Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
ཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ།
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ།next

ཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ།

ཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ༔ ནམ་མཁའ་མཛོད་ཀྱིས་བརླབས་ལ་འདི་སྐད་དང་པོ་ཡར་ལ་ཞུ༔ ༼༡ ཀྱེ༔ ང་ཨ་རྒོང་རྒྱལ་པོའི་ཞལ་ན་རེ༔ ཁྱེད་རྣལ་འབྱོར་དམ་པ་སྙན་ཅིག་གསོན༔ འབྲུ་མཆོག་ངར་གྱི་མི་བོ་ཆེ༔ ཡོན་བདག་གླུད་དུ་འགྲོ་དགོས་ན༔ དཔྲལ་བའི་མིག་དང་ཁོག་པའི་སྙིང༔ རྣ་བ་སྣ་དབང་ལྕེ་དང་སོ༔ ང་ལ་སྐྱེ་མཆེད་མེད་མོད་ཀྱང༔ དེ་སོགས་ཁྱེད་ཀྱིས་གནང་བར་ཞུ༔ ༼༢ ཀྱེ༔ ང་ཨ་རྒོང་རྒྱལ་པོའི་ཞལ་ན་རེ༔ ཁྱེད་རྣལ་འབྱོར་དམ་པ་སྙན་ཅིག་གསོན༔ ཡོན་བདག་གླུད་དུ་འགྲོ་དགོས་ན༔ མགོ་ཞྭ་རྐང་ལྷྭམ་ལུས་གོས་དང༔ སྐེ་རག་ལྷམ་སྒྲོག་གསེར་གཡུའི་རྒྱན༔ གང་ཡང་མེད་པས་གནང་བར་ཞུ༔ ༼༣ ཀྱེ༔ ང་ཨ་རྒོང་རྒྱལ་པོའི་ཞལ་ན་རེ༔ ཁྱེད་རྣལ་འབྱོར་དམ་པ་སྙན་ཅིག་གསོན༔ ཡོན་བདག་གླུད་དུ་འགྲོ་དགོས་ན༔ ནོར་དང་བག་མ་གྲོགས་པོ་དང༔ འཁོར་འབངས་ལོངས་སྤྱོད་དངོས་པོ་མེད༔ དེ་སོགས་ཁྱེད་ཀྱིས་གནང་བར་ཞུ༔ ༼༤ ཀྱེ༔ ང་ཨ་རྒོང་རྒྱལ་པོའི་ཞལ་ན་རེ༔ ཁྱེད་རྣལ་འབྱོར་དམ་པ་སྙན་ཅིག་གསོན༔ ང་ཡོན་བདག་གླུད་དུ་འགྲོ་དགོས་ན༔ ཅི་དང་གང་གི་གླུད་འདི་དག༔ སུ་དང་གང་ལ་ཇི་ལྟར་འཇལ༔ སྔགས་འཆང་རྒྱལ་པོས་གསུང་དུ་གསོལ༔ ༼༥ ཀྱེ༔ ང་ཨ་རྒོང་རྒྱལ་པོའི་ཞལ་ན་རེ༔ ཁྱེད་རྣལ་འབྱོར་དམ་པ་སྙན་ཅིག་གསོན༔ ང་ཡོན་བདག་ཁམས་དང་སྐྱེ་མཆེད་དང༔ འབྱུང་ལྔའི་གླུད་དུ་འགྲོ་དགོས་ན༔ འབྱུང་བ་ལྔ་ལ་ཇི་ལྟར་འཇལ༔ ཡོན་བདག་རྐྱེན་ངན་ཇི་ལྟར་བསལ༔ ང་རང་རྗེས་མེད་གང་དུ་འགྲོ༔ གྲོལ་བའི་གནད་དོན་ཅི་དང་ཅི༔ བཀྲ་ཤིས་སྨོན་ལམ་ཇི་ལྟར་ལེགས༔ སྔགས་འཆང་རྒྱལ་པོས་གསུང་དུ་གསོལ༔ ཞུ་ལེན་རྗེས་ནས་མར་གནང་ནི༔ ༼༡ ཀྱཻ༔ ང་སྔགས་འཆང་རྒྱལ་པོའི་ཞལ་ན་རེ༔ ཨ་རྒོང་རྒྱལ་པོ་ཚུར་གསོན་དང༔ ཁྱོད་ལ་དགོས་པ་བདག་གིས་སྟེར༔ ཞོ་ཤའི་སྙིང་དང་མུ་ཏིག་ཀླད༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ བྱི་རུའི་ལྕེ་ལ་ལེ་བརྒན་རྣ༔ བསུང་ཞིམ་སྣ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་དང་སྐྱེ་མཆེད་ལྔ༔ རྐང་པས་སྟངས་སྟབས་ལག་གར་བསྒྱུར༔ ཨ་རྒོང་ངར་གྱི་མི་བོ་ཆེ༔ ཁམས་དང་སྐྱེ་མཆེད་ཡོངས་རྫོགས་ཚང༔ སྣང་སྲིད་ལྷ་འདྲེ་ཡོངས་ལ་བསྔོ༔ ཕྱིན་ཆད་མ་འཁོར་མ་གནོད་ཅིག༔ ༼༢ ཀྱཻ༔ ང་སྔགས་འཆང་རྒྱལ་པོའི་ཞལ་ན་རེ༔ ཨ་རྒོང་རྒྱལ་པོ་ཚུར་གསོན་དང༔ ཁྱོད་ལ་དགོས་པ་བདག་གིས་སྟེར༔ མགོ་ལ་ཝ་ཞྭ་ཤིགས་སེ་ཤིག༔ རྒྱབ་ལ་དར་གོས་འཇོ་སེ་འཇོ༔ ཞབས་ལ་རྒྱ་ལྷྭམ་གད་དེ་གད༔ ལག་པ་གདུ་བུ་ཁྲོ་ལོ་ལོ༔ མགུལ་ལ་དོ་ཤལ་སི་ལི་ལི༔ རིན་ཆེན་རྒྱན་ཆ་སྤུངས་སེ་སྤུང༔ སྣང་སྲིད་ལྷ་འདྲེའི་ཚོགས་ལ་བསྔོ༔ ཕྱིན་ཆད་མ་འཁོར་མ་གནོད་ཅིག༔ འདི་ལ་གནོད་པ་མ་བྱེད་ཅིག༔ ༼༣ ཀྱཻ༔ ང་སྔགས་འཆང་རྒྱལ་པོའི་ཞལ་ན་རེ༔ ཨ་རྒོང་རྒྱལ་པོ་ཚུར་གསོན་དང༔ ཁྱོད་ལ་དགོས་པ་བདག་གིས་སྟེར༔ བརྒྱན་བརྒྱན་དེ་ནི་སྤུར་སྤུར་ནས༔ སྐྱེས་བུ་དམག་ལ་ཆས་པ་འདྲ༔ ན་ཆུང་བག་མར་ཆས་པ་འདྲ༔ རྒྱལ་པོའི་བང་མཛོད་ཕྱེས་པ་འདྲ༔ རྒྱ་ནག་རྒྱལ་པོའི་ལོངས་སྤྱོད་ནི༔ དར་ཟབ་རི་ལྟར་སྤུངས་པ་ནི༔ ཁྱོད་ལ་གོས་ཀྱི་སྐལ་བར་བསྔོ༔ རྒྱ་གར་ཡུལ་ནས་གསེར་དངུལ་གཡུ༔ སངས་རྒྱས་བསྟན་པའི་ཀ་དར་དེ༔ ཁྱོད་ཀྱི་དཀོར་གྱི་སྐལ་བར་བསྔོ༔ སྟག་གཟིག་ཡུལ་ནས་རྟ་གླང་གནག༔ ཁྱོད་ལ་ནོར་གྱི་སྐལ་བར་བསྔོ༔ ཡུལ་གྱི་ཐ་གྲུ་རིན་ཆེན་གླིང༔ མཛེས་པའི་ན་རི་འཕྱོར་བོའི་རྒྱན༔ ཁྱོད་ལ་བག་མའི་སྐལ་བར་བསྔོ༔ འབྲུ་དྲུག་ངར་གྱི་མི་ཆེན་ལ༔ སྔགས་དང་ཕྱག་རྒྱས་བྱིན་རླབས་པ༔ རེ་རེ་ལ་ཡང་བརྒྱ་སྟོང་འཕྲོས༔ ཁྱོད་ལ་གྲོགས་ཀྱི་ཚུལ་དུ་བསྔོ༔ གླུད་ལ་གཙོ་དང་འབངས་སུ་སྤྲུལ༔ ཁྱེད་ལ་འབངས་ཀྱི་རྣམ་པར་བསྔོ༔ འགོང་པོ་ཐེའུ་བྲང་སྤུན་དགུ་དང༔ དམ་སྲི་ཡང་གཡོག་ཚུལ་དུ་བསྔོ༔ སྣང་སྲིད་ལྷ་འདྲེ་ཡོངས་ལ་བསྔོ༔ ཕྱིན་ཆད་མ་འཁོར་མ་གནོད་ཅིག༔ ༼༤ ཀྱཻ༔ ང་སྔགས་འཆང་རྒྱལ་པོའི་ཞལ་ན་རེ༔ ཨ་རྒོང་རྒྱལ་པོ་ཚུར་གསོན་དང༔ ཁྱོད་ཕྱོགས་བཞིར་འགྲོ་ལ་ཆས་ཙ་ན༔ ཤར་གྱི་ས་བདག་ཕོ་མོ་དང༔ དྲི་ཟའི་དམག་ཚོགས་ཕྱིར་ཟློག་ཅིག༔ ལྷོ་ཕྱོགས་རྒྱལ་ཆེན་ཕོ་མོ་དང༔ གཤིན་རྗེའི་དམག་ཚོགས་ཕྱིར་ཟློག་ཅིག༔ ནུབ་ཕྱོགས་རྒྱལ་བཙན་ཕོ་མོ་དང༔ ཀླུ་དབང་དམག་ཚོགས་ཕྱིར་ཟློག་ཅིག༔ བྱང་ཕྱོགས་བདུད་རྗེ་ཕོ་མོ་དང༔ གནོད་སྦྱིན་དམག་ཚོགས་ཕྱིར་ཟློག་ཅིག༔ མདོས་དང་གླུད་གྱི་སྒོ་ཕྱེ་ལ༔ ངར་གྱི་མི་ཆེན་བྲན་འཁོར་གཡོག༔ རང་རང་བགྲོད་པའི་ཡས་ལམ་ལ༔ ཞུགས་ཏེ་ཐོགས་མེད་འགྲོ་བར་གྱིས༔ ལྷ་འདྲེའི་ཁ་ཁོག་ངོ་ལོངས་ལ༔ ཡོན་བདག་གླུད་དུ་ད་སོང་ཅིག༔ ཕྱིན་ཆད་མ་འཁོར་མ་གནོད་ཅིག༔ ༼༥ ཀྱཻ༔ ང་སྔགས་འཆང་རྒྱལ་པོའི་ཞལ་ན་རེ༔ ཨ་རྒོང་རྒྱལ་པོ་ཚུར་གསོན་དང༔ ཁྱོད་ཡོན་བདག་གླུད་དུ་ད་འགྲོ་དགོས༔ མི་བརྒྱ་ལས་ལྷག་གླུད་བཟང་གཅིག༔ ལྷ་ཕྲུག་བུ་མོའི་རྣམ་འགྱུར་ངོམ༔ སྣང་སྲིད་ལྷ་འདྲེའི་ཡས་ལེན་ཚེ༔ རང་རང་འདོད་པའི་ཡོན་ལྔར་སྤྲུལ༔ འབྱུང་བ་ནམ་མཁའི་ཁམས་ལ་ནི༔ སེམས་ཀྱི་གླུད་དུ་མཁའ་ལ་བསྔོ༔ འབྱུང་བ་ས་ཡི་ཁམས་ལ་ནི༔ ཤ་ཡི་གླུད་དུ་ས་ལ་འབུལ༔ འབྱུང་བ་ཆུ་ཡི་ཁམས་ལ་ནི༔ ཁྲག་གི་གླུད་དུ་ཆུ་ལ་འཇལ༔ འབྱུང་བ་རླུང་གི་ཁམས་ལ་ནི༔ དབུགས་ཀྱི་གླུད་དུ་རླུང་ལ་འཇལ༔ འབྱུང་ལྔའི་ལྷ་འདྲེ་འཁོར་དང་བཅས༔ གླུད་དང་ཆང་བུ་འདི་ཁྱེར་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཡོན་བདག་ཚེ་རིན་སྲོག་གི་གླུད༔ མི་ཕྱུགས་ར་བ་གང་གི་གླུད༔ ཁ་རྗེ་བསོད་ནམས་ཉམས་པའི་གླུད༔ མཐུ་གཏད་སྣ་འདྲེན་རྒྱབ་བརྟེན་གྱི༔ ལྷ་འདྲེའི་ཚོགས་ལ་གླུད་དུ་འབུལ༔ ཨ་རྒོང་ཁྱོད་ཀྱིས་རྐྱེན་ཁ་བསྒྱུར༔ ཡོན་བདག་བསམ་པ་འགྲུབ་པ་དང༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཤེགས་སོ་བཞུད་དོ་ཤ་ར་ར༔ ཞི་ཞིང་བྱམས་པའི་སེམས་ཀྱིས་ནི༔ མ་འཁོར་མ་གནོད་གཙྪ་མུ༔ ཞེས་བསམ་གཏན་ཡེ་ཤེས་གླིང་པས་ཕབ་པའོ༔


previousཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ།next