས་སམ་བླུན་ནམ་འབྱེད་དཀའ་ཞིང༔ མདོ་སྔགས་ལྟ་བའི་ཁུར་ལ་དབང༔ བསམ་གཏན་ཡེ་ཤེས་དཱི་པ་དང༔ འཕྲད་པའི་སྨོན་ལམ་གཏད་རྒྱས་ཐོབ༔ དེ་ནས་ད་ལྟའི་དབང་གྲལ་དུ༔ སྨིན་པའི་སྐལ་ལྡན་རྩ་བ་ལྔ༔ ཡན་ལག་བརྒྱད་གསུམ་དག་ལ་གཏོད༔ ལན་ཅིག་འགྲོ་ལ་ཕན་པ་འབྱུང༔ བྱིན་རླབས་མྱུར་བ་མེ་ཡི་དབལ༔ གང་ལ་དམིགས་པའི་སྙིང་ལ་གཟན༔ གསང་རྒྱ་བཀའ་རྒྱ་མ་འཕྱུག་ན༔ འགྲོ་དོན་འབྱུང་བ་སོམ་ཉི་ཅི༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔


previousདྲང་སྲོང་དམ་བསྒྲགས་ཕྲིན་ལས་གསོལ་བ།next