Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསེར་སྐྱེམས་བདུད་རྩིའི་ཟེགས་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསེར་སྐྱེམས་བདུད་རྩིའི་ཟེགས་མ།next

གསེར་སྐྱེམས་བདུད་རྩིའི་ཟེགས་མ།

༄༅། ཟབ་ཆོས་བཀའ་འདུས་ཆ་ལག་ཏུ། །གཏོར་མའི་གསེར་སྐྱེམས་བདུད་རྩིའི་ཟེགས་མ་བཞུགས། །གསང་བདག་རྣལ་འབྱོར་ཧེ་རུ་ཀས། །དྲག་པོའི་ལས་ལ་སྦྱོར་བའི་སྐབས། །གཏོར་སྐྱེམས་ཟག་མེད་བདུད་རྩིར་བསྒྱུར། །ལྟ་སྒོམ་སྤྱོད་པའི་བརྟུལ་ཞུགས་བསྐྱེད། །འཆམ་སྟབས་དབྱངས་དང་བཅས་ཏེ་གྱེར།། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ། དགོངས་པ་བརྡ་དང་སྙན་བརྒྱུད་བླ་མ་དང་། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེའི་ལྷ། །གནས་ཡུལ་ཞིང་སྐྱོང་མ་སྲིང་མཁའ་འགྲོའི་ཚོགས། །གཏོར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ཧེ་རུ་ཀཿ གསང་སྔགས་རིག་སྔགས་གྲུབ་པ་རྡོ་རྗེ་འཛིན། །ཡེ་ཤེས་ལྔ་སྤྲུལ་ཕྲིན་ལས་ཁྱུང་གི་སྡེ། །གཏོར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ལྷ་ལས་ལྷག་པའི་གསང་སྔགས་བཀའ་སྲུང་གཙོ། །དྲང་སྲོང་འོད་འཕྲོ་གཟའ་བརྒྱད་གདོང་མོ་བཞི། །སྡེ་བརྒྱད་རྒྱུ་སྐར་ལྷ་བཙན་ནོར་བདག་རྣམས། །གཏོར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་གིས་བསྙེན་ཅིང་སྒྲུབ་པའི་ལྷ། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་། །བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་དང་། །འགོ་ཞིང་སྐྱོབ་པའི་ལྷ་སྲུང་ཐམས་ཅད་ཀྱིས། །གཏོར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔོན་ཚེ་བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །ཁས་བླང་དམ་བཅའ་བོར་བའི་ལྷ་སྲིན་དང་། །སྡེ་བརྒྱད་དཀར་ཕྱོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་དབང་ཐམས་ཅད་ཀྱིས། །གཏོར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །བསྙེན་ཅིང་སྒྲུབ་པའི་རྩ་གསུམ་སྲུང་མ་གསོན། །ཞིང་བཅུ་ཚང་བའི་བྱད་མ་ལྷ་སྲུང་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་མཛད་ཚེ། །བསྟན་དང་འགྲོ་བའི་བདེ་སྐྱིད་ནུབ་ལ་ཉེ། །ཐུགས་བསྐྱེད་དམ་བཅའ་མ་གཡེལ་ས་མ་ཡཱ། །སྔགས་འཆང་ཡིད་ལ་དམིགས་པའི་བྱད་མ་དགྲ། །སྐད་ཅིག་ཡུད་ཙམ་འགུགས་བསྒྲལ་སྤར་བར་གྱིས། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད།། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་སྤྲང་བཙུན་པདྨའི་མིང་པས་སྤེལ་བ་དགེ་ལེགས་འཕེལ༔ ཤུ་བྷཾ༔


previousགསེར་སྐྱེམས་བདུད་རྩིའི་ཟེགས་མ།next