Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ།
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ།next

དྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ དྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ་བི་ཛ་ཧ་རམ༔

རྡོ་རྗེ་ཕག་གདོང་ནག་མོ་དང༔ གསང་བའི་བདག་པོ་ཐོད་ཕྲེང་རྩལ༔ སྐྱབས་གནས་མཆོག་གྱུར་ལ་བཏུད་ནས༔ སྒྲོལ་བའི་ལས་མཐའ་བྲི་བར་བྱ༔ བདག་འདྲ་ཨོ་རྒྱན་པད་འབྱུང་ངས༔ ཕྱི་ནང་བླ་མ་སྟོང་རྩ་བསྟེན༔ མཆོག་གི་བླ་མ་བརྒྱ་རྩ་བརྒྱད༔ དེ་ཡི་ནང་ནས་གྲུབ་བརྙེས་པ༔ སློབ་དཔོན་ཤནྟིཾ་གརྦྷ་ལ༔ འཇིག་རྟེན་མཆོད་བསྟོད་གདམས་ངག་ཞུས༔ ཁྱད་པར་གསང་བདག་དངོས་སྤྲུལ་པར༔ དྲང་སྲོང་ཆེན་པོའི་ཟབ་ཆོས་ཞུས༔ ཁོག་པའི་ནང་གི་ཁྲག་ལྟ་བུ༔ འཕགས་ཡུལ་བསྟན་པ་སྐྱོང་བའི་ཚེ༔ ཕྱི་པ་མུ་སྟེགས་སྡེ་ཚོགས་ཀུན༔ དྲང་སྲོང་ཆེན་པོའི་སྒྲོལ་ལས་ཀྱིས༔ ཆམ་ལ་ཕབ་ཅིང་སངས་རྒྱས་ཀྱི༔ བསྟན་པ་བླ་ན་མཐོ་བར་མཛད༔ དེ་ནས་བོད་ཡུལ་གངས་ཅན་འདིར༔ གསང་སྔགས་བསྟན་པ་ཉི་ལྟར་སྦར༔ དེ་དུས་བསྟན་པའི་བྱ་ར་བ༔ ཁྱབ་འཇུག་རྡོ་རྗེ་ཐོག་རྒོད་རྩལ༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ ང་ཡི་བསྟན་པ་ཉམ་དམའ་ཞིང༔ སྡིག་སྤྱོད་སྐྱེ་བོ་མགོ་འཕང་མཐོ༔ ཆོས་བྱེད་སྡུག་ལ་གཏོད་པ་འབྱུང༔ བསྟན་དགྲ་དམ་ཉམས་ལུང་པ་འགེང༔ དེ་ཡི་དབང་གིས་ལྷ་སྲིན་འཁྲུགས༔ དཀར་ཕྱོགས་ཕམ་ཞིང་ནག་ཕྱོགས་དར༔ འཇིག་རྟེན་སྐྱེ་བོའི་བདེ་སྐྱིད་བཅོམ༔ འབྱུང་བའི་བཅུད་ཉམས་ཚེ་བསོད་འགྲིབ༔ དེ་དུས་ལྷ་མཆོག་དྲང་སྲོང་འདི༔ རིག་པའི་སྐྱེས་བུས་ཉམས་སུ་ལོངས༔ ལས་བཞི་ལྷུན་གྱིས་གྲུབ་པ་འབྱུང༔ ཨ་ཙར་ཁྱོད་ཀྱིས་ཡི་གེར་ཐོབ༔ ད་ལྟ་མ་སྤེལ་ཏཱ་རེ་ཡི༔ གནས་ལ་འཕྱུག་མེད་རྒྱས་ཐོབ་ལ༔ མ་འོངས་འགྲོ་དོན་དུས་བབ་ཚེ༔ སྤྲུལ་པའི་སྲས་དང་འཕྲད་པར་ཤོག༔ བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ༔ གཏད་ནས་རྟེན་འབྲེལ་མ་འཕྱུག་ན༔ དོན་གཉིས་དཔལ་ལ་སྤྱོད་པ་འོང༔ ས་མ་ཡཱ༔ དེ་ནས་གང་དུ་བསྒྲུབ་པའི་གནས༔ དྲག་ཤུལ་འཇིགས་སུ་རུང་བ་དང༔ སྡེ་བརྒྱད་རྒྱུ་ལམ་དྲང་སྲོང་གི༔ དུས་གཉན་རྣམས་སུ་མགོ་བརྩམས་ཏེ༔ ཐོད་པ་འམ་ནི་ལྕགས་སྣོད་དུ༔ དཔལ་གཏོར་ཐོག་མདེལ་ལྟ་བུ་ལ༔ མིག་མང་གློག་ཞགས་བྱ་དམར་ལིང༔ མེ་རི་རླུང་རི་མཚེ་ཡུངས་རྩང༔ བ་སུ་ཏ་ཡི་ཞགས་པས་དཀྲིས༔ རང་འདྲའི་འཁོར་ཚོགས་ལྷ་གྲངས་བསྐོར༔ མཎྜལ་དུག་ཁྲག་གིས་གདབ་པའི༔ མདའ་གང་མེ་རི་རྡོ་ར་རྩང༔ དེ་དབུས་ཆོས་འབྱུང་དབུས་སུ་ཧོམ༔ དགྲ་བོའི་ལིང་ག་སྤྱི་ལྟར་ལ༔ ཆས་གཞུགས་ལ་སོགས་གནད་ལྡན་བྱ༔ སྔགས་པས་སྔགས་ཆས་སྒྲོལ་བའི་ཆས༔ མ་ཚང་མེད་པ་འདུ་བྱས་ལ༔ གསང་བདག་དཔའ་བོའི་ཏིང་འཛིན་གྱིས༔ བསྟན་ལ་འཁུ་རྣམས་སྒྲོལ་འདོད་བློས༔ ཧཱུྃ་བྷྱོ་ཛ༔ རྩ་རྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཀུན་གྱི་སྤྱི་དཔལ་དྲང་སྲོང་ཁྱབ་འཇུག་ཆེ༔ བཀའ་སྡོད་གདོང་མོ་གཟའ་བརྒྱད་རྒྱུ་སྐར་ཚོགས༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་དམག་དཔུང་དགོངས༔ དུས་གསུམ་རྒྱལ་བའི་བསྟན་པའི་གཞུག་གཉེར་དང༔ རླབས་ཆེན་བྱང་ཆུབ་སེམས་ལ་བློ་སྦྱངས་ནས༔ བསྟན་འགྲོར་སྨན་པའི་ཕན་བདེ་སྤེལ་བ་ལ༔ དམིགས་པའི་དགྲ་དང་དམ་སྲིའི་གླགས་བལྟས་པས༔ བསྙེན་སྒྲུབ་མཆོད་པའི་སྲུང་མ་མ་གཡེལ་བར༔ ཁྲོ་འཁྲུགས་རྔམ་པའི་ཡུས་ཀྱིས་སྐུ་བསྐྱོད་ལ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ བདག་ནི་མ་ཉེས་བསྟན་ལ་གུས་མཆོད་བྱས༔ བླ་མའི་བཀའ་བསྒྲུབ་སྒོ་གསུམ་དོན་ཡོད་པར༔ ལྷ་བསྒོམ་སྔགས་བཟླས་བྱང་ཆུབ་སེམས་གཉིས་བསྒོམ༔ བསམ་སྤྱོད་གང་གིས་ཉེས་པར་མ་བྱས་ཀྱང༔ ཉམས་པའི་རཱུ་ཏྲས་ཡང་ཡང་འཚེ་བྱེད་པས༔ འདི་ལ་མངོན་སྤྱོད་ཕྲིན་ལས་མ་མཛད་ན༔ དབྱིངས་ནས་ཐུགས་རྗེ་ཆེ་ཡང་དོན་གོ་ཆུང༔ ལེགས་ཉེས་སྟངས་འཛིན་སྲུང་མ་རྫུན་དུ་ཟད༔ མི་འདའ་རྡོ་རྗེའི་དམ་ཚིག་ཉམས་ཏ་རེ༔ མཐུ་སྟོབས་ནུས་པའི་སྟོབས་མངའ་བཤད་ཚོད་ཙམ༔ དམ་ཉམས་དགྲས་བརྙས་རྣལ་འབྱོར་ཡིད་ཀྱང་ཆད༔ དེ་ཕྱིར་ཐབས་ཀྱིས་དྲག་པོའི་སྐུར་བཞེངས་ལ༔ ད་ལྟ་སྐད་ཅིག་ཡུད་ཙམ་འདི་ཉིད་ལ༔ བསྟན་དགྲའི་མགོ་འཁོར་ལྐུག་རེང་ཧུར་ཐུམ་སོད༔ ཉིད་ཀྱིས་གཟུ་དང་དཔང་པོ་དྲང་ཤན་གྱིས༔ དམ་རྫས་བདུད་རྩི་གསེར་སྐྱེམས་གཡུ་སྐྱེམས་དང༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མངོན་སྤྱོད་དམོད་པའི་ལས་ལ་ཐོགས་མེད་མཛོད༔ ཕུད་གཏོར་མཆོད་ཅིང་སླར་ཡང་དམར་གཏོར་ལ༔ འགུག་གཞུག་བྱས་ཤིང་སྲུང་མ་སྤྱི་དང་ནི༔ ཕོ་ཉ་དགོས་བསྐུལ་གྲུབ་རྗེས་ཨེ་ཁཾ་བསྐྱེད༔ ཨེ་མཎྜ་ལ་བྷྲུཾ༔ ཞེས་བརྗོད་པས་སྲུང་མའི་མདུན་དུ་གྲུ་གསུམ་གྱི་ཁང་སྒྲོམ་ཕྱི་ནག་ལ་ནང་རྩུབ་པ་ལོགས་གཟར་ལ་གཏིང་ཟབ་པ༔ ཕྱོགས་མཚམས་ཐམས་ཅད་དུ་གཅན་གཟན་ཁྲོ་བོས་ངར་སྐད་སྒྲོག་ཅིང་སྡེ་བརྒྱད་ཐོག་ལྟར་རྒྱུ་བ༔ དུག་གསུམ་འདུས་པའི་མེ་ཆུ་རླུང་གསུམ་འཁྲུགས་ཤིང་དུག་ལྔ་འདུས་པའི་སྡུག་བསྔལ་ཆར་བཞིན་འབེབས་པ༔ ཁ་ཁྱེར་དོག་ཅིང་གནམ་སྒོ་བུག་པའི་སྐར་ཁུང་ཅན་དེའི་ནང་དུ༔ ད་ལྟ་དམིགས་པའི་ཐད་དུ་ལང་བའི་དགྲ་བོ་གཟུགས་བྱད་ཚང་བ་ཉམ་ཐག་པ༔ ཉོན་མོངས་པ་ཁ་ནས་སྨྲེ་སྔགས་ཙེར་ཙེར་འདོན་ཅིང་ཡན་ལག་སྒྲོགས་སུ་བཅུག་པ༔ ལྕགས་ཀྱུས་སྙིང་ལ་གཟེར་ཞིང༔ ཞགས་པས་སྐེ་ནས་བཅིངས་ཤིང༔ ལས་མཁན་དྲེགས་པའི་དམག་ཚོགས་ལག་ན་མཚོན་ཆ་ཐོག་པ་མང་པོ་རྒྱུག་ཅིང་གར་རྩེ་བ༔ རྒྱོབ་སོད་གཏུབ་གསུམ་གྱི་ངར་སྒྲ་མི་སྙན་པར་སྒྲོགས་ཤིང༔ ཤིན་ཏུ་སྐྱི་གཡའ་ཞིང་འཇིགས་སུ་རུང་བ་བལྟར་མི་བཟོད་པའི་ཁྲི་མུན་དུ་བསྒོམ་ལ་འགུག་གཞུག་སྤྱི་ལྟར་བྱ༔ དེ་ནས་ཉེས་པ་བསྒྲགས་པ་ནི༔ ཀྱཻ༔ སྔོན་གྱི་ལས་ངན་རྒྱུས་བསྐྱེད་པའི༔ དགྲ་བགེགས་གནོད་བྱེད་བྱད་མ་ཁྱོད༔ འགུགས་བསྒྲལ་སྤར་བའི་དུས་ལ་བབ༔ ཁྱོད་ཀྱིས་མ་ཉེས་བྱ་བ་མེད༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ མི་དགེ་བཅུ་པོ་དང་དུ་བླངས༔ རྣམ་དཀར་ལས་འབྲས་ཁྱད་དུ་བསད༔ སེམས་ཅན་བདེ་བཅོམ་བླ་མར་གཤེ༔ རྣལ་འབྱོར་བདག་གི་དགྲ་རུ་ལངས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་ཏེ༔ དེ་སྔོན་འགྲོ་ལ་འཚེ་བྱེད་པའི༔ རྒྱུ་འབྲས་བསླུ་མེད་ཁྱོད་ལ་སྨིན༔ སྡུག་བསྔལ་མྱོང་བའི་དུས་ལ་བབ༔ གཞན་གནོད་སྦྱོར་ཤོམ་གཅིག་བྱས་ན༔ རྣམ་སྨིན་བཞི་ཡི་འབྲས་བུ་ལྡན༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཞིང༔ ཁྱོད་ཀྱི་གཟུགས་ཕུང་བརླགས་ནས་ཀྱང༔ བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར༔ རྣམ་ཤེས་དག་པའི་མཁའ་རུ་སྤར༔ ཁྱོད་ནི་སྐལ་བ་བཟང་པོར་བྱས༔ ད་རུང་ལས་ངན་བསག་དྲག་ན༔ བསྐལ་བའི་མཐར་ཡང་ཐར་དུས་མེད༔ དེ་བས་རྒྱལ་བའི་སྲས་སུ་བསྐྲུན༔ ཐུགས་རྗེའི་ཐབས་ཀྱིས་སྒྲོལ་བར་བྱ༔ དེ་ནས་ཕོ་ཉ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་གཉེན་པོ་སྟོབས་ཀྱི་ལྷ་གསང་བདག་ཕྱག་ན་རྡོ་རྗེར་གསལ་བའི་མདུན་བསྐྱེད་ཁྱབ་འཇུག་རྡོ་རྗེ་ཐོག་རྒོད་དུག་གི་སྤུ་གྲིའི་ཐུགས་ཀར་ཀྵཿདམར་ནག་ལས༔ ཛཿཧཱུྃ་བཾ་ཧོ་འབྲུ་བཞི་དྲག་ལ་རྩུབ་པའི་རྣམ་པར་འཕྲོས་པས་རྒྱལ་བ་མཆོད་ཅིང་འགྲོ་བའི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལསཿ ཚད་མེད་པ་བཞིའི་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རང་རང་སོ་སོའི་ཕྱོགས་མདོག་ཅན་སྐུ་ཆེ་ལ་ཡན་ལག་རགས་པ་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོས་པས་སྟོང་གསུམ་ཁྱབ་པའི་སྡང་དགྲ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་འགུག་འཆིང་སྡོམ་མྱོས་བྱས་ཏེ་མཚོན་ཆ་སྣ་ཚོགས་ཀྱིས་བཅད་གཏུབ་བརྡུང་བརྡེག་རྣམ་སྨིན་ཉམས་སུ་མྱོང་བའི་ལས་སྣ་ཚོགས་སྡུག་བསྔལ་གྱི་སྡུག་བསྔལ་དེ་ལས་མནར་དུ་མེད་པའི་ལས་མཛད་དེ་མདུན་གྱི་གཟུགས་ལ་ཐིམ་པར་བསྒོམ་མོ༔ འབོད་རྦད་བསད་གསུམ་གྱི་སྔགས་དང་སྦྲགས་ཏེ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གནྚེ་ཧོ༔ བཛྲ་ཨ་བེ་ཤ་ཡ་ཨ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་ཐམས་ཅད་བྱ་རོག་རྡོས་བདས་པ་བཞིན་དུ་ཐོངས་ཤིག་མཱ་ར་ཡ་ཕཊ༔ ཨུ་ཙ་ཏ་ཡ་ཕཊ༔ བྱ་འུག་གི་སྒྲོ་དང་ཐལ་མོ་རྒྱབ་སྤྲད་དེ་དབྱེ༔ དེ་ནས་ཐུན་བརྡེག་པ་ནི༔ ཧཱུྃ་ཛ༔ ཡུངས་དཀར་གཟའ་བརྒྱད་རྒྱུ་སྐར་སྤྲིན༔ དཀར་ནག་རྡོ་ཐུན་གདོང་མོ་བཞི༔ ཟངས་ལྕགས་ཕྱེ་མ་སྡེ་བརྒྱད་དམག༔ ཞིང་བཅུའི་དམ་ཉམས་དགྲ་བགེགས་ཀྱི༔ སྲོག་གི་རྩ་ལ་མཱ་ར་ཡ༔ སྐྱིན་འདིང་སེར་བ་འདྲིལ་བཞིན་དུ༔ ཤ་ཁྲག་རུས་གསུམ་ཕྱེ་མར་རློགས༔ འབོད་རྦད་བསད་པའི་སྔགས་ཀྱིས་བརྡེག༔ དེ་ནས་སླར་ཡང་རྦད་ཅིང་བསྐུལ༔ དོན་དམ་ཆོས་ཉིད་ཕུར་བ་ཡི༔ རྩལ་ལས་བྱང་ཆུབ་སེམས་ཕུར་འབྱུང༔ དེ་ཡི་ཀུན་སྣང་མཚན་མ་ཡི༔ ཕུར་པ་བྱུག་བདུག་བྲབ་གསུམ་བྱ༔ ཧཱུྃ་ཧཱུྃ༔ རང་ཉིད་གསང་བའི་བདག་པོ་ཡི༔ བཀའ་ཉན་དྲང་སྲོང་ཁྱབ་འཇུག་གི༔ མཁའ་ལས་ཀྵ༔ཡིག་དུད་ཁ་སྤྲོས༔ སྤྲོ་བསྡུ་དོན་གཉིས་བྱས་པའི་སྲས༔ སྐུ་སྟོད་སྲིན་པོ་ཁྲོས་པའི་གདོང༔ བྱ་རོག་གཙུག་ཏོར་སྟོང་སྒྲ་སྒྲོག༔ སྐེད་པ་རྒྱ་མདུད་མཁའ་སྤྱོད་སྤྲུལ་པའི་ཞིང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཁྲོམ་ལྟར་འཚོགས༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡི་རི་རི༔ བྱད་མའི་བླ་ཡིད་རྣམ་ཤེས་འཁྱམས་པར་བྱེད༔ སྐུ་སྨད་གནམ་ལྕགས་ཕུར་བུ་ཟུར་གསུམ་པ༔ ཟ་གསོད་ཁྲ་ཐབས་བདུད་སྲིན་ཉི་ཁྲི་འགྱེད༔ བྱད་མའི་ཤ་ཁྲག་ཧབ་ཐོབ་ཧུབས་སེ་ཧུབ༔ བར་མཚམས་དུག་སྦྲུལ་ཆུན་པོ་ཉི་ལི་ལི༔ སྣ་ཚོགས་ནད་ཀྱི་ཆར་བ་དགྲ་ལ་འབེབས༔ ཐབས་མཆོག་སྒྲོལ་བའི་སྲས་མཆོག་ཀཱི་ལ་ཡ༔ ལན་གསུམ་གཡས་སུ་བསྐོར་ཞིང་བཏབ་པ་ཡིས༔ བྱད་མའི་ཚེ་དཔལ་ངོ་བོ་ནྲྀ་ཡིག་གི༔ རྣམ་པར་བདག་ལ་བསྡུས་པས་བཀྲག་མདངས་རྒྱས༔ ལན་གསུམ་གཡོན་ཏུ་བསྐོར་ཞིང་བཏབ་ཙ་ན༔ བྱད་མའི་རྣམ་ཤེས་དྭངས་མ་ཨ་དཀར་གྱི༔ རྣམ་པ་ཕུར་རྩེས་བླངས་ཏེ་ཁོང་སེང་བརྒྱུད༔ ཀླད་ལ་ལན་གསུམ་བསྐོར་ཞིང་འདྲིལ་བ་ཡིས༔ གསང་བདག་རྡོར་འཆང་མཁའ་རུ་རྒྱས་གདབ་ཕཊ༔ དྲག་སྔགས་མེ་དཔུང་དང་སྦྲགས་ཚེ་ཁྲུས་ཀྱི་དགོངས་གནད་ཟབ་མོས་འཚེངས་བ་རྣམ་གསུམ་འགྲུབ༔ སྒྲོལ་བའི་ལས་ལ་མཚོན་ཆས་གནད་ལ་དབབ༔ ཛ༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་དམག་དཔུང་གིས༔ སྤུ་གྲི་མེ་འབར་རླུང་ལྟར་འཚུབ་བྱེད་པས༔ བྱད་མའི་སྐེ་ནས་བཟུང་ཞིང་དུམ་བུར་གཏུབ༔ དྲང་སྲོང་ཁྱབ་འཇུག་ཚོགས་རྣམས་ཁྲོ་འཁྲུགས་ཀྱི༔ ངར་ལྡན་དགྲ་བོའི་ལྔ་ཕུང་རྡུལ་ཕྲན་གཞིག༔ ལྷག་མ་རྗེས་ཤུལ་ཐལ་བ་རླུང་ལ་སྐུར༔ འབོད་རྦད་བསད་པའི་སྔགས་དང་ཕུར་བ་ཡིས༔ དྲག་སྔགས་སྤུ་གྲི་རེག་གཅོད་འབར་བས་གཏུབ༔ ལྡང་མེད་ལྟ་བའི་གདེངས་ཀྱིས་དཔའ་ཟིལ་ཆོམ༔ དེ་ནས་གཏུན་དུ་བརྡུང་བ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ བརྡུངས་ཤིག་རྡོ་རྗེ་འབར་བས་བརྡུངས༔ བདག་མེད་ཡུམ་གྱི་མཁའ་རུ་བྲུབ༔ གཟུང་འཛིན་འཆིང་བའི་བྱད་མ་དགྲ༔ གཟུགས་ཕུང་དུག་ལྔ་ཕྱེ་མར་འཐག༔ རོ་གཅིག་རྟོགས་པའི་ཀློང་དུ་བསྟིམ༔ ཡེ་ཤེས་ལྔ་རུ་རྒྱས་གདབ་བོ༔ པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ནན་ནན༔ དྲང་སྲོང་ཁྲོས་པའི་ཞལ་ཧོམ་དུ༔ དགྲ་བགེགས་བྱད་མ་སྟོབ་པར་བྱ༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ མི་མངོན་ནམ་མཁའི་དབྱིངས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང༔ ཁྱད་པར་དུ་སྡེ་བརྒྱད་ཀྱི་དམག་དཔོན་ཁྱབ་འཇུག་དུག་གི་སྤུ་གྲི་མེ་འབར་འོད་འཕྲོ༔ སྤྲུལ་པའི་གཟའ་བརྒྱད་གདོང་མོ་སྡེ་བཞི༔ རྒྱུ་སྐར་ཉེར་བརྒྱད༔ ལྷ་སྲིན་སྡེ་བརྒྱད༔ སྤྲུལ་པ་ཡང་སྤྲུལ་རྣམས་ཀྱིས་དམ་ཉམས་བྱད་མ་འདིའི་ཤ་ལ་རོལ་ཅིག༔ ཁྲག་ལ་འཐུང་ཞིག༔ རུས་པ་འཆོས་ཤིག༔ སྲོག་གི་རྩ་བ་ཆོད་ཅིག༔ ལོ་དང་ཟླ་བར་མ་འགྱང༔ ཞག་དང་ཟ་མར་མ་འཇོག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས༔ ཚེ་ཕྱི་མ་ལ་དུས་མ་འདེབས༔ སྐྱེ་འཆི་ལ་ཁག་མ་འཇོག༔ ལས་དབང་ལ་སྙད་མ་འདོག༔ ཚེ་བསོད་དབང་ཐང་དང་དུས་ཀྱི་དབང་དུ་མ་བཏང་བར་དུས་ད་ལྟ་ཉིད་དུ་སྡེ་བརྒྱད་དྲེགས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབས་ཤིག༔ བཞེས་ཤིག༔ རོལ་ཅིག༔ ལྷག་མ་མ་ལུས་པ་ཞལ་དུ་སྟོབས་ཤིག༔ ཅེས་འབོད་རྦད་བསད་པའི་སྔགས་སྡེ་བརྒྱད་སྲོག་གཟེར་དམར་པོའི་སྔགས་སོགས་དགོས་གལ་དང་བསྟུན་ཏེ་བརྗོད༔ དར་ནག་གཡབ༔ ཐལ་མོ་དང་དུལ་མོ་རྡེབ༔ ཕ་རོལ་དཔུང་འཇོམས་རོལ་མོ་དང་རྩ་གནད་བསྟུན་ན༔ ལྷ་ཆེན་ཚངས་པ་ཡིན་ཡང་འཇོམས༔ ཕལ་བའི་དགྲ་འདྲེ་སྨོས་ཅི་དགོས༔ རྗེས་ལ་མི་དམིགས་སྟོང་པར་བལྟ༔ ཐུན་གཏོར་འབུལ་ཞིང་ཕྱི་ནང་གི༔ སྒོ་དབྱེ་གསེར་སྐྱེམས་དཀར་གཏོར་གཏོང༔ ཧཱུྃ་ཧཱུྃ༔ གསང་བདག་དཔའ་བོའི་བཀའ་ཉན་པ༔ ཁྱབ་འཇུག་སྨུག་ནག་འོད་འཕྲོ་ཡི༔ ཕོ་བྲང་ཕྱི་ཡི་སྒོ་སྲུང་བ༔ རྒྱལ་པོ་ཆེན་པོ་མཆེད་སྡེ་བཞི༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ ཁྱེད་རྣམས་རྗེ་ཁོལ་དཔུང་ཚོགས་ཀྱིས༔ གཏོར་མ་གསེར་སྐྱེམས་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ སྒོ་བས་སྒོ་ཕྱེ་ཤ་ར་ར༔ འཕྲང་བས་འཕྲང་བསལ་སི་ལི་ལི༔ དོ་ནུབ་ཟོར་གྱི་དཔུང་སྐྱེད་ཅིག༔ མཚམས་བཞི་རང་རང་ཕྱོགས་སྐྱོང་བ༔ མེ་ལྷ་སྲིན་པོ་རླུང་ལྷ་དང༔ དབང་ལྡན་ལ་སོགས་དྲེགས་པའི་དམག༔ ཡུལ་རི་གཞི་བདག་གཉན་པོ་དང༔ དབེན་རི་སྲུང་མ་འཁོར་བཅས་རྣམས༔ མཆོད་སྦྱིན་གསེར་སྐྱེམས་གཏོར་མ་བཞེས༔ ཟོར་ལམ་ཕྱེས་ལ་ཟོར་སྣ་དྲོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ཕོ་བྲང་ནང་གི་སྒོ་སྲུང་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཤར་ལྷོ་ནུབ་བྱང་སྒོ་ཕྱེ་ལ༔ ཞི་རྒྱས་དབང་དྲག་ལས་མཛོད་ཅིག༔ ཕྱོགས་བཞི་ལྷ་སྲིན་སྡེ་བརྒྱད་ཀྱི༔ དྲེགས་པའི་དམག་གཡོས་དཔུངས་སེ་དཔུང༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཟོར་འདི་མ་ཡོ་མ་བཟུར་ཅིག༔ དེ་ནས་ཟོར་སོགས་འཕེན་པ་ནི༔ སོ་སོར་འཕེན་ན་སྤྱི་ལྟར་ལེགས༔ གཅིག་ཆོག་རྒྱལ་པོ་འདི་བཞིན་གྱིས༔ ཟོར་ལམ་བསྒྲིགས་ཤིང་སྨན་རཀ་བྲན༔ རྣལ་འབྱོར་བརྟུལ་ཞུགས་སྔགས་ལ་ཕྱོགས༔ གསེར་སྐྱེམས་ཐོགས་ལ་རྔམ་སྒྲ་ཡི༔ དབྱངས་དང་རོལ་མོ་འདི་བཞིན་གྱེར༔ ཧཱུྃ་བྷྱོ་ཛ༔ ཀྵ༔ འོག་མིན་དབྱིངས་ན་བཞུགས་པ་དོན་གྱི་སྐུ༔ ངེས་པ་ལྔ་ལྡན་རིགས་ལྔ་ལོངས་སྤྱོད་རྫོགས༔ འགགས་མེད་ཐབས་མཁས་གང་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་སྟོན་པ་བླ་མ་གཟུ་དང་དཔང༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ རྒྱུད་བཞི་ཐེག་རིམ་ཀུན་འདུས་ཡི་དམ་ལྷ༔ གནས་ཡུལ་ཞིང་བཞུགས་མ་སྲིང་མཁའ་འགྲོའི་ཚོགས༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་གཟུ་དང་དཔང༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་མ་ནིང་རྒྱུད༔ རྒྱུད་གསུམ་དྲེགས་པ་མ་མགོན་སྡེ་བརྒྱད་དང༔ ཁྱད་པར་དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ གཟའ་བརྒྱད་གདོང་མོ་རྒྱུ་སྐར་གཟུ་དང་དཔང༔ སློབ་དཔོན་ཕ་མེས་རྒྱུད་དང་ཞང་པོ་ཡི༔ སྲུང་མ་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ༔ ལེའུའི་ལྷ་དང་མི་ནས་འགྲོགས་པའི་ལྷ༔ དཀར་ཕྱོགས་གཞི་བདག་དང་བཅས་གཟུ་དང་དཔང༔ ངས་ནི་མ་ཉེས་དམ་ཉམས་དགྲ་ཡིས་ཉེས༔ དཀོན་མཆོག་སྐྱབས་སུ་བསྟེན་ནས་བསྙེན་བསྒྲུབ་བརྩམ༔ ཚོགས་བསགས་སྒྲིབ་སྦྱངས་འགྲོ་ལ་དགེ་བསྐུལ་བྱས༔ བྱང་ཆུབ་སེམས་མཆོག་སྒོམ་པར་དམ་བཅས་ཀྱང༔ བྱད་མ་དགྲ་བགེགས་འདི་ཡིས་མ་སྟེར་རོ༔ རྣལ་འབྱོར་བདག་གིས་དམན་པའི་ས་བཟུང་ཞིང༔ ཧྲུལ་པོའི་གོས་གྱོན་བདེན་པའི་གླེང་བསླངས་ཀྱང༔ འཁོར་སློབ་མངའ་རིས་འབངས་དང་ཆུང་མར་བརྙས༔ འགྲོ་ལམ་རྩང་བཙུགས་ཟ་ལམ་དུག་སྦྱོར་གཡོས༔ བཙན་བཙུགས་གླེང་འདེབས་མི་བཟད་ནོར་རྫས་འཕྲོག༔ ཉེས་མེད་ཁྲིམས་འཇུག་མཐོང་ཐོས་ཞེ་ལ་བརྣག༔ དཀོར་ལ་འཇབས་ཤིང་ངོ་ལ་གཤེ་ཞིང་སྡང༔ མཐུ་གཏད་མདོ་སྒྲུབ་རླུང་འཁོར་བསྲེག་མནན་བྱེད༔ མ་ཉེས་ཤག་འདེབས་རྔོན་རྒྱ་ཆོས་ཁྲིམས་བཤིགས༔ སངས་རྒྱས་བསྟན་པའི་ག་དར་སྨག་གིས་སློང༔ དཔལ་ལྡན་བླ་མའི་སྐུ་ཡི་རྒྱལ་མཚན་བསྒྱེལ༔ རྣལ་འབྱོར་བདག་གི་ཁ་རྗེ་སད་ལ་བསྐུར༔ རྒྱལ་ཁམས་བདེ་སྐྱིད་ཉི་མ་སྤྲིན་གྱིས་བསྒྲིབ༔ དམ་པའི་ཆོས་ལ་བདེན་མེད་ལོག་ཆུས་འཁྱུད༔ འཕགས་ཚོགས་དགེ་འདུན་སྐྱབས་ཀྱི་ཁྲི་རྐང་བཅག༔ ཕ་མ་རྒན་རབས་བཀུར་བའི་ངོ་སོ་མེད༔ གཙུག་ལག་ཆོས་གྲྭ་བརྟེན་པའི་རྨིང་རྡོ་ཆད༔ ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་དམངས་སུ་ཕབ༔ མ་རབས་སྡིག་སྤྱོད་སྐྱེ་བོའི་རྩེ་འཛིན་ངོམ༔ ཁམས་གསུམ་རྒྱལ་ཁམས་ཕོངས་པའི་ཕུང་སྲི་འདི༔ བསྒྲལ་བའི་ཞིང་བཅུ་དངོས་དང་མཚུངས་པས་ན༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་མ་འདའ་རྔམ་པའི་སྐུར་བཞེངས་ནས༔ དེ་རིང་འཕང་བ་ཟོར་གྱི་དཔུང་བསྐྱེད་ལ༔ བྱད་མའི་དུས་མཐའ་བསྟུང་བའི་ལས་མཛོད་ཅིག༔ དེ་ནས་སྔགས་པས་འཆམ་སྟབས་དང་བསྟུན་ཏེ༔ ཟོར་ཆེན་བཀྱགས་བཅུག་ལ༔ ཧཱུྃ་བྷྱོ་ཛ༔ ཀྵ༔ སྡེ་བརྒྱད་དམག་དཔོན་རཱ་ཧུ་ལ༔ ཁྱབ་འཇུག་དུག་མདའ་དམར་པོ་ཆེ༔ དབུ་དགུ་ལྷ་སྲིན་སྡེ་བརྒྱད་འཁྲུགས༔ ཕྱག་བཞིའི་རལ་གྲི་ཆུ་སྲིན་དང༔ མདའ་གཞུས་དགྲ་བགེགས་སྙིང་ལ་བརྡེག༔ བྱ་རོག་མགོ་ཡིས་ལྷ་དམག་འདྲེན༔ ལྟོ་ཞལ་གདངས་བས་གཉན་དམག་བསྐུལ༔ སྦྲུལ་གྱི་མཇུག་མས་ཀླུ་དམག་བཀྱེ༔ མེ་འབར་མིག་མང་འོད་གློག་འཁྱུག༔ གཟའ་བརྒྱད་གདོང་མོ་ཕོ་ཉར་འགྱེད༔ ཁྲོ་འཁྲུགས་རྔམ་པའི་ང་རོ་ཡིས༔ རྒྱུ་སྐར་སྡོང་ཟླ་མདའ་ལྟར་འཕེན༔ དྲག་པོ་དཔལ་གྱི་གཏོར་ཟོར་འདི༔ འཕེན་པ་ལས་མཁན་གིང་གིས་འཕེན༔ འཕེན་ནི་ཁྱབ་འཇུག་ཆེན་པོས་འཕེན༔ འཕེན་པ་སུ་ལ་ཕོག་པར་མཆིས༔ ཡིད་ལ་དམིགས་པའི་སྟེང་དུ་རྒྱོབ༔ སྒྲུབ་པའི་དཔལ་གཏོར་ཟུར་གསུམ་པ༔ ཆེ་ཆུང་སྟོང་གསུམ་ཁྱོན་དུ་བརྡལ༔ ནད་མཚོན་དུག་གི་རླངས་པ་འཕྱུར༔ དྲག་པོའི་ཐུན་རྫས་ཐོ་རོ་རོ༔ མེ་རླུང་འཚུབ་མ་འུ་རུ་རུ༔ ཐོག་སེར་གློག་འོད་ཁྱུགས་སེ་ཁྱུག༔ མཚོན་གྱི་ཆར་པ་སི་ལི་ལི༔ དུག་གི་རླངས་པ་ཐུ་ལུ་ལུ༔ ནད་ཀྱི་ནད་ཞག་འཁྱིལ་ལེ་བ༔ ཁྲག་ཆུ་ཁོལ་བ་ཤ་ར་ར༔ མཚེ་ཡུངས་རྩང་མདའ་ཟེངས་སེ་ཟེང་༔ དུག་ལྔ་འདུས་པའི་གཏོར་ཟོར་འདི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཡིད་ལ་དམིགས་པའི་སྟེང་དུ་རྒྱོབ༔ གནམ་ནས་ཐོག་མདའ་ལྷུང་ལྟར་རྒྱོབ༔ ས་ནས་སྒྱོགས་མདའ་འཕང་ལྟར་རྒྱོབ༔ མཁའ་ནས་སྡེ་བརྒྱད་སྐུ་བསྐྱོད་ལ༔ གདོང་ཐུག་སྤྲོད་ལ་རྡུལ་དུ་རློགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི༔ སྒྲོལ་བྱེད་དྲག་པོའི་གཏོར་ཟོར་འདི༔ ཉམས་པའི་དགྲ་བོའི་སྙིང་ལ་རྒྱོབ༔ འབོད་རྦད་བསད་པའི་སྔགས་ཀྱིས་འཕེན༔ ཞེས་དྲག་པོ་གཏོར་མའི་ཟོར་མདའ་འདི༔ གཏད་ཡུལ་ཕྱོགས་སུ་སྟོངས་པར་འགྱུར༔ སྡེ་བརྒྱད་འདུས་པའི་ཟོར་ཡིན་པས༔ བསྟན་ལ་སྡང་བ་མ་གཏོགས་པ༔ རང་འདོད་ཡིད་བྱེད་ཙམ་ལ་ནི༔ བསྐུལ་ན་རང་གི་སྲོག་ལ་འོང༔ དེ་ཕྱིར་སེམས་བསྐྱེད་ལྡན་པས་སྒྲུབ༔ ས་མ་ཡཱ༔ ཡེ་ཤེས་ཁྱུང་གིས་ཕྱི་ལམ་བཅད༔ བསྲུང་བའི་གོ་ཆ་བགོ་བར་བྱའོ༔ ལས་རྗེས་མི་མངོན་མཐའ་བསྡུ་བྱ༔ མནྟྲ་གུ་ཧྱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ དེ་ནས་རྗེས་ཀྱི་ལས་རིམ་ནི༔ ཚེ་བསྐུལ་དངོས་གྲུབ་ལེན་པ་དང༔ གཤེགས་གསོལ་དགེ་བསྔོ་ཤིས་པ་བརྗོད༔ དང་པོ་ཚེ་བསྐུལ་དངོས་གྲུབ་ནི༔ ཧཱུྃ་ཛ༔ མི་མངོན་དབྱིངས་ཀྱི་ད་ལ་ནས༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ནི༔ འཆི་མེད་ཚངས་པའི་ཚེ་ཡི་བདག༔ འཁོར་འདས་སྣང་སྲིད་ཚེ་བཅུད་སྡུད༔ འཆི་མེད་སྟོབས་བཅུའི་དབང་ཕྱུག་ཆེ༔ བདག་དང་བསྲུང་བྱའི་བླ་དང་ཚེ༔ ལྷ་སྲིན་སྡེ་བརྒྱད་ཀྱིས་བསྡུས་ནས༔ མི་དགེའི་དབང་གིས་ཟད་ཅིང་འཐོར༔ བན་བོན་བྱད་མས་བྲུབ་དང་གཞོམ༔ རྫས་སྔགས་ནུས་པས་ཉམས་པ་རྣམས༔ རྩ་གསུམ་སྲུང་མ་ཁྱབ་འཇུག་གི༔ མཐུ་སྟོབས་ནུས་པས་འདིར་ཁུག་ལ༔ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ༔ ཡུམ་ཆེན་སྡེ་ལྔའི་ཀློང་དུ་བསྟིམ༔ ཚེ་བསོད་བཀྲག་མདངས་ཡར་ཟླ་བཞིན༔ འཕེལ་ཞིང་རྒྱས་པའི་ཚེ་དཔལ་སྩོལ༔ ཨོཾ་ཀྵ་རཀྴ་རཱ་ཧུ་ལ་པྲ་མ་ན་ས་པཱ་རི་ཝཱ་ར་མ་མ་ཨ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲི་ཛ་སརྦ་སིདྡྷི་ཧཱུྃ༔ མདའ་དར་གཡབ་ཅིང་ཚེ་རྫས་བྱིན༔ དངོས་གྲུབ་བསྐུལ་བའི་ཚིག་འདི་བརྗོད༔ ཧཱུྃ་ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པ་དང༔ གསང་བདག་བཛྲ་པཱ་ཎི་ཡི༔ བཀའ་ཡི་བྱ་ར་ཐ་ཚིག་བདག༔ དྲང་སྲོང་ཆེན་པོ་འཁོར་བཅས་ཀྱིས༔ རྣལ་འབྱོར་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ནད་གདོན་ཞི་བའི་དངོས་གྲུབ་སྩོལ༔ ཚེ་བསོད་རྒྱས་པའི་དངོས་གྲུབ་སྩོལ༔ སྣང་བ་དབང་འདུས་དངོས་གྲུབ་སྩོལ༔ ལོག་འདྲེན་གཞོམ་པའི་དངོས་གྲུབ་སྩོལ༔ རབ་འབྱམས་ཕྲིན་ལས་དངོས་གྲུབ་སྩོལ༔ རྩ་སྔགས་གཤམ་དུ༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཧྲཱིཿ དེ་ནས་རྟེན་ལ་བརྟན་བཞུགས་དང༔ མེད་ན་དབྱིངས་ལ་གཤེགས་གསོལ་ནི༔ ཧཱུྃ༔ རང་རིག་སེམས་ཀྱི་རང་རྩལ་ལས༔ རྩ་གསུམ་སྲུང་མའི་གཟུགས་བསྐྱེད་པ༔ སྐྱེ་མེད་སྟོང་པའི་དབྱིངས་སུ་གཤེགས༔ ཁྱབ་བརྡལ་ལྷུན་གྱིས་གྲུབ་པ་ཡི༔ གཞོན་ནུ་བུམ་སྐུའི་སྦུབས་སུ་གཤེགས༔ སླར་ཡང་སེམས་ཅན་དོན་ལ་ནི༔ ཆད་མཐའ་ལས་བསལ་འབྱོན་འཚལ་ལོ༔ དེ་ནས་དགེ་རྩ་འགྲོ་ལ་བསྔོ༔ ན་མོ་བདག་གིས་རྩ་གསུམ་སྲུང་མ་ལ༔ བསྙེན་སྒྲུབ་ལས་སྦྱོར་བགྱིས་དང་བགྱིད་རྩལ་བའི༔ ཟག་བཅས་ཟག་མེད་དགེ་རྩ་འདི་ཡི་མཐུས༔ ཕྲིན་ལས་རབ་འབྱམས་མ་ལུས་མྱུར་འགྲུབ་ཅིང༔ འགྲོ་དོན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ནས༔ ཀ་དག་འགྱུར་བ་མེད་པའི་ས་ཐོབ་ཤོག༔ ཤིས་པ་བརྗོད་པས་མཐའ་ལ་བརྒྱན༔ ཨེ་མ་ཧོ༔ བསླུ་མེད་སྐྱབས་གནས་དཀོན་མཆོག་རྩ་གསུམ་ལྷ༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ དམ་ཅན་ཆོས་སྲུང་ཁྱབ་འཇུག་རཱ་ཧུ་ལས༔ མཐུ་རྩལ་རྨད་བྱུང་སྟོན་པའི་བཀྲ་ཤིས་ཤོག༔ དགེ་བསྙེན་གཉུག་གནས་དགྲ་ལྷ་གནས་གཞི་བདག༔ ཕན་གྲོགས་ལེགས་ཉེས་འཚོ་བའི་བཀྲ་ཤིས་ཤོག༔ གཏེར་གནས་མི་འགྱུར་ཏཱ་རེའི་དགའ་ཚལ་ནས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཀྲ་ཤིས་ཤོག༔ སྔོན་སྦྱང་ལས་འཕྲོ་ཟབ་མོའི་གཏེར་ལ་དབང༔ ཆོས་བདག་ལས་ཅན་སྐྱེས་བུའི་བཀྲ་ཤིས་ཤོག༔ ཡུལ་ཕྱོགས་ཀུན་ཏུ་བདེ་སྐྱིད་དཔལ་གྱིས་འཚོ༔ ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་དྲེགས་པ་ཅན་གྱི་སྒྲུབ་སྐོར་འདི༔ མ་འོངས་བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ པདྨས་བཀོད་དོ་ལྷག་ཆད་འགལ་འཁྲུལ་མེད༔ ཉམས་སུ་ལོངས་ཤིག་མ་འོངས་སྐལ་ལྡན་རྣམས༔ འདི་ནས་རིང་འདས་རྩོད་ལྡན་དུས་ཀྱི་མཐར༔ ཏཱ་རེའི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་ཀྱང༔ ཨ་ཙར་སྤྲུལ་པའི་སྲས་དང་འཕྲད་པར་ཤོག༔ ཉམས་སུ་ལོངས་ལ་ཆོས་ཀྱི་བདག་པོས་སྤེལ༔ བསྟན་དང་འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད༔ གསང་སྔགས་བསྟན་པ་བསྲུང་བའི་བཙས་སུ་ཤོག༔ ས་མ་ཡཱ༔ མནྟྲ་གུ་ཧྱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔


previousདྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ།next