Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པ།
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པ།next

གཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པ།

༄༅། གཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་བཞུགས་སོ།།

༄༅། གཏོར་མ་འཕེན་དུས་ཀྱི་ཟུར་གསལ་ནི། ཐུན་གཏོར་འབུལ་སྐབས་ལ་བབ་ཚེ་རྟགས་གཏོར་ཡོད་ན་ཁེབ་བསལ་ཞིང་། ཐུན་གཏོར་དང་དྲག་གཏོར་གཉིས་ལ་འགུག་འདྲེན་བརླབས་ནས་མཆོད་བསྟོད་འདོད་གསོལ་སྔར་ལྟར་བྱས་ལ། རྟགས་གཏོར་རམ་ཐུན་གཏོར་གང་ཡིན་དེ་ཉིད་གསེར་སྐྱེམས་དང་བཅས་སྒྲུབ་ཁང་གི་སྟེང་སོགས་ནས་ཟོར་དུ་འཕེན་ཞིང་ཕྱི་སྒོ་བསལ་བ་ནི། རིན་ཆེན་སྣོད་གཙང་ཆང་གིས་གཏམས་པར་རིན་ཆེན་འབྲུ་སྨན་གང་འཛོམས་བཏབ་ནས་བྱིན་གྱིས་བརླབས་ཤིང་འདི་སྐད་དོ། ཧཱུྃ། མི་མངོན་དབྱིངས་ཀྱི་ཕོ་བྲང་ནས། །སྐྱབས་གནས་དཀོན་མཆོག་གཟུ་དང་དཔང་། །དག་པ་དབྱིངས་ཀྱི་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས། །མ་ཚོགས་མཁའ་འགྲོ་གཟུ་དང་དཔང་། །བཀའ་དང་དམ་ཚིག་གཞལ་ཡས་ནས། །ཆོས་སྐྱོང་གཏེར་སྲུང་གཟུ་དང་དཔང་། །སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ནས། །སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་། །ས་ཕྱོགས་ཡུལ་གྲུ་འདི་ཉིད་ཀྱི། །ཡུལ་ལྷ་གཞི་བདག་གཟུ་དང་དཔང་། །གཟུ་དང་དཔང་དུ་ཁྱེད་རྣམས་བཞུགས། །དམ་ཉམས་དགྲ་བོ་ལས་ངན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིགས། །བར་དུ་མི་དགེ་བཅུ་ལ་སྤྱོད། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཉེས་ཅན་དགྲ་བོ་བསྒྲལ་བའི་ཕྱིར། །བསད་ཟོར་བཟློག་ཟོར་འདི་འཕེན་པས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །གཏོར་ཟོར་འདི་ཡི་ལམ་ཕྱེས་ཤིག །སུ་ར་ཆང་ལས་ངོ་ཆེ་མེད། །རིན་ཆེན་གསེར་ལས་རིན་ཆེ་མེད། །མེད་པ་རྣམས་ཀྱང་མི་ལ་བཙལ། །སྲ་བ་ཡིན་ཡང་བྲག་ལ་བརྐོས། །དེ་ཕྱིར་གསེར་སྐྱེམས་འདི་བཞེས་ལ། །གཏོར་ཟོར་འདི་ཡི་ལམ་ཕྱེས་ཤིག །སྔགས་ཟོར་འདི་ཡི་ལམ་ཕྱེས་ཤིག །སྟེང་འོག་ཕྱོགས་བཅུར་གནས་པ་ཡི། །ལྷ་འདྲེ་གཞི་བདག་དྲེགས་ཚོགས་ཀུན། །ཟོར་ལམ་ཕྱེས་ལ་སྐུ་སྐྱོད་ཅིག །མཐོ་བས་ཞབས་བསྐུམ་ཐད་སོར་བཟུར། །དམའ་བ་ཐམས་ཅད་དབུ་ཐུམས་ཤིག །དྲག་པོའི་ཟོར་གྱི་འོད་འཕྲོ་ནས། །སྐུ་ལ་དེ་ནི་ཕོག་པར་མཆིས། །དེ་བས་ཐམས་ཅད་སྐུ་བསྐྱོད་ལ། །བདག་གི་མགོན་དང་གྲོགས་མཛོད་ཅིག །ཅེས་བརྗོད་ཅིང་གསེར་སྐྱེམས་མཆོད། དཀར་གཏོར་ཡོད་ན་སྔོན་འགྲོ་ལྟར་བསྔོ། ཟོར་རྫས་རྣམས་དང་གཏོར་ཟོར་ཐོགས་ཏེ། ཧཱུྃ་བྷྱོ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གདོན་བགེགས་ཕྱོགས་སུ་འཕེན། །ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས། །འཁོར་བཅས་དྲག་པོའི་དམག་དཔུང་བསྐྱེད། །སྡང་དགྲ་གདོན་བགེགས་ཕྱོགས་སུ་ཁྱེར། །དཔའ་བའི་འཁྲུལ་འཁོར་དེར་ཤོམ་ཅིག །སྟེང་གི་ཁྱོ་ལ་གཏོར་ཟོར་ཡ། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །འོག་གི་ཆུང་མར་ཁྲག་ཟོར་ཡ། །དམར་ཡམས་ནད་ཀྱིས་སོད་ལ་ཤོག །མཆན་གྱི་བུ་ལ་མཚོན་ཟོར་ཡ། །གྲི་འཐབ་ལྕེབ་གྲིར་སོད་ལ་ཤོག །སྒོ་ནོར་ཕྱུགས་ལ་ཟོར་འདི་ཡ། །གློ་གོར་ཧོན་གསུམ་དམག་སྒར་ཐོབ། །ས་གཞིའི་མཁར་ལ་ཟོར་འདི་ཡ། །དྲག་པོའི་ཐོག་གིས་རྡུལ་དུ་རློག །གནོད་བྱེད་འདྲེ་བགེགས་འབྱུང་པོ་དང་། །དགྲ་བོའི་མི་རབས་ལྷ་སྲུང་རྣམས། །དེ་རིང་ཐལ་བ་རྡུལ་དུ་རློགས། །ཞེས་བརྗོད་བཟློག་སྔགས་བཟླ་ཞིང་ཟོར་ལམ་ཕྱོགས་སུ་འཕེན། དེ་ནས་ནང་དུ་ལོག་ནས་གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བྱ་ཞིང་། ཡི་གེ་བརྒྱ་པས་བཟོད་པར་གསོལ། གཏོར་རྩེའི་ཙཀླི་བླངས་ཤིང་དབང་དང་དངོས་གྲུབ་ལེན། མདུན་གྱི་ཡེ་ཤེས་པ་རྟེན་ལ་བསྟིམ་པའམ། མདུན་གྱི་ནམ་མཁར་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨུཥྛི་ཋ༔ ཞེས་བརྗོད་པས་བཏེགས། དམ་ཚིག་པ་བདག་ལ་བསྟིམ་ནས། སླར་ཡང་གཏོར་ཆེན་དེ་ཉིད་སྐད་ཅིག་གིས་ཁྲག་འཐུང་ཀརྨ་དྲག་པོའི་ལྷ་ཚོགས། བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམ་པར་གྱུར་པར་བསམས་ཤིང་འདི་སྐད་གྱེར། ཧཱུྃ། ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཆོས་སྐུ་ཀུན་ཁྱབ་རྡོ་རྗེའི་དབྱིངས། །སྟོང་ཆེན་ཐིག་ལེ་ཉག་གཅིག་ལ། །བཞེངས་བཞུད་མཚན་མ་མི་མངའ་ཡང་། །ཆོས་ཀུན་གནས་ལུགས་སྤྲོས་མེད་དབྱིངས། །མ་རྟོགས་འཁྲུལ་པའི་གཟུང་འཛིན་ལས། །རྟེན་འབྲེལ་སྒྱུ་མའི་སྣང་བརྙན་དུ། །རྣམ་པར་ཤར་བའི་དགྲ་བགེགས་བྱུང་། །ལོག་པར་འདྲེན་པའི་བདུད་དཔུང་རྣམས། །ཐུགས་རྗེའི་སྟོབས་ཀྱིས་འདུལ་བའི་ཕྱིར། །ཆོས་དབྱིངས་དྲག་པོའི་གཞལ་ཡས་ནས། །གདུལ་དཀའ་མ་ལུས་འདུལ་བྱེད་རྣམས། །གཏུམ་དྲག་མི་བཟད་ཁྲག་འཐུང་གཙོ། །ཆེ་བཙན་འགྲན་བྲལ་འབར་བའི་སྐུ། །ཁྲོ་བོ་ཁྲོ་མོ་སྐུ་ལ་རྫོགས། །སྐུ་ལ་རྫོགས་ཤིང་སྐུ་ལས་འཕྲོ། །ཁྲོ་ཚོགས་ཕོ་ཉས་སྟོང་གསུམ་འགེངས། །མ་ཚོགས་ཁྲོ་མོས་སྲིད་གསུམ་གཡོ། །སྤྲུལ་པ་ཡང་སྤྲུལ་ཕྱོགས་བཅུར་ཁྱབ། །བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག །དབང་དྲག་ཕྲིན་ལས་དུས་ལ་བབས། །བསྟན་དགྲ་བར་ཆད་རྡུལ་དུ་རློགས། །སྤྱི་གཙུག་སྟེང་གི་ནམ་མཁའ་ནས། །དྲིན་ཆེན་མཚུངས་མེད་རྡོ་རྗེ་འཛིན། །དཔལ་ལྡན་རྩ་བའི་བླ་མ་ལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །དགུ་ལྡན་བརྒྱུད་པའི་བླ་མས་བསྐོར། །མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག །ཐུགས་དམ་བསྐུལ་ལོ་འགྲོ་དྲུག་སྒྲོལ། །ཞི་བདེ་བྱང་ཆུབ་ལམ་ལ་སྦྱོར། །དཔལ་མགོན་བདུན་ཅུ་ནག་པོ་སྟོང་། །མགོན་པོ་ཕོ་རྒྱུད་གཡས་ནས་བཞེངས། །དམག་དཔུང་བསྐྱེད་ཅིག་དགྲ་ལ་ཆོས། །དགྲ་གདོན་ཕོ་རྒྱུད་རྡུལ་དུ་རློགས། །མ་མོ་མཁའ་འགྲོ་བྱེ་བ་འབུམ། །ལྷ་མོ་མོ་རྒྱུད་གཡོན་ནས་བཞེངས། །དམག་དཔུང་བསྐྱེད་ཅིག་དགྲ་ལ་ཆོས། །དགྲ་གདོན་མོ་རྒྱུད་རྡུལ་དུ་རློགས། །རྒྱུད་སྡེ་བཞི་དྲུག་དཔལ་ཆེན་དགུ། །ཡི་དམ་རྒྱ་མཚོ་རྒྱབ་ནས་བཞེངས། །དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས། །ཞིང་བཅུའི་དགྲ་གདོན་རྡུལ་དུ་རློགས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །མཆོད་བསྟོད་བསྟེན་པའི་སྲུང་མའི་ཚོགས། །ཕོ་ཉ་ཤ་ཟ་འབུམ་སྡེ་རྣམས། །མདུན་ནས་བསྐྱོད་ཅིག་རུ་མཚོན་ཕྱོར། །སྒོས་དགྲ་ཐལ་བ་རྡུལ་དུ་རློགས། །ཧཱུྃ་བྷྱོ། མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས། །ད་དུས་བསྐལ་པའི་ཡང་མཐའ་འདིར། །སངས་རྒྱས་བསྟན་པ་ལྷག་ལ་ཉེ། །དགྲ་གདོན་བུ་ཡུག་རླུང་ལྟར་འཚུབས། །ནད་མཚོན་མུ་གེའི་བསྐལ་པ་དར། །མཆོག་གསུམ་བསྟན་པའི་དབུ་འཕང་དམའ། །ཆོས་མཛད་རྣལ་འབྱོར་སྐྱབས་མགོན་བྲལ། །ཀྱེ་མ་བསྟན་པའི་གཞུག་གཉེར་འདིར། །དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས། །ཐུགས་རྗེ་མ་གཡེལ་ཐུགས་བསྐྱེད་དགོངས། །བརྟེན་ཅིང་སྒྲུབ་པའི་རྩ་བ་གསུམ། །མོས་འདུན་བྱེད་པ་སུན་མ་ཕྱུང་། །བསྙེན་བསྒྲུབ་བརྩམ་པའི་ཡིད་མ་གཅོད། །མཆོད་གཏོར་ཕུལ་བའི་ཆོས་སྐྱོང་རྣམས། །གསོལ་མཆོད་བྱས་པ་ཆུད་མ་གསོན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ལྟར། །དམ་ཚིག་དྲན་པའི་ཕྲིན་ལས་མཛོད། །མངོན་སྤྱོད་དྲག་པོའི་དུས་ལ་བབས། །ཉམས་པའི་བྱད་མ་དགྲ་བགེགས་འདིས། །བླ་མའི་སྐུ་དང་བསྟན་ལ་བསྡོས། །སྡིག་ལྟུང་མི་དགེ་མཚམས་མེད་སྤྱོད། །ད་ལྟ་བདག་གི་དགྲ་རུ་ལང་། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར། །རྩ་གསུམ་སྲུང་མ་མཐུ་མེད་ཟེར། །དེ་ཕྱིར་བསྒྲལ་བའི་ཞིང་བཅུ་འདི། །མཐུ་སྟོབས་དྲག་པོས་མ་བསྒྲལ་ན། །རྗེས་འཇུག་རྣལ་འབྱོར་སུ་ལ་རེ། །སངས་རྒྱས་བསྟན་པ་མི་འཇིག་གམ། །དེ་ཕྱིར་ཐུགས་རྗེའི་ཤུགས་ཕྱུངས་ཤིག །མཐུ་རྩལ་ནུས་པའི་སྟོབས་བསྐྱེད་ཅིག །ཅེས་བརྗོད་ཅིང་བསད་བཟློག་གི་སྔགས་བཟླས་པས་ཟོར་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་བཅས་པར་དམིགས་བྱ་འགུགས་བསྟིམ་བྱས་པའི་གཏོར་མ་བདུད་རྩིར་སྤེལ་བ་དམག་ལྟོའི་ཚུལ་དུ་ཕུལ་ལ་འདོད་དོན་གསོལ། དེ་ནས་ནང་སྒོ་དབྱེ་བ་ནི། གསེར་སྐྱེམས་བཤམས་ནས་བྱིན་གྱིས་བརླབས་ཏེ་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ཧཱུྃ། རིན་ཆེན་སྣོད་ཀྱི་ཀོང་བུ་རུ། །རང་བྱུང་བདུད་རྩི་ཨ་མྲྀ་ཏ། །གསེར་དངུལ་ལ་སོགས་རིན་ཆེན་ཚང་། །ཨ་བར་ལ་སོགས་སྨན་སྣ་ཚང་། །ནས་འབྲས་ལ་སོགས་འབྲུ་སྣ་ཚང་། །དར་གོས་ལ་སོགས་དར་ཟབ་ཚང་། །འདོད་དགུ་རང་བྱུང་བདུད་རྩིས་གཏམས། །བསྐྱེད་རིམ་ལྷ་བསྒོམས་བྱིན་གྱིས་བརླབས། །བཟླས་པ་སྔགས་ཀྱིས་སྤེལ་ཞིང་བསྒྱུར། །ཏིང་འཛིན་དམིགས་པས་མགྲོན་ལ་བསྔོ། །ཧཱུྃ། རབ་འཇིགས་དྲག་པོའི་དུར་ཁྲོད་ནས། །ལས་བྱེད་ཕོ་ཉ་སྒོ་མའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དྲག་པོའི་དབལ་གྱིས་ཟོར་ལམ་ཕྱེས། །སྒོ་བས་སྒོ་ཕྱེས་ཤ་ར་ར། །འཕྲང་བས་འཕྲང་བསྒྲོལ་སི་ལི་ལི། །ཟོར་ལམ་དགྲ་དང་བགེགས་ལ་ཐོངས།། ཧཱུྃ། སྟེང་གི་ཕྱོགས་ཀྱི་ལྷ་རྣམས་དང་། །འོག་གི་ཕྱོགས་ཀྱི་ཀླུ་རྣམས་དང་། །བར་སྣང་གནས་པའི་གཉན་རྣམས་དང་། །གཟའ་དང་རྒྱུ་སྐར་ས་བདག་ཚོགས། །ཕོ་རྒྱུད་མོ་རྒྱུད་སྲུང་མ་རྣམས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཐམས་ཅད་སྐུ་བཞེངས་ལས་ལ་གཤེགས། །དྲག་པོའི་ཟོར་གྱི་དཔུང་ལ་གཤེགས། །དགྲ་བགེགས་སྒྲོལ་བའི་དམག་ལ་ཆོས། །དམ་ཉམས་སྒྲོལ་བའི་ཕྲིན་ལས་མཛོད། །བཀའ་དང་དམ་ལས་མ་འདའ་ཞིག །གསེར་སྐྱེམས་མཆོད་པ་འདི་བཞེས་ནས། །ལས་དང་གྲོགས་ལ་མ་སྤྱོད་ན། །དྲག་པོའི་ཟོར་གྱི་འོད་འཕྲོས་ཏེ། །ཕོག་ན་རྡུལ་དུ་བརླག་པར་འགྱུར། །དེ་བས་སྔོན་གྱི་དམ་དགོངས་ལ། །གསེར་སྐྱེམས་བཞེས་ལ་ཕྲིན་ལས་མཛོད། །ཟོར་སྣ་དྲོངས་ལ་རུ་མཚོན་ཕྱོར། །དམག་དཔུང་སྐྱེད་ལ་དགྲ་བགེགས་སྒྲོལ། །སྡེ་བརྒྱད་ལྷ་སྲུང་གཞི་བདག་རྣམས། །སྔགས་འཆང་བདག་གི་བཀའ་མ་གཅོག །གསང་སྔགས་ཟབ་མོའི་དམ་མ་བཀྲལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད། གསེར་སྐྱེམས་ཀྱི་ཕུད་གཏོར་ཆེན་ལ་འཐོར་ཞིང་ཟོར་འཕེན་ཕྱོགས་སུ་མཆོད་པ་དང་བཅས། དཀྱིལ་འཁོར་གྱི་སྒོ་བཞིའི་མདོས་ཐག་དཔལ་འབར་གྱིས་ནུབ་ནས་ཤར། བྱང་ནས་ལྷོ། ཤར་ནས་ནུབ། ལྷོ་ནས་བྱང་རྣམས་རིམ་པར་བཅད་ནས་སྒོ་ཕྱེ་ཞིང་འཕྲང་བསལ་བར་བསམ་མོ།། བདེ་མཆོག་རྟ་མགྲིན་གཉིས་ཀྱི་ནང་སྒོ་དབྱེ་བ་རང་གཞུང་ལ་ཡོད་པ་དེ་བཏང་བས་འཐུས་ཤིང་། སྔགས་བདག་འབར་མའི་ཟོར་ལམ་དབྱེ་བ་འདི་གའི་ནང་སྒོ་དབྱེ་བའི་མཇུག་ཏུ་བཏགས་སོ།། གཞན་མཐའ་དག་ལ་འདིར་གང་ཡོད་ཀྱིས་ཆོག་ཤེས་པར་མཛད་ཀྱང་རུང་ངོ་།། དེ་ལྟར་སྒོ་དབྱེ་ཚར་བའི་རྗེས་སུ་མདོས་ལམ་འཐེན་ནས་ཕྱག་ལེན་ལྟར་གཏོར་མ་དཔག་སྟེ་རེ་ཕྱར་ལ་སོགས་ནག་པོའི་གདན་གྱི་སྟེང་དུ་ཁྲིའུ་ཁར་བཀོད་ནས་སྨན་རཀ་གིས་བྲན། ཞུན་ཆེན་གྱི་མར་མེ་དང་ཚིལ་ཆེན་གྱི་དཔལ་འབར་རྣམས་བཙུག་གོ།། ༈ དེ་ནས་གླུད་གཏོང་བ་ནི། འབྲུ་སྣའི་ངར་ཕྱེ་ལ་གླུད་གཟུགས་སྐྱེ་མཆེད་དོད་ཅིང་ཡོན་བདག་གི་དྲི་གོས་གཡོག་པ། བཟའ་བཏུང་དཀོར་ནོར་ཚོགས་ཚད་ཀྱིས་བསྐོར། ནམ་རྒྱང་མདའ་འཕང་སོགས་ཀྱིས་བརྒྱན་པ་དང་། ཆང་བུ་མང་ཉུང་ཅི་ཙམ་བསྔོ་འདོད་པ་རྣམས་བཤམས་ཏེ། རཾ་ཡཾ་ཁཾ་གིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་བསྡུས་པ་མིའི་ཕུང་པོ་གཟུགས་བརྙན་དུ་ཤར་བ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ། མཆོད་སྦྱིན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་ཀ་ཆ་དཀོར་ནོར་དང་བཅས་པ་ནམ་མཁའ་མཛོད་ཀྱི་དཔལ་དང་ལྡན་པ་ཞིག་ཏུ་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་ཅིང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤོ་མུ་ཁེ་བྷྱ༔ སོགས་ནས་བ་ལིང་ཏ་སྭཱཧཱ༔ བདུན་བརྗོད། མགྲོན་འགུག་པ་ནི། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡི་དམ་ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་འབྱུང་པོ་ཐམས་ཅད་འདོད་ཡོན་གླུད་ཀྱི་གཏོར་མ་བཞེས་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག ཨོཾ་བཛྲ་ཨ་ཀཪྴ་ཡ་ཛ། ཛཿཧཱུྃ་བཾ་ཧོ། ཞེས་པས་མགྲོན་བཀུག་ནས་ཆང་བུ་རྣམས་གཏོར་ཐེབ་ཏུ་བཤམས་ཤིང་། རིམ་པས་བྱིན་གྱིས་བརླབས་ནས་ཆུ་དཀར་གྱིས་བྲན་ཞིང་། དེ་བཞིན་གཤེགས་པ་རྣམ་བཞིའི་མཚན་ཚར་རེ་དང་། ན་མཿསརྦ་ཏ་ཐཱ་ག་ཏའི་སྔགས་གསུམ་བདུན་ལྔ་སོགས་གང་རུང་གིས་གླུད་ལ་འབུལ་ལོ། །དེ་ནས་ལྷ་ཡི་ང་རྒྱལ་དྲག་པོ་དང་ལྡན་པས་གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱིས་རང་གི་བཀའ་ལ་ཉན་པར་བསམ་སྟེ་འདི་སྐད་དོ།། ཧཱུྃ། ཉོན་ཅིག་གདོན་དང་བགེགས་ཀྱི་ཚོགས། །འདོད་ཡོན་ལྔ་ལྡན་གླུད་གཏོར་འདི། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་། །མི་བས་གླུད་བཟང་ཁྱད་པར་འཕགས། །སྔོན་ལས་སྒྲིབ་པ་སྦྱོང་ཕྱིར་བསྔོ། །འཕྲལ་རྐྱེན་ནད་གདོན་ཞི་ཕྱིར་བསྔོ། །ལོ་དགུ་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི།། ཆེ་གེ་འདི་ཉིད་ཀྱི། །ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན། །བྱིན་པ་བཞིན་དུ་འདི་ཁྱེར་ལ། །ལུས་སྲོག་བླ་ཚེའི་དོད་པོ་མཛོད། །བསྔོས་པ་བཞིན་དུ་འདི་ལོངས་ལ། །ཁྱོད་ཅག་གནོད་སེམས་གདུག་པ་ཁྲོལ། །གལ་སྲིད་བཀའ་ལ་འགལ་བྱེད་ན། །དྲག་པོའི་ལས་བྱེད་ཕོ་ཉར་འགྱེད། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་རང་རང་གནས་སུ་དེངས།། སུམྦྷ་ནི་སོགས་བརྗོད་ཅིང་ཐུན་གྱིས་བྲབ། །རང་གི་གནས་ཁང་མི་མཐོང་བའི་སར་བསྐྱལ། །དེ་ནས་ལས་བྱང་གི་ཚོགས་ལྷག་དང་ཆད་མདོ་ཡང་དམག་ལྟོའི་ཚུལ་དུ་གཏོང་ཞིང་གཏོར་ཆེན་དུ་ཕུལ། ཕུད་དང་རཀྟ་སྦྲེང་ཞིང་དར་ཕྱར་རུ་འདྲེན་གྱི་རྣམ་པ་དུ་མས་སྣ་དྲངས་བའི་ཕྱི་བཞིན་དུ་དཀར་གཏོར་ནས་ཟོར་གྱི་རྫས་རྣམས། དེ་རྗེས་ནས་དམ་ཅན་གྱི་གཏོར་མ་དང་དཔལ་གྱི་གཏོར་ཆེན་རྣམས་རིམ་པ་བཞིན་ཁྱེར་ལ་སྒྲུབ་པ་པོ་རྣམས་ལྟ་བའི་གདེང་གྱད་བསྒོམ་པའི་གསལ་སྣང་དང་མ་བྲལ་བའི་རིག་པ་ཧུར་ཕྱུང་ཏེ་དྲག་པོའི་སྔགས་སྒྲ་ཏི་རི་རི་བརྗོད་ཅིང་གཏོར་མ་ཕྱིར་ཁྱེར་ལ། རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་དུ་སོང་ལ་གོམ་པ་བདུན་ཅུ་འདས་པའི་སར་འཁོད་དེ། གཏོར་མ་ལ་རཀྟ་སྦྲེང་། རྔ་བརྡུང་དུང་འབུད་ཞིང་ལྤགས་གདབ་པ་རྣམས་བྱ་ཞིང་ཟོར་འཆམ་བྱེད་པར་སྤྲོ་ན་ཡང་སྐབས་འདིར་འདོན་པའི་བབ་དང་བསྟུན་ནས་བྱ། ༈ རྡོ་རྗེ་ཕུར་པ་ཆེ་མཆོག་ལས༔ ཟ་ལམ་སྲིན་མོའི་ཟོར་ཟློག་སྲིད་གསུམ་གཡུལ་བཟློག་ཅེས་བྱ་བ་བཞུགས་སོ༔ ཆེ་མཆོག་ཁྲོ་བོ་རོལ་པའི་ལྷ་ལ་འདུད༔ དམོད་པ་ཟོར་གྱི་ལས་རྩོམ་དུས༔ ཟ་ལམ་སྲིན་མོའི་བཟློག་བསྒྱུར་ནི༔ ལྕགས་སམ་རྡོ་བ་གང་རུང་སྟེང༔ སྲིན་མོ་གཙོ་འཁོར་དགུ་པ་འམ༔ ཡང་ན་དམར་གཏོར་དགུ་བཅས་ལ༔ རཀྟ་སྦྲེང་ཞིང་འདི་སྐད་དོ༔ བྷྱོ་བྷྱོ་བྷྱོ༔ སྲིན་མོ་ཟ་ལམ་དཔག་ཚད་བདུན་ཅུའི་མཚམས༔ ཟངས་ཐང་ཟངས་རི་དམར་པོ་མཚོན་ཆར་གཟེངས༔ ཤ་ཟ་གཅན་སྤྱང་དུད་རླུང་ནད་སྤྲིན་གཏིབ༔ ཁྲག་ཞག་རྒྱ་མཚོ་སིལ་སིལ་ཁོལ་བའི་ཀློང་༔ དབྱིངས་ནས་དྲག་མོར་ཁྲོས་པ་དགྲ་ལ་རྔམས༔ ལས་ཀྱི་མ་མོ་དམར་ནག་མཚོན་གྱི་དབལ༔ ཕྱག་གཡས་ཟོར་ཆེན་གཡོན་པ་ཀོང་ཟོར་གདེངས༔ མི་ལྤགས་གཡང་གཞི་རེ་ལྡེའི་ཤམ་ཐབས་ཅན༔ ཡེ་ཤེས་ལས་ཀྱི་མ་བརྒྱད་གཙོ་འཁོར་དགུ༔ སྤྲུལ་པ་ཡང་སྤྲུལ་སྲིད་གསུམ་བུན་ལོང་གཡོ༔ རིགས་སྔགས་དམོད་པའི་ལས་ཀྱི་སྣ་འདྲེན་ཕྱིར༔ དོན་དམ་ཀུན་ཏུ་བཟང་མོའི་ཀློང་ནས་བཞེངས༔ ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབས༔ བྷྱོ༔ བཟློག་མེད་སྟོབས་ལྡན་དམོད་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་མཚམས་སྲིད་པའི་ཁམས་ཀུན་ཏུ༔ མདོས་ཟོར་དྲག་པོ་གསོར་ཞིང་འཕེན༔ ཟོར་སྣ་ལས་ཀྱི་མ་མོས་དྲོངས༔ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དང༔ ཕྱོགས་སྐྱོང་བཅུ་ཡི་བསུན་ཁ་བཟློག༔ འཁོར་འདས་དམོད་པའི་བྱད་ཟོར་དང༔ སྣང་སྲིད་གཡོ་འཁྲུག་ཐན་དང་ལྟས༔ མི་མཐུན་ཕྱོགས་རྣམས་དགྲ་ལ་བསྒྱུར༔ དགྲ་དཔུང་ཐལ་བའི་རྡུལ་བཞིན་རློག༔ བྷྱོ༔ སྣང་སྲིད་བདག་མོ་དཔལ་འབར་མ༔ ཡེ་ཤེས་ཆེན་པོའི་སྟོབས་དང་ལྡན༔ དབྱིངས་ཀྱི་བཀའ་ཆད་དགྲ་ལ་བཟློག༔ དམོད་པ་ལས་ཀྱི་མཐུ་དང་ལྡན༔ རིག་སྔགས་བྱད་གཏད་དགྲ་ལ་བཟློག༔ སྲིད་པའི་རྣོ་ངར་དབལ་དང་ལྡན༔ ལོ་ཟླ་ཞག་དུས་གདུག་རྩུབ་བཟློག༔ ཕོག་འགྱེལ་དམོད་པའི་དུག་རླངས་ཀྱིས༔ སྣང་བ་ཀུན་ཀྱང་བརྒྱལ་ཞིང་འབོག༔ གཞི་ལ་ཁྱབ་པའི་མ་མོ་ཆེ༔ སྣོད་གཟུགས་འབྱུང་ཁམས་མ་མོར་སྣང༔ རང་བྱུང་རང་ཤར་དྲག་ཏུ་འཁྲུག༔ ཀུན་ཀྱང་མི་ཟད་འདི་འདྲ་སྟེ༔ ལ་ལ་ཡེ་ཤེས་མ་མོའི་ཚུལ༔ ལ་ལ་འཇིག་རྟེན་དྲེགས་པའི་གཟུགས༔ ལ་ལ་ས་མཚམས་གདུག་པ་འདུལ༔ གཡས་པའི་གནམ་ལྕགས་ཟོར་ཆེན་གྱིས༔ དགྲ་ཁམས་ཐལ་བའི་རྡུལ་དུ་རློག༔ གཡོན་པ་ཡམས་ནད་དུག་རླངས་གཏིབ༔ འཇིག་རྟེན་ཀུན་ཀྱང་བརྒྱལ་ཞིང་འབོག༔ སྐུ་ལས་མཚོན་ཆ་འཁྲུག་པ་ཡིས༔ སྣང་སྲིད་ལྷ་འདྲེའི་བྱད་ཁ་བཟློག༔ གཅེར་བུ་མཚན་མ་བསྒྲད་པ་ཡིས༔ ལྷ་སྲིན་དྲེགས་པའི་གདོང་ཐུག་བཟློག༔ མེ་ཡི་ཚྭ་ཚྭ་ཁོལ་ཞིང་འཕྱུར༔ དམ་སྲི་རྒྱལ་འགོང་ཕྱེ་མར་རློག༔ རྐང་པ་ས་ལ་བརྡབས་པ་ཡིས༔ གནམ་ས་གཏོར་ཞིང་དགྲ་དཔུང་བཟློག༔ སྲིད་པ་མཚོན་ཆའི་རང་བཞིན་འཁྲུགས༔ བྷྱོ་བཟློག་རྒྱོབ་སོད་རྔམ་སྒྲ་ལྡིར༔ སྲིད་གསུམ་ལས་ཀྱི་དམག་དཔུང་རྣམས༔ དམར་ཆེན་ཁྲག་མཆོད་འདི་བཞེས་ལ༔ སྡང་བའི་དགྲ་ལ་ཟོར་སྣ་དྲོངས༔ ཟོར་དཔུང་སྣང་སྲིད་མ་མོས་བསྐྱེད༔ མཐའ་དམག་བདུད་ཀྱི་གཡུལ་ངོ་དང༔ ཆགས་ཆེ་ཉམ་ང་དགྲ་ལ་བཟློག༔ དགྲ་བོའི་ཡུལ་གཞིས་རྨིང་མེད་གཏོར༔ མི་རབས་བདུན་རྒྱུད་རྔམ་ཟས་གྱིས༔ མངོན་སྤྱོད་ཆེན་པོའི་དུས་ལ་བབ༔ ལས་ལ་མྱུར་ཞིང་དཔའ་བ་མོ༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ མ་མ་རཀྨོ་སརྦ་ཛྙཱ་ན་ལོ་ཀ་ས་མ་ཡཱ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བཟློག་བཟློག༔ མཱ་ར་ཡ་ནྲི་ཏྲི་བྱད་མ་བྷྱོ་བྷྱོ༔ བཟློག་བཟློག༔ ཅེས་བརྗོད༔ མི་ལྤགས་གཡབ་ཅིང་བྷྱོ་ཡིས་གདབ༔ ཡེ་ཤེས་འཇིག་རྟེན་འཁོར་འདས་ཀྱི༔ ཟོར་ཁ་དམོད་ཁ་མི་མཐུན་རིགས༔ ས་བདག་འབུམ་གྱི་གདོང་ཐུག་ཀྱང་༔ ལྡོག་མེད་གདོང་བཟློག་གཅིག་པུ་སྟེ༔ ཤིན་ཏུ་ཟབ་བོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ དེ་ནས་དཀར་གཏོར་བདེ་མཆོག་སྔོན་འགྲོ་ལྟར་བསྔོས་པས་མཇུག་ཏུ་རྒྱབ་ཡིག་བསྒྲགས༔ གསེར་སྐྱེམས་གཟུ་དཔང་སྔོན་དུ་འགྲོ་བའི་བསྒྲལ་ལས་རྒྱས་བསྡུས་གང་རུང་དང་བཞེས་རོལ་ཞལ་བསྟབས་ཕྱག་ལེན་ལྟར་བྱེད༔ དེ་ནས་གང་དུ་འཕེན་པའི་སར་ཁྱེར་ཏེ་དམིགས་པའི་རྟེན་ལིངྒ་ལ་སླར་ཡང་དགྲ་བགེགས་བཀུག་ནས་དམིགས་པའི་འབེན་བཅས་ལ་ཟོར་རྣམས་འཕེན་པ་ནི༔ ཕུད་ཕྱོགས་བཅུར་འཐོར་ཞིང་གཏོར་ཟོར་སོགས་ཟོར་སྣ་ཐམས་ཅད་ཐོགས་ཏེ་ལྟ་བའི་གདེངས་བསྐྱེད༔ བསྐྱེད་རིམ་དྲག་ཏུ་གཟིར་དམིགས་པ་གནད་དུ་བསྣུན་ཅིང་རྔམ་པའི་སྟབས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཚངས་པ་ལ་སོགས་ལྷ་ཆེན་བརྒྱད༔ དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད༔ ཉི་ཟླ་ལ་སོགས་གཟའ་ཆེན་བརྒྱད༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ ལོ་ཟླ་ཞག་དུས་གཟའ་སྐར་བདག༔ ཡུལ་རིའི་གཞི་བདག་གཉན་པོ་རྣམས༔ མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ༔ ཀོ་ལོང་རུ་ང་མཛད་པར༔ ཟོར་ལམ་ཕྱེས་ལ་དམག་དཔུང་བསྐྱེད༔ རུ་མཚོན་ཕྱོར་ལ་ཕྲིན་ལས་སྒྲུབ༔ དགྲ་བགེགས་བྱད་མ་ལྷ་སྲུང་རྣམས༔ མྱུར་དུ་ཟློག་ཅིག་རྡུལ་དུ་རློག༔ གཞན་ལ་མི་དགོས་ཀྱང་དྲག་ཁྲོས་སྐབས་རང་གཞུང་གི་ཟོར་བསྐུལ་དེ་འདིར་བཅུག༔ ཧཱུྃ་བྷྱོ༔ ད་ནི་ཟོར་འཕེན་དགྲ་ལ་འཕེན༔ ད་ནི་ཟོར་འཕེན་བགེགས་ལ་འཕེན༔ ང་ནི་ཁྲག་འཐུང་ཀུན་གྱི་གཙོ༔ འཁོར་འདས་སྐྱེ་འགྲོ་ང་ཡི་དབང༔ ཐམས་ཅད་མ་ལུས་ང་ཡི་བྲན༔ ཟ་གསོད་རྔམ་པའི་ཕོ་ཉ་ནི༔ སྤྲུལ་པ་འབུམ་ཕྲག་གྲངས་མེད་འཕྲོ༔ དམག་ཚོགས་དགྲ་ལ་ཉེ་རེ་རེ༔ དགྲ་བགེགས་ཆམ་ལ་ད་ཕོབ་ཅིག༔ སྡེ་བརྒྱད་ལས་ལ་ཤ་ར་ར༔ དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ རྣོ་ངར་མཚོན་ཆ་ཟིངས་སེ་ཟིང༔ མཚོན་གྱི་བུ་ཡུག་དགྲ་ལ་གཡོས༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ བཞི་བརྒྱ་རྩ་བཞིའི་དགྲ་སྲོག་ཆོད༔ མཚོན་གྱི་ཆར་པ་སི་ལི་ལི༔ དམ་ཉམས་དགྲ་བགེགས་སྟེང་དུ་ཕོབ༔ ཀི་སྒྲ་མང་པོ་དི་རི་རི༔ གོ་ཐོགས་མགྱོགས་པའི་རྟ་ལ་ཞོན༔ བསོ་སྒྲ་མང་པོ་ཀྱུ་རུ་རུ༔ མྱུར་མགྱོགས་བང་རྩལ་ལྡན་པས་རྒྱུགས༔ རྒྱོབ་སོད་སྒྲ་སྐད་ལྷངས་སེ་ལྷང༔ ད་སོད་ད་གཏུབས་རྡུལ་དུ་རློགས༔ མེ་རླུང་འཚུབ་མ་འུ་རུ་རུ༔ བསྲེགས་ཤིང་ཐལ་བ་རླུང་གིས་གཏོར༔ མགྱོགས་པའི་རྟ་རྒྱུགས་བྲིངས་སེ་བྲིང༔ སྟོང་གསུམ་བང་གིས་བསྐོར་ལ་སྒྲོལ༔ ཤོ་ཐོགས་རྩིས་མཁན་ཐ་ར་ར༔ རྩིས་ལ་མ་ནོར་དགྲ་བགེགས་ཐོབ༔ ཁྲམ་ཐོགས་བདུད་པོ་ཡེ་རེ་རེ༔ མ་འགྱངས་ཁྲམ་ལ་དགྲ་བགེགས་ཐོབ༔ སྲོག་གཅོད་ཤན་པ་དཔུངས་སེ་དཔུང༔ སྙིང་རྗེ་མེད་པར་མྱུར་དུ་སྒྲོལ༔ ཤ་ཟ་ཁྲག་འཐུང་ལྗིབས་སེ་ལྗིབ༔ རྡུལ་ཙམ་མ་ལུས་ད་ཟོ་ཞིག༔ ཚ་བའི་མེ་ཟོར་ཐོ་རོ་རོ༔ མཐུ་སྟོབས་མེ་ཐུན་འབར་བས་བསྲེག༔ གྲང་བའི་ཆུ་ཟོར་ཆི་ལི་ལི༔ ཐར་མེད་རྒྱ་མཚོའི་ཀློང་དུ་བསྟིམ༔ གཡབ་པའི་རླུང་ཟོར་ཚུབས་སེ་ཚུབ༔ སྤུ་གྲི་རླུང་གི་འཁོར་ལོར་བསྐྱོན༔ ཀོང་གི་ས་ཟོར་ཐིབས་སེ་ཐིབ༔ རི་རབ་གླིང་དགུའི་འོག་ཏུ་ནོན༔ སྔགས་ཀྱི་གཏོར་ཟོར་ཆེམས་སེ་ཆེམ༔ ནད་གདོན་ཐན་ལྟས་ཆར་པ་ཕོབ༔ འཕེན་པའི་རྡོ་ཟོར་ཧྲི་ལི་ལི༔ རྫ་ལྟར་སྙིལ་ལ་དགྲ་བགེགས་རློགས༔ བསད་པའི་མཚོན་ཟོར་ཟིངས་སེ་ཟིང༔ སྣ་ཚོགས་མཚོན་ཆར་དགྲ་ལ་ཕོབ༔ དྲག་པོའི་ཡུངས་ཟོར་ཐོ་རོ་རོ༔ སེར་ཆེན་ལྟར་འདྲིལ་དགྲ་བགེགས་སྒྲོལ༔ ནམ་མཁའི་སྒོང་ཟོར་ཡ་ལ་ལ༔ སྐྱེ་མེད་དབྱིངས་ལ་རྣམ་ཤེས་སྤོར༔ རྣོ་བའི་མདའ་ཟོར་ཀྱུ་རུ་རུ༔ བུ་ཡུག་ལྟར་འཚུབས་དགྲ་བགེགས་སྒྲོལ༔ ཁྲག་ཟོར་ནད་དུ་ཆི་ལི་ལི༔ དམར་ཡམས་ནད་ཀྱིས་ད་སོད་ཅིག༔ མཚེ་ཟོར་མདུང་ལྟར་ཟིངས་སེ་ཟིང༔ དགྲ་བགེགས་དོན་སྙིང་ཚལ་བར་ཁོས༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་མདའ་ཟོར་ཡ༔ མོ་རྒྱུད་མངལ་ནས་སྐོམས་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕེན་པོ་དྲུང་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨང་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློང༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐལ་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ཞིང༔ ཚ་བའི་མེ་ཟོར། གྲང་བའི་ཆུ་ཟོར། གཡབ་པའི་རླུང་ཟོར། ཀོང་གི་ས་ཟོར། སྔགས་ཀྱི་གཏོར་ཟོར། འཕེན་པའི་རྡོ་ཟོར། བསད་པའི་མཚོན་ཟོར། དྲག་པོའི་ཡུངས་ཟོར། ནམ་མཁའི་སྒོང་ཟོར། རྣོ་བའི་མདའ་ཟོར། ཁྲག་ཟོར། མཚེ་ཟོར་རྣམས་རིམ་པར་བཟློག་པའི་དྲག་སྔགས་བཟླ་བཞིན་པར་འཕེན། དེ་རྗེས་གཏེར་སྲུང་གཏོར་མ། དེ་རྗེས་བཀའ་སྲུང་གཏོར་མ། དེ་རྗེས་གཏོར་ཆེན་རྣམས་རང་རང་གི་བསྐུལ་བཟློག་སྔགས་དང་བཅས་པས་རྡེག་ཅིང་དྲག་པོའི་དམག་དཔུང་དང་ནད་མཚོན་དུག་གི་ཆར་པས་དགྲ་བགེགས་ཀྱི་གཟུགས་ཕུང་བཤིག རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་བཅས་ཁ་ཕུང་རྗེས་མེད་དུ་བརླགས་པར་བསམ་ལ། དྲག་སྔགས་དམོད་མོ་དང་བཅས་པའི་ཐལ་མོ་དང་དུལ་མོ་བརྡབ་བོ།། དེ་ནས་གཏོར་གཞོང་རྣམས་བཤལ་བའི་ཕུད་ཀྱིས་བསྟན་མའི་གཏོར་མར་བྲན་བྱིན་གྱིས་བརླབས་ལ་ལས་བྱང་བཞིན་འབུལ། ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཊ་བྷྱོ་བཟློག༔ ཅེས་བཟླས། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག་རྡོ་རྗེའི་གུར་ཁང་ཏུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ནས་སྲུང་འཁོར་མེ་འཁྱིལ་ལྟ་བུ་ལ་བདག་ནི་འབར་བ་སོགས། བསྒྲུབ་པ་གང་ཡིན་རང་གཞུང་གི་སྲུང་འཁོར་དང་དེ་མིན་དམིགས་པས་གསལ་བཏབ་པས་འཐུས་སོ།། དེ་ནས་ཕྱི་སྒོ་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ་བཟློག་པའི་དྲག་སྔགས་བདུན་ནམ་ཉེར་གཅིག་བཟླས། སྒྲུབ་ཁང་གི་སྒོ་དྲུང་དུ་གྲུ་གསུམ་བྲུས་ལ་ལིང་ག་ཐལ་སོལ་སོགས་བླུག་ཅིང་འགུག་གཞུག་བྱ། མནན་སྔགས་བཟླ་ཞིང་རྡོས་གཡོག་པའི་སྟེང་དུ་གཏོར་གཞོང་ཁ་སྦུབ་མེ་དགྲ་ཆུས་བསད་ཅིང་བྲོ་བརྡུང་། དེ་ནས་གཏོར་གཞོང་ཁ་བཏེགས་ལ་འབྲུ་སྨན་བླུགས། ནང་དུ་ལོག་ནས་ཚེ་གཟུངས་འདོན་ཞིང་ཚེ་འགུགས་བྱེད། གཏང་རག་གི་མཆོད་བསྟོད་དང་ཡིག་བརྒྱས་ནོངས་བཤགས་བྱ་ཞིང་དངོས་གྲུབ་ལེན། ནམ་མཁར་བཞུགས་པའི་ཡེ་ཤེས་པ། ཨོཾ་ཁྱེད་ཀྱི་སོགས་ཀྱིས་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ཞིང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལས་རྗེས་མི་མངོན་པར་བྱ་བ་སོགས་གསང་སྔགས་ཀྱི་སྤྱི་ལུགས་ལྟར་སྤྱད་པར་བྱའོ།། ཅེས་པའང་ཚུལ་ལྡན་སློབ་མ་འགས་བསྐུལ་བ་ལ་བརྟེན་པ་དང་དགུ་གཏོར་སོགས་ལ་མཁོ་བའི་ཕྱིར་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་ཨོ་རྒྱན་བསམ་གཏན་གླིང་གི་དགེ་གནས་སུ་བྲིས་པའོ།། དགེའོ།།


previousགཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པ།next