Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས།
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས།next

དྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ དྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས་བཞུགས༔

རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་རྣལ་འབྱོར་ལ༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ གཞན་གྱིས་དམོད་པའི་བྱད་ཕུར་ལྟས༔ སྡེ་བརྒྱད་སྤྱི་ཡི་ནད་རིམས་དང༔ དལ་ཡམས་དུས་འཁྲུགས་འགོ་བའི་ནད༔ མི་འདོད་ཐན་ལྟས་གང་བྱུང་བ༔ སེལ་ཕྱིར་བཟློག་པའི་རིམ་པ་སྟོན༔ ས་མ་ཡཱ༔ དུར་ཁྲོད་འཇིགས་སུ་རུང་བའི་སར༔ དྲང་སྲོང་སྒྲུབ་པའི་རྣལ་འབྱོར་པས༔ དུར་ཁྲོད་ས་ལ་དཀྱིལ་འཁོར་ནི༔ མ་ཊཾ་ལྟོ་བར་ཐིག་གདབ་རྗེས༔ དབུས་སུ་ཆོས་འབྱུང་ཀྵ་ཡིག་མཚན༔ དེ་ཕྱིར་རྩིབས་བརྒྱད་དེ་ཡི་ཕྱིར༔ རྩིབས་བཞི་རྩིབས་མཆན་རྣམས་སུ་ནི༔ ཀྵ་བརྒྱད་གདོང་བཞི་རྒྱུ་སྐར་གྱི༔ མིང་ཡིག་དང་པོ་ས་བོན་འབྲི༔ ཡང་ན་ཚོམ་བུ་འགོད་ཀྱང་རུང༔ ཁྱམས་སུ་དུར་ཁྲོད་མེ་རྡོ་ར༔ དེ་སྟེང་མཉྫུའི་ཁྲིའུའི་ཁར༔ ཁྱབ་འཇུག་གཏོར་མ་ཐོག་དབལ་དབྱིབས༔ ལྷ་གྲངས་འཚམས་པའི་གཏོར་མས་བསྐོར༔ སྲིན་པོའི་ཞལ་གྱིས་མཚན་པ་ལ༔ མེ་རི་ལིངྒ་བྱ་དམར་དང༔ རྩང་དང་རྒྱུ་མའི་ཞགས་པས་དཀྲིས༔ རུ་མཚོན་རྒྱན་ལྡན་དེ་ཡི་རྩེར༔ ལྟས་ངན་བཟློག་པའི་ཁྱུང་གཟུགས་བཀོད༔ མཐའ་བསྐོར་སྨན་རཀ་དྲག་མཆོད་བཤམས༔ བསྙེན་སྒྲུབ་ལས་སྦྱོར་གནད་དུ་སྨིན༔ དགྲ་བགེགས་འགུགས་བསྟིམ་བསྒྲལ་བའི་རྗེས༔ དར་ནག་གཡབ་ཅིང་ཚིལ་གསུར་བདུག༔ རྔམ་པའི་དབྱངས་ཀྱིས་འདི་སྐད་དོ༔ བྷྱོ་ཛ༔ ཀྵ༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་དྲག་པོའི་ཚལ༔ ཐོད་མཁར་གྲུ་གསུམ་དགྲ་བགེགས་རོ་ཡི་སྟེང༔ གསང་བདག་རྡོ་རྗེ་འཛིན་པའི་བཀའ་ཉན་པ༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་འོད་འཕྲོ་བ༔ རྔམ་པའི་སྐུ་ལ་མེ་རི་མེ་དཔུང་འབར༔ དྲག་ཤུལ་དཔུང་གི་ང་རོས་ལྷ་སྲིན་འདུལ༔ སྙིང་རྗེ་ཞེ་སྡང་ཁྲོ་ཉམས་བྱམས་བརྩེའི་ཐུགས༔ རང་བཞིན་ཞི་བའི་དབྱིངས་སུ་བསྟོད་ཅིང་བསྐུལ༔ ཚོགས་བརྒྱད་རང་གར་ཡན་པའི་དགྲ་གདོན་བགེགས༔ སྣ་ཚོགས་ཐབས་ཀྱིས་འདུལ་ཕྱིར་གཟའ་ཆེན་བརྒྱད༔ འཇིག་རྟེན་རང་རྒྱུད་དྲེགས་པའི་སྐུར་སྟོན་མཛད༔ སྡེ་དཔོན་ཆེན་པོ་བརྒྱད་ལ་བསྟོད་ཅིང་བསྐུལ༔ ཉོན་མོངས་ཉེས་པའི་རྟོག་པ་འཇོམས་ལ་དཔའ༔ ལེགས་ཉེས་སྟངས་འཛིན་བསྟན་དགྲའི་སྲོག་ལ་རྔམ༔ དམ་ལྡན་བུ་བཞིན་སྐྱོང་བའི་དྲང་སྲོང་ཆེ༔ བསྟན་སྲུང་དམ་ཅན་རྒྱ་མཚོར་བསྟོད་ཅིང་བསྐུལ༔ ཁྱེད་རྣམས་ལས་ལ་བསྐུལ་འོས་བྲན་མིན་ཀྱང༔ སྙིགས་མའི་སེམས་ཅན་ཉོན་མོངས་ལས་ཀྱིས་མནར༔ ལྷ་ཀླུ་སྡེ་བརྒྱད་འཁྲུགས་པའི་དལ་ཡམས་འབེབས༔ ཕན་ཚན་སྡང་སེམས་སྔགས་བོན་བྱད་ཕུར་གཟན༔ ནག་ཕྱོགས་དམ་མེད་གསར་བྱུང་གདུག་འདྲེས་འཚེ༔ རང་གི་སྲུང་མ་བདུད་བབས་ཐན་ལྟས་མང༔ བསླུ་མེད་རྒྱུ་འབྲས་འཆོལ་འདྲའི་དུས་ངན་འདིར༔ བཟློག་བསྒྱུར་དྲག་པོའི་ལས་ལ་མ་དགོངས་ན༔ ད་ལྟ་རྩ་གསུམ་ལྷ་ཚོགས་རྗེ་བཞིན་བསྟེན༔ མཁའ་འགྲོ་ཆོས་སྐྱོང་མཛའ་བའི་གྲོགས་སུ་རེ༔ དྲང་སྲོང་ཆེན་པོ་དཀོར་སྲུང་གཉེར་དུ་གཏད༔ རྒྱལ་བསྟན་བཤད་སྒྲུབ་ཆོས་ལ་རྟག་པར་བརྩོན༔ དམ་ལྡན་རྣལ་འབྱོར་བདག་འདྲའི་གང་ཟག་གིས༔ མགོན་སྐྱབས་གཞན་ནས་བཙལ་བའི་སྐབས་མེད་པས༔ དེ་ཕྱིར་མི་མཐུན་བཟློག་པའི་མཐུ་དཔུང་བསྐྱེད༔ བར་ཆད་བདུད་སྡེ་འཇོམས་པའི་དཔའ་རྩལ་ཕྱུང༔ དྲག་པོའི་ལས་ཀྱིས་བཟློག་ཅིང་བསྒྱུར་བར་མཛོད༔ བྷྱོ་ཛ༔ ཀྵ༔ ཆོས་དབྱིངས་སྤྲོས་པ་བྲལ་བའི་ངང་ཉིད་ལས༔ སྙིགས་མའི་བསྟན་དགྲ་སྒྲོལ་བའི་མཐུ་བོ་ཆེ༔ སྙིང་རྗེའི་རང་གཟུགས་ཞེ་སྡང་རྣམ་རོལ་ལས༔ དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོ་བ༔ སྐུ་མདོག་དུད་ཁ་རྔམ་ཞིང་འཇིགས་པར་བསྟན༔ འཕོ་འགྱུར་མེད་པ་ཆོས་དབྱིངས་ལྷུན་གྲུབ་རྟགས༔ སྣང་བའི་འཁྲུལ་འདྲེ་བདག་མེད་ཀློང་དུ་བཟློག༔ དབུ་དགུའི་འཇིགས་རྔམ་སྲིན་པོའི་གད་རྒྱངས་ཅན༔ རིམ་དགུའི་ཐེག་པའི་བསྟན་དགྲ་སྒྲོལ་བའི་རྟགས༔ སྟོང་ཉིད་རྟོག་འཛིན་མཚན་མ་དབྱིངས་སུ་བཟློག༔ དམར་ཟླུམ་སྤྱན་སྟོང་ཁྲག་མཚོ་ཁོལ་བ་ནི༔ ཆོས་ཀུན་མ་འདྲེས་སོ་སོར་མཁྱེན་པའི་རྟགས༔ སོ་སོར་ཞེན་པའི་རྟོག་ཚོགས་དགྲ་ལ་བཟློག༔ བྱ་རོག་གཙུག་ཏོར་སྟོང་སྒྲ་སྒྲོག་པ་ནི༔ ཆོས་ཀུན་ཐེག་པ་གཅིག་ཏུ་རྫོགས་པའི་རྟགས༔ རྩོལ་བྲལ་དགོངས་པའི་བར་ཆད་དགྲ་ལ་བཟློག༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་སྦྲུལ་ཞགས་བསྣམས༔ རྟག་ཆད་མུ་བཞི་མཐར་འཛིན་དབྱིངས་གྲོལ་རྟགས༔ གཞི་རྩ་མ་རིག་སྡང་བའི་དགྲ་ལ་བཟློག༔ ལྟོ་ཞལ་འཇིགས་རུང་མཁའ་ལ་གདངས་པ་ནི༔ གསང་ཆེན་བསྟན་དགྲ་ལྟོ་བར་རྔུབ་པའི་རྟགས༔ ཤ་ཟ་ཁྲག་འཐུང་ལྟས་ངན་དགྲ་ལ་བཟློག༔ མི་ལྤགས་གཡང་གཞི་ལྡིང་ཐབས་གྱོན་པ་ནི༔ བསྟན་ལ་འཁུ་བའི་ཉམས་པ་སྒྲོལ་བའི་རྟགས༔ འདོད་ཆགས་སྲེད་པའི་འཁྲུལ་སྣང་དགྲ་ལ་བཟློག༔ སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ༔ གཏི་མུག་འཐུམ་པའི་ལས་སྣང་གྲོལ་བའི་བརྡ༔ ས་བདག་ཀླུ་གཉན་གནོད་གདུག་དགྲ་ལ་བཟློག༔ ཆུ་སྲིན་རབ་འབར་ཁྲི་ལ་རོལ་བ་ནི༔ གཏུམ་རྔམ་རབ་འཇིགས་སྡེ་བརྒྱད་འདུལ་བའི་རྟགས༔ མ་རིག་ངར་འཛིན་འཇིགས་ཚོགས་དགྲ་ལ་བཟློག༔ སྤྲིན་ནག་རྦ་ཀློང་ཐོག་སེར་འཕྲོ་བ་ནི༔ དྲེགས་པ་སྡེ་བརྒྱད་དབུས་ན་མཐོ་བའི་རྟགས༔ བན་བོན་སྡེ་བརྒྱད་བྱད་སྣ་དགྲ་ལ་བཟློག༔ དམར་ནག་འཚུབས་མའི་དབུས་ན་རབ་བརྗིད་དཔའ༔ སྲིད་གསུམ་ལྷ་མིའི་མངའ་བདག་ཆེ་བའི་རྟགས༔ ཁམས་གསུམ་འཁྲུལ་སྣང་གཡོ་འཁྲུགས་དགྲ་ལ་བཟློག༔ སྐུ་ནི་རབ་འཇིགས་འོད་ཟེར་ཁམས་གསུམ་ཁྱབ༔ གསུང་གི་ང་རོ་ཧ་ཧིའི་གད་རྒྱངས་སྒྲོགས༔ ཐུགས་ནི་མི་གཡོ་རབ་ཞི་བྱང་སེམས་ལྡན༔ སྐུ་གསུམ་དྲེགས་པའི་བཀའ་ཆད་དགྲ་ལ་བཟློག༔ དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོ་བའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་པའི་སྟོབས༔ མཐུ་ནུས་སྟོབས་ཀྱིས་མི་བཟློག་གང་ཡང་མེད༔ མཐུ་ནུས་སྟོབས་ཀྱིས་བྱད་མ་རྦོད་གཏོང་བཟློག༔ ལྷ་ཡིས་དམོད་པའི་བྱད་མ་རྦད་གཏོང་བཟློག༔ ཀླུ་ཡིས་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ བཙན་གྱིས་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ བདུད་ཀྱིས་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ མ་མོས་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ ཐེའུ་རང་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ རྒྱལ་འགོང་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ གཟའ་ཡིས་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ དྲི་ཟ་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ གཤིན་རྗེ་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ ཀླུ་དབང་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ གནོད་སྦྱིན་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ མེ་ལྷ་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ སྲིན་པོ་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ རླུང་ལྷ་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ དབང་ལྡན་ལས་བྱུང་བྱད་མ་རྦོད་གཏོང་བཟློག༔ བན་བོན་དམོད་པའི་བྱད་མ་རྦོད་གཏོང་བཟློག༔ འདབ་ཆགས་ལས་བྱུང་ཐན་ལྟས་ཆོ་འཕྲུལ་བཟློག༔ སྡེར་ཆགས་ཅན་གཟན་ཐན་ལྟས་ཆོ་འཕྲུལ་བཟློག༔ རྟ་དྲེལ་རྨིག་ཟླུམ་ཐན་ལྟས་ཆོ་འཕྲུལ་བཟློག༔ མཛོ་གླང་རྭ་ཅན་ཐན་ལྟས་ཆོ་འཕྲུལ་བཟློག༔ སྦལ་སྦྲུལ་ཆུ་གནས་ཐན་ལྟས་ཆོ་འཕྲུལ་བཟློག༔ སྦྲ་ཁང་ཡོ་བྱད་ཐན་ལྟས་ཆོ་འཕྲུལ་བཟློག༔ ལུས་ལས་བྱུང་བའི་ཐན་ལྟས་ཆོ་འཕྲུལ་བཟློག༔ ངག་ལས་བྱུང་བའི་ཐན་ལྟས་ཆོ་འཕྲུལ་བཟློག༔ ཡིད་ལས་བྱུང་བའི་ཐན་ལྟས་ཆོ་འཕྲུལ་བཟློག༔ གོས་ལས་བྱུང་བའི་ཐན་ལྟས་ཆོ་འཕྲུལ་བཟློག༔ མདོ་སྔགས་བསྟན་གཉིས་ཐན་ལྟས་ཆོ་འཕྲུལ་བཟློག༔ མདོར་ན་སྲིད་དང་ཞི་བའི་ཁམས་རྣམས་སུ༔ ཡ་རབས་སྲོལ་ཉམས་མ་རབས་བསམ་སྤྱོད་སོགས༔ ལྔ་བདོའི་དུས་རྟགས་ཤར་བའི་ཐན་ལྟས་རྣམས༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ འབོད་རྦད་བསད་པའི་སྔགས་རྣམས་དང༔ རང་གཞན་ལས་བྱུང་བཟློག་སྔགས་བསྒྲགས༔ དམར་གཏོར་འཕེན་ཞིང་དམར་སྦྲེང་བྱ༔ ས་མ་ཡཱ༔ ཧཱུཾ་བྷྱོ་ཛ༔ ཕྱི་ལྟར་གཟའ་བརྒྱད་པ་སངས་སྤེན་པ་དང༔ མིག་དམར་ཕུར་བུ་ལྷག་པ་ཉི་ཟླའི་ཟེར༔ སྒྲ་གཅན་ཁྱབ་འཇུག་དྲེགས་པ་སྡེ་ཆེན་བརྒྱད༔ ནང་ལྟར་རྣམ་ཤེས་ཚོགས་བརྒྱད་ཡོངས་སུ་དག༔ གསང་བ་བྱང་ཆུབ་སེམས་དཔའ་མཆེད་སྡེ་བརྒྱད༔ བསྟན་འགྲོའི་དཔལ་མགོན་གཉེན་དུ་གང་འདུལ་སྐུ༔ རིན་ཆེན་སྙིང་པོའི་མདུན་དེར་ཐུགས་བསྐྱེད་ནས༔ དྲེགས་པའི་སྐུར་བསྟན་གདུག་པ་དམ་ལ་བཏགས༔ ཐ་ཚིག་རྗེས་དགོངས་མཐུ་དང་ནུས་པ་བསྐྱེད༔ མཐུ་ནུས་སྟོབས་ཀྱིས་མི་བཟློག་གང་ཡང་མེད༔ གཟའ་བརྒྱད་འཁོར་བཅས་མཐུ་སྟོབས་དྲག་རྩལ་གྱིས༔ ཆགས་ཆེ་ཉམ་ང་མཐའ་དག་དགྲ་ལ་བཟློག༔ ལོ་ཀེག་ཟླ་ཀེག་ངན་པ་དགྲ་ལ་བཟློག༔ ཟ་མའི་བདུན་ཟུར་ངན་པ་དགྲ་ལ་བཟློག༔ རྦོད་གཏོང་རྦད་འདྲེ་ངན་པ་དགྲ་ལ་བཟློག༔ འབྱུང་བའི་གཙུག་ལག་ངན་པ་དགྲ་ལ་བཟློག༔ བརྟག་པའི་རྟེན་འབྲེལ་ངན་པ་དགྲ་ལ་བཟློག༔ རྨི་ལྟས་མཚན་མ་ངན་པ་དགྲ་ལ་བཟློག༔ ཡས་ཀྱི་བདུད་དུ་གཡོས་པ་དགྲ་ལ་བཟློག༔ མས་ཀྱི་སྲི་རུ་ལངས་པ་དགྲ་ལ་བཟློག༔ བར་གྱི་རྐྱེན་གྱུར་ངན་པ་དགྲ་ལ་བཟློག༔ ཕ་ཚན་རྒྱ་འདྲེ་ལངས་པ་དགྲ་ལ་བཟློག༔ དར་ཚན་སྟོང་འདྲེ་ལངས་པ་དགྲ་ལ་བཟློག༔ མ་བུའི་བྱུར་འདྲེ་ངན་པ་དགྲ་ལ་བཟློག༔ ཕ་ཁུའི་རྒབ་འདྲེ་ལངས་པ་དགྲ་ལ་བཟློག༔ ལྟག་པའི་བདུད་དུ་བབས་པ་དགྲ་ལ་བཟློག༔ དཔྲལ་བའི་གཤེད་དུ་འཁོར་བ་དགྲ་ལ་བཟློག༔ ཕོ་བདུད་དལ་ཁ་ངན་པ་དགྲ་ལ་བཟློག༔ མོ་བདུད་དལ་ཁ་ལངས་པ་དགྲ་ལ་བཟློག༔ སྤྱི་བདུད་དལ་ཁ་འབེབས་པ་དགྲ་ལ་བཟློག༔ སྔགས་པའི་སྔགས་ཟོར་བྱད་ཁ་དགྲ་ལ་བཟློག༔ བོན་པོས་བཙོ་ཟོར་འཕེན་པ་དགྲ་ལ་བཟློག༔ ཕུར་བུའི་དབལ་ཟོར་འཕེན་པ་དགྲ་ལ་བཟློག༔ དྲང་སྲོང་དམོད་མོ་འདོར་བ་དགྲ་ལ་བཟློག༔ ཕུང་ཤིག་གཏད་སེལ་འཁོར་ལོ་བསྐོར་བ་བཟློག༔ ལྟས་ངན་ཆོ་འཕྲུལ་ངན་སྔགས་དགྲ་ལ་བཟློག༔ མི་མཐུན་རྐྱེན་གྱི་ཕྱོགས་རྣམས་དགྲ་ལ་བཟློག༔ འབོད་རྦད་བསད་པའི་སྔགས་ཀྱི་གཤམ༔ བཟློག་པའི་སྔགས་ཀྱིས་གཏོར་མ་འཕེན༔ དམར་སྦྲེང་བྱ་ཞིང་དར་ནག་གཡབ༔ ཆགས་ཆེ་ཉམ་ང་ཐམས་ཅད་བཟློག༔ ས་མ་ཡཱ༔ ཧཱུྃ་བྷྱོ་ཛ༔ ཕྱི་ལྟར་གདོང་མོ་མཆེད་སྡེ་བཞི༔ ནང་ལྟར་མུ་བཞི་གནས་དག་བརྡ༔ གསང་བ་ཚད་མེད་ཡེ་ཤེས་བཞི༔ སྒྱུ་འཕྲུལ་བསྟན་པའི་གཉེན་གཅིག་པོ༔ བཀའ་ཡི་སྲུང་མ་སྡེ་བཞི་ཡི༔ མཐུ་རྩལ་རྨད་བྱུང་བསམ་མི་ཁྱབ༔ བསམ་མི་ཁྱབ་པའི་ནུས་མཐུ་ཡིས༔ སྔགས་འཆང་རྣལ་འབྱོར་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ དུས་མིན་འཆི་བའི་འཇིགས་བརྒྱད་བཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ གདོན་རིགས་ཉི་ཁྲི་ཆིག་སྟོང་བཟློག༔ སྐེག་ཆེན་སུམ་བརྒྱ་དྲུག་ཅུ་བཟློག༔ ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག༔ ལྷ་མ་ཡིན་གྱི་སྒྱུ་སྟོབས་བཟློག༔ མགོན་པོའི་སྤར་བུ་བསྐོར་བ་བཟློག༔ གཤིན་རྗེའི་འཁྲུལ་འཁོར་བསྐོར་བ་དགྲ་ལ་བཟློག༔ དྲང་སྲོང་བྲམ་ཟེའི་དམོད་པ་དགྲ་ལ་བཟློག༔ གཟའ་ཡི་ཀིང་ཀཾ་འཕེན་པ་དགྲ་ལ་བཟློག༔ བཙན་ནད་གཟེར་ཁ་འཕེན་པ་དགྲ་ལ་བཟློག༔ ས་བདག་ཀླུ་ཡི་གདུག་རྩུབ་དགྲ་ལ་བཟློག༔ བནྡྷེའི་འབུམ་སྐོར་བྱེད་པ་དགྲ་ལ་བཟློག༔ སྔགས་པའི་སྔགས་ཟོར་འཕེན་པ་དགྲ་ལ་བཟློག༔ བོན་གྱི་བཙོ་དམར་འཕེན་པ་དགྲ་ལ་བཟློག༔ མུ་སྟེགས་ངན་སྔགས་བྱེད་པ་དགྲ་ལ་བཟློག༔ བྱད་ཕུར་རྦོད་གཏོང་ཟུག་པ་དགྲ་ལ་བཟློག༔ མནན་གཏད་བསྲེག་འཕང་བྱེད་པ་དགྲ་ལ་བཟློག༔ མོ་རྩིས་རྨི་ལམ་ངན་པ་དགྲ་ལ་བཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་དགྲ་ལ་བཟློག༔ ཕྱི་ཞགས་གྲུ་གུ་འཐུལ་བ་དགྲ་ལ་བཟློག༔ མི་མཐུན་གནོད་པའི་ཕྱོགས་ཀུན་དགྲ་ལ་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་གདོང་མོ་བཞི་ཡིས་བསྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ དྲང་སྲོང་ཁྱབ་འཇུག་ལྷ་ཚོགས་རྣམས༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ འབོད་རྦད་བསད་པའི་སྔགས་ཟློག་བཅས༔ སྲིད་གསུམ་མི་མཐུན་གཡུལ་ངོ་བཟློག༔ ས་མ་ཡཱ༔ ཧཱུྃ་བྷྱོ་ཛ༔ དྲང་སྲོང་ཆེན་པོ་ཁྱབ་འཇུག་འོད་འཕྲོ་ཡི༔ བཀའ་ཉན་དྲེགས་པ་སྡེ་བརྒྱད་ཡོངས་རྫོགས་ཀྱིས༔ གསར་བྱུང་གདུག་འདྲེ་ཆམ་འབེབས་དཔའ་ཟིལ་ཅན༔ བསྟན་དགྲ་གདོན་བགེགས་རྨང་མེད་འཇོམས་མཛད་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ བཀའ་ཉན་དམོད་པའི་དྲེགས་པ་སྡེ་བརྒྱད་པོ༔ སྐུ་ནི་མ་ངེས་སྤྲུལ་པའི་གར་སྒྱུར་མཁན༔ གསུང་ནི་དྲག་སྔགས་དམོད་པའི་བགེགས་ལ་བཟློག༔ ཐུགས་ནི་རྔམ་ཞིང་བསྟན་པའི་བྱ་ར་བ༔ གཙུག་ལག་ཆོས་འཁོར་དགེ་འདུན་སྡེ་རྣམས་སྲུང༔ སངས་རྒྱས་བསྟན་བཤིག་དམ་ལོག་སྲོག་གི་གཤེད༔ རེ་འགའ་མ་ངེས་ཆོ་འཕྲུལ་སྤྲུལ་བསྒྱུར་ངོམ༔ རེ་འགའ་རང་རྟགས་ཕྱག་མཚན་བརྡ་རྟགས་ངོམ༔ སྡེ་བརྒྱད་རང་རང་ཡོངས་ཀྱི་སྣ་དྲོངས་ལ༔ དེ་རིང་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་དུག་སྦྱོར་ཤོམ༔ གཟུགས་ཅན་སྡང་བའི་དགྲ་བོ་ཐམས་ཅད་ཟློག༔ ཚེ་རྐུ་སྲོག་འཕྲོག་བླ་ལ་འཇབ་པ་ཡི༔ གཟུགས་མེད་གདོན་བགེགས་འཚེ་བ་དགྲ་ལ་བཟློག༔ ཕྱོགས་བཅུའི་གདོན་བགེགས་བཅུ་ལ་སོགས་པ་ཡི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བཟློག༔ ཛ་མི་ག་དང་འདོད་པ་ཅན་ལ་སོགས༔ བྱིས་གདོན་བཅོ་ལྔའི་གནོད་པ་དགྲ་ལ་བཟློག༔ དམར་ཡམས་རྒྱུ་གཟེར་ལྟག་ཚད་ལ་སོགས་པ༔ འགོ་བའི་ནད་རིགས་མ་ལུས་དགྲ་ལ་བཟློག༔ བསེ་ཐོམ་ལུ་བ་ལ་སོགས་འཚེར་བཅུའི་ནད༔ ཅང་ཤེས་རྟ་ཡི་ནད་རྣམས་དགྲ་ལ་བཟློག༔ གློ་གོར་ཧོན་གསུམ་ཁ་ཚ་སྟིང་ཚ་སོགས༔ གཡང་མཚོ་ཕྱུགས་ཀྱི་ནད་རྣམས་དགྲ་ལ་བཟློག༔ ར་ལུག་ཕག་དང་སྒོ་ཁྱི་ལ་སོགས་པར༔ གནོད་པའི་ནད་རིགས་མ་ལུས་དགྲ་ལ་བཟློག༔ སད་དང་སེར་བ་བཙའ་ཐན་སྲིན་འབུ་སོགས༔ འབྲུ་དྲུག་ལོ་ཏོག་ནད་རྣམས་དགྲ་ལ་བཟློག༔ འདབ་ཆགས་ཆུ་གནས་རྨིག་ཟླུམ་སྡེར་ཅན་ལས༔ བྱུང་བའི་ཐན་ལྟས་ངན་པ་དགྲ་ལ་བཟློག༔ གཞན་ཡང་མི་མཐུན་གནོད་པའི་རྐྱེན་རྣམས་དང༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཀུན༔ ཁྱད་པར་ལྷ་སྲིན་དྲེགས་པའི་དམོད་བྱད་རྣམས༔ བསྟན་འགྲོའི་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ༔ གདོན་བགེགས་འབྱུང་པོ་དམ་སྲིའི་སྟེང་དུ་བཟློག༔ བཟློག་བསྒྱུར་དུས་ལ་བབ་པོ་ས་མ་ཡཱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་ཧཱུྃ༔ དགྲ་བགེགས་གནོད་བྱེད་བྷྱོ་བཟློག་རྦད༔ ཅེས་ཐལ་མོ་དང་དུལ་མོ་གདབ༔ གཏོར་མ་འཕེན་ཞིང་དམར་སྦྲེང་བྱ༔ སྡེ་བརྒྱད་ཡོངས་ཀྱི་ཐན་དང་ལྟས༔ འདི་ཡིས་མི་བཟློག་གང་ཡང་མེད༔ ས་མ་ཡཱ༔ དྲང་སྲོང་སྤྲུལ་པའི་བྱ་ཁྱུང་གིས༔ ཐན་ལྟས་ཆོ་འཕྲུལ་བཟློག་པའི་ཐབས༔ འདོན་བསྒོམ་སྦྲགས་ཏེ་འདི་སྐད་གྱེར༔ རྐང་གླིང་རོལ་མོའི་སྒྲ་ཡིས་བསྐུལ༔ ཧཱུྃ་ཁྲོཾ་བྷྱོ༔ ནམ་མཁའ་དབྱིངས་ཀྱི་ད་ལ་ནས༔ བྱ་ཁྱུང་རྒྱལ་པོ་གནས་འདིར་བྱོན༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དྲག་པོའི་ཕྲིན་ལས་མཛད་པའི་ཚེ༔ སྤྲུལ་པའི་བྱ་ཁྱུང་མང་པོས་བསྐོར༔ སྤྲུལ་པའི་ཁྱུང་ནི་ཐོག་ལྟར་འབེབས༔ ཡང་སྤྲུལ་ཁྱུང་གིས་དགྲ་སྲོག་གཅོད༔ གཉིས་མེད་སྤྲུལ་པས་དགྲ་བགེགས་བཟློག༔ ཁྱུང་སྐད་དྲག་པོ་འབྲུག་ལྟར་ལྡིར༔ ཀླུ་དང་ས་བདག་རྒྱལ་བསེན་རྣམས༔ རང་དབང་མེད་པར་བརྒྱལ་ཞིང་འབོག༔ ཁྱུང་གིས་རྐན་སྒྲ་དང་པོ་བརྡབ༔ སྟེང་གི་ལྷ་རྣམས་ཞེད་ཅིང་འདར༔ སྟེང་ཕྱོགས་ལྷ་ཡི་གནོད་བྱེད་བཟློག༔ ཁྱུང་གི་རྐན་སྒྲ་གཉིས་པ་ཡིས༔ བར་སྣང་གཉན་རྣམས་སྨྱོ་ཞིང་འབོག༔ བར་སྣང་གཉན་གྱི་གནོད་པ་བཟློག༔ ཁྱུང་གིས་སྐན་སྒྲ་གསུམ་པ་བརྡབ༔ ཀླུ་དང་ས་བདག་རྡུལ་དུ་རློག༔ ས་བདག་ཀླུ་ཡི་གདོན་ཚོགས་བཟློག༔ ཁྱུང་གི་སྒྲོ་གཤོག་དང་པོ་ཡིས༔ གནམ་ས་ཐམས་ཅད་གཡོ་ཞིང་འགུལ༔ གནམ་སའི་གཡོ་འགུལ་ལྟས་ངན་བཟློག༔ ཁྱུང་གི་སྒྲོ་གཤོག་གཉིས་པ་ཡིས༔ རྒྱ་མཚོ་ཀུན་ཀྱང་འཁྲུགས་ཅིང་འཁྱམ༔ ཀླུ་དང་ས་བདག་ལྟས་ངན་བཟློག༔ ཁྱུང་གི་སྒྲོ་གཤོག་གསུམ་པ་ཡིས༔ རི་རབ་སྙིལ་ཞིང་ཉི་ཟླ་འཕེན༔ སྡེ་བརྒྱད་རྒྱུ་སྐར་ལྟས་ངན་བཟློག༔ ཤ་ཟ་ཁྲག་འཐུང་རྡོ་རྗེའི་མཆུ༔ སྲིན་པོ་ཡོངས་ཀྱི་ལྟས་ངན་བཟློག༔ ཁྲོ་ཆུ་ཞུན་མ་འབར་བའི་རྭ༔ ལྷ་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ གཙུག་ན་ནོར་བུ་རིན་ཆེན་འབར༔ གནོད་སྦྱིན་ཡོངས་ཀྱི་ལྟས་ངན་བཟློག༔ རལ་པ་ཁམ་ནག་སྲིད་གསུམ་འཐིབ༔ བདུད་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ སྤྱན་ནས་ཁྲག་གི་རྦ་ཀློང་འཕྱོ༔ མ་མོ་ཡོངས་ཀྱི་ལྟས་ངན་བཟློག༔ སྤུ་ལ་རྡོ་རྗེའི་ཚ་ཚྭ་འཐོར༔ ཐེའུ་རང་ཡོངས་ཀྱི་ལྟས་ངན་བཟློག༔ མཇུག་མས་གནོད་བྱེད་ཕྱགས་ཤིང་འདེད༔ དམུ་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ སྡེར་མོ་ལྕགས་ཀྱུ་དྲག་མེ་མཆེད༔ གཟའ་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ ཀྲང་ཀྲང་ཀྲིང་ཀྲིང་ཁྱུང་སྐད་སྒྲོག༔ རྒྱལ་འགོང་ཡོངས་ཀྱི་ལྟས་ངན་བཟློག༔ སྦྲུལ་རིགས་ལྔ་གསོལ་ཁྱུར་མིད་བཏང༔ ཀླུ་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ མེ་གཤོག་བརྡབ་པས་སྲིད་གསུམ་འདར༔ བཙན་རྣམས་ཡོངས་ཀྱི་ལྟས་ངན་བཟློག༔ མཆུ་ཡིས་མཆུ་ཅན་ལྟས་ངན་བཟློག༔ རྭ་ཡིས་རྭ་ཅན་ལྟས་ངན་བཟློག༔ སྡེར་མོས་སྡེར་ཅན་ལྟས་ངན་བཟློག༔ གཤོག་པས་གཤོག་ཅན་ལྟས་ངན་བཟློག༔ ཁྱུང་ཆེན་འབར་བའི་ཐུགས་དམ་བསྐུལ༔ ག་རུ་ཊ་ཡི་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཟློག་ཅིག་སྒྱུར་ཅིག་ག་རུ་ཎ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཁྱུང་སྔགས་བཟླ་ཞིང་དར་ནག་གཡབ༔ ཁྱུང་གཟུགས་ཕྱོགས་མཚམས་ཀུན་ཏུ་སྟོན༔ ཐན་ལྟས་མ་ལུས་བཟློག་པར་བསམ༔ ས་མ་ཡཱ༔ རྩང་གི་ཕྲིན་ལས་འདི་བཞིན་གྱེར༔ ཧཱུྃ་བྷྱོ་ཛ༔ ང་ནི་གསང་བདག་ཁྲོ་བོའི་རྒྱལ༔ ཐུགས་མཆོག་འདུས་པའི་ཧེ་རུ་ཀ༔ ཟ་གསོད་སྤྲུལ་པའི་གཟའ་བརྒྱད་དང༔ ཁྱབ་འཇུག་གདོང་མོ་རྒྱུ་སྐར་དང༔ ལྷ་སྲིན་སྡེ་བརྒྱད་སྤྲུལ་ཡང་སྤྲུལ༔ གནོད་བྱེད་གདོན་བགེགས་འགུགས་ཤིང་དྲོངས༔ དྲག་པོའི་ཕྲིན་ལས་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ་ཛ༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ དུག་ཁྲག་དུག་འཇིམ་ལྕགས་རི་ལ༔ དུག་ཤིང་སྐྱེས་པ་རྩད་ནས་བཅད༔ ལྷ་སྲིན་སྡེ་བརྒྱད་གྲངས་སུ་བཤམས༔ རྩང་ཕུར་སྲིན་མོའི་འགྲོས་སུ་བཙུག༔ མི་མཐུན་བཟློག་པའི་བྱང་བུས་བརྒྱན༔ རྩེ་ལ་ཤ་ཆེན་ལིངྒ་བཙུག༔ ཡེ་ཤེས་ལྔ་ལྡན་སྲད་བུས་གཏམས༔ སྡེ་བརྒྱད་འདུ་བའི་རྟེན་དུ་བཙུག༔ དགྲ་བགེགས་འགུགས་པའི་གྲངས་སུ་བཅད༔ ལྟས་ངན་བཟློག་པའི་དྲྭ་བས་སྤྲས༔ དྲག་པོའི་ཕྲིན་ལས་མཛད་པའི་ཚེ༔ ཡེ་ཤེས་རྩང་གི་ཕུར་བུས་བཏབ༔ ཆོས་ཀྱི་དབྱིངས་ནས་ད་བཞེངས་ཤིག༔ ཐུགས་དམ་བསྐུལ་ལོ་ལས་ལ་བསྐྱོད༔ ཕྱི་ནི་ཕུར་བུའི་རང་བཞིན་ལ༔ ནང་ནི་ལས་མཁན་དྲེགས་པའི་རྫོང༔ ཟ་བྱེད་ཕོ་ཉ་ཚུབས་སེ་ཚུབ༔ འགུགས་བྱེད་ཕོ་ཉ་ཤ་ར་ར༔ གསོད་བྱེད་ཕོ་ཉ་ཉི་ལི་ལི༔ ཐུགས་དམ་བསྐུལ་ལོ་ལས་ལ་བསྐྱོད༔ གདོན་བགེགས་འབྱུང་པོ་བཟློག་ཅིང་བསྒྱུར༔ རྩང་ཕུར་ཡར་རྩེ་ཆོས་དབྱིངས་ཁྱབ༔ སངས་རྒྱས་རྣམས་དང་གཉིས་སུ་མེད༔ མ་རིག་འཁྲུལ་པའི་ཉོན་མོངས་བཟློག༔ རྩང་ཕུར་མར་རྩེ་ན་རཀ་ཁྱབ༔ ངན་སོང་གསུམ་དང་གཉིས་སུ་མེད༔ རང་སྣང་འཁྲུལ་པའི་ལས་ངན་བཟློག༔ བར་གྱི་རྐེད་པས་གཉན་ཁམས་ཁྱབ༔ སྟོང་གསུམ་ཀུན་དང་གཉིས་སུ་མེད༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཟློག༔ རྩེ་ལ་འདབ་ཆགས་བུ་ཡུག་འཚུབ༔ མཁའ་ལྡིང་རྒྱལ་པོ་བྱ་ཡིས་བཟློག༔ སྐེད་པར་སྟག་སེང་དོམ་དྲེད་ངར༔ སྡེར་ཆགས་གཅན་གཟན་ལྟས་ངན་བཟློག༔ རྩ་བར་སྦལ་སྦྲུལ་སྡོམ་སྡིག་འཕྱོ༔ ཀླུ་དང་དུད་འགྲོའི་ལྟས་ངན་བཟློག༔ རྩེ་ལ་བསྐལ་པའི་མེ་ཆེན་མཆེད༔ བསྲེག་པ་ཧོམ་གྱི་ལས་སྦྱོར་བཟློག༔ རྩ་བར་དུག་གི་རྒྱ་མཚོ་ཁོལ༔ མནན་གཏད་བཅིངས་པའི་མཐུ་ནུས་བཟློག༔ སྐེད་པར་རླུང་ནག་བུ་ཡུག་འཚུབ༔ ཕྲ་མེན་མཁའ་འགྲོའི་ངན་སྔགས་བཟློག༔ རྩེ་ལ་འབྲུག་སྒྲས་ཁམས་གསུམ་ཁྱབ༔ དྲག་པོ་སྔགས་ཀྱི་རྦོད་གཏོང་བཟློག༔ རྩ་བར་ཐོག་ཆེན་སྟོང་གསུམ་གཡོ༔ འཕེན་པ་ཟོར་གྱི་རྦོད་གཏོང་བཟློག༔ སྐེད་པར་ཁྲག་སེར་སྲིད་གསུམ་འཁྲུག༔ བྲབ་པ་ཐུན་གྱི་རྦོད་གཏོང་བཟློག༔ རྩེ་ལ་ཤ་ཆེན་ལིང་གས་བརྒྱན༔ སྡང་བྱེད་དགྲ་བོ་ཐམས་ཅད་བཟློག༔ རྩ་བ་དུག་འཇིམ་ལྕགས་རིས་བསྐོར༔ དུར་སྲི་དུར་ཁ་ལངས་པ་བཟློག༔ སྐེད་པར་བཟློག་པའི་བྱང་བུས་བརྒྱན༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་བཟློག༔ དུས་མིན་འཆི་བ་རྣམ་བརྒྱད་བཟློག༔ མི་མཐུན་གནོད་པའི་དགྲ་དང་བགེགས༔ ཐམས་ཅད་མ་ལུས་བཟློག་ཅིང་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡཱ༔ ཡང་ཟབ་གདམས་པའི་མན་ངག་གནད༔ ཡེ་ཤེས་མཚོ་རྒྱལ་སྟངས་དཔྱལ་ལ༔ རང་བྱུང་སྤྲུལ་སྐུ་ཨོ་རྒྱན་རྗེས༔ ཤནྟིཾ་གྷརྦྷའི་ཐུགས་བཅུད་ཆོས༔ ཐུགས་ནས་ཐུགས་ཀྱི་ཀློང་དུ་བརྒྱུད༔ ཕལ་ཆེར་ས་ཡི་གཏེར་དུ་བྱས༔ མ་འོངས་དུས་ཀྱི་ཐ་མ་ལ༔ རྒྱ་བོད་ཆོས་ཀྱི་ཚོང་དུས་འགྲིམ༔ མི་རྣམས་བལ་ལྟར་གཡེང་བས་འཁྱེར༔ ལུས་ཆས་ཡ་མ་ཟུང་ལ་སྤྱོད༔ མདོ་སྔགས་ཁྲིམས་ལ་སྤྱོད་པ་བསླུ༔ ཟོག་པོ་ཀུན་ནས་ཀུན་ཏུ་བཀུར༔ ཨ་ཙར་སྟངས་དཔྱལ་སྤྲུལ་པ་ནི༔ ཏཱ་རེ་གནས་ཀྱི་བདག་པོ་འབྱུང༔ དེ་དུས་དྲང་སྲོང་ཆེན་པོ་འདིས༔ བསྟན་དང་བསྟན་འཛིན་སྐྱོང་བར་འགྱུར༔ མི་མཐུན་ཕྱོགས་རྣམས་འདི་ཡིས་བཟློག༔ བསྟན་དགྲ་ལོག་འདྲེན་ཁ་ཕུང་བརླག༔ ལྷ་འདྲེ་བན་བོན་བྱད་གཏད་འགྲོལ༔ བཀའ་འདུས་ཆོས་ཀྱི་བཀའ་སྲུང་ཆེ༔ མན་ངག་གནད་ཀྱི་ཏི་ཀ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིར་སྨྲས་པ༔ བདག་ནི་ལེ་ལོ་དཀོར་ལ་སྤྱད་འདི་ནོངས༔ དལ་འབྱོར་ཆུད་ཟོས་འགྲོ་བའི་མགོ་སྐོར་མཁན༔ ཡིན་པའི་ཟོལ་བསྟན་མཁས་བླུན་ཁྲ་མ་ཁྲོ༔ རེ་འགའ་ཉམས་སྣང་མཁའ་འགྲོའི་བརྡ་གླུ་འཁྲོལ༔ དཀོར་རྫས་ཕལ་ཆེར་ཆུད་ཟོས་ཆེར་མ་བཏང༔ ཡར་མཆོད་མར་སྦྱིན་འདིར་སྣང་བདེན་མེད་རྟོགས༔ ཚེ་རབས་བླ་མ་ཨོ་རྒྱན་ཆེན་པོ་ཡིས༔ རྗེ་འབངས་ཡོངས་ཀྱི་དངོས་གྲུབ་བགོ་སྐལ་དུ༔ བཀའ་འདུས་ཆོས་ཀྱི་གཏེར་ཁ་འདི་གནང་སྤྲོ༔ སྔོན་སྦྱང་སྨོན་ལམ་གཅིག་པུའི་རྟེན་འབྲེལ་ལས༔ ཆོས་བློན་སྐ་བ་དཔལ་བརྩེགས་ཟློས་པའི་གར༔ ད་ལྟ་ཟབ་ཆོས་འདི་ཡི་བཀའ་བབ་སྟེ༔ དམ་པ་དེ་དང་འབྲེལ་བས་འདིར་བཀོད་ཀྱིས༔ རྩ་གསུམ་བསྲུང་མའི་བདག་ཉིད་དྲང་སྲོང་ཡིན༔ ཐེ་ཚོམ་གེགས་མ་ཞུགས་པར་དང་དུ་ལོངས༔ སྒྲུབ་འབྲས་རྟགས་མཚན་མེད་ན་པདྨས་བསླུས༔ བསླུ་བ་མེད་དོ་རྡོ་རྗེའི་ཐ་ཚིག་གོ༔ མཎྜ་གུ་ཧྱ༔ ཅེས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཀའ་བསྲུང་ཁྱབ་འཇུག་ཆེན་པོའི་བཟློག་རིམ་འདི་ཉིད་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པའི་བདག་ཉིད་ཀྱི་ཡོངས་འཛིན་རིན་པོ་ཆེ་མཁས་དབང་གཙུག་གི་ནོར་བུ་གསེར་སྟོད་བླ་མ་ཆོས་གྲགས་དང༔ སློབ་བུ་རིགས་སྔགས་གྲུབ་པ་རིག་གྲོལ༔ བཙུན་པ་པད་བསྟན་དང་ལུང་རྟོགས་སོགས་ཆོས་ལ་དབང་བ་དུ་མས་བསྐུལ་ངོར༔ དུས་མཐའི་གཏེར་སྟོན་སྤྲུལ་པའི་མིང་ཐོགས་ཟོག་པོ་དམ་པའི་ཚུལ་ཅན་ས་ར་ཧི་ཏས་བླ་མ་དམ་པའི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་ཡར་ཟླའི་མཆེད་པོར་འགྱུར་བའི་ཆ་རྐྱེན་དུ་ཕུལ་བ་དུས་གསུམ་དུ་དགེ་བར་གྱུར་ཅིག་གུ།


previousདྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས།next