Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
ཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས།
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས།next

ཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ ཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས་བཞུགས༔

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ ཕག་མོའི་ཟབ་ཁྲིད་ཆ་ལག་ཏུ༔ འཆི་བསླུ་གཤིན་རྗེའི་དཔུང་འཇོམས་སྟོན༔ ཆོས་ལ་དབང་བས་བདག་པོ་མཛོད༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ༔ རྐྱེན་ངན་བར་ཆད་དུས་མིན་གྱི༔ འཆི་བསླུ་གཤིན་རྗེའི་དཔུང་འཇོམས་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་ལག་ལེན་བཅའ་གཤོམ་ནི༔ གནས་ནི་ཡིད་དང་མཐུན་པ་རུ༔ ཕྱི་ནང་གསང་གསུམ་མཆོད་པ་བཤམས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ བསྙེན་སྒྲུབ་ཚོགས་བསྐང་ཚུལ་ལྡན་བྱ༔ ལྷོ་ཕྱོགས་མདུན་གཞི་མ་ཊཾ་གཟུགས༔ བཀོད་པའི་སྟེང་དུ་གཤིན་རྗེ་ནི༔ ཨ་ཝ་གླང་མགོ་སྨུག་ནག་རྔམ༔ ཨམ་གཙིགས་སྤྱན་གསུམ་ཁྲོ་གཉེར་ངོམ༔ དམར་སེར་རལ་པ་གྱེན་དུ་འཁྱིལ༔ ཕྱག་གཉིས་ཁྲམ་ཤིང་ཞགས་པ་བསྣམས༔ འདོར་སྟབས་མ་ཊཾ་སྙིང་གར་བཀོད༔ གཡས་སུ་རཀྴ་ཕག་གི་མགོ༔ སྔོན་པོ་ཁྲམ་ཤིང་ཞགས་པ་བསྣམས༔ གཡོན་དུ་སྲོག་བདག་སྦྲུལ་མགོ་དམར༔ ཕྱག་གཉིས་ཁྲམ་ཤིང་ཞགས་པ་བསྣམས༔ མ་ཊཾ་ཡན་ལག་རྣམ་བཞི་ལ༔ ལོ་སྐོར་བཅུ་གཉིས་གཟུགས་བརྙན་བཀོད༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་སེར༔ ༼ཤིང་སྒྲོམ་༽ཁང་བཟང་དཔལ་བེ་ཞལ་ནམ་བྲན༔ ༼ཤིང་སྒྲོམ་༽གླུད་ལ་ཁང་བཟང་ནམ་ལྔ་བྲན༔ མགོ་ཐོག་ཡོན་བདག་ཨ་རྒོང་བཀོད༔ གོས་རྒྱན་ལོངས་སྤྱོད་དུ་མས་སྤུད༔ ཕོ་མོ་གང་ཡིན་རང་ཆས་ཀླུབ༔ ཕོ་ཤིང་མོ་ཤིང་ཟུང་ལ་ནི༔ རང་ལོའི་གྲངས་ཀྱི་ཁྲམ་རིས་བཀོད༔ གཟུགས་ཀྱི་ཕྲག་གོང་དག་ཏུ་དགོད༔ དེ་ཡི་ལོགས་སུ་གཏོར་མ་དང༔ འབྲུའི་ཆན་ཆང་བུ་རིལ་བུ་སོགས༔ མཁོ་དགུའི་འབྱོར་ཚོགས་རྒྱ་མཚོ་བཤམས༔ ཕོ་མོའམ་ནད་པ་མདུན་དུ་བོས༔ རང་ཉིད་ལྷར་གསལ་ང་རྒྱལ་བསྒོམ༔ སྐྱབས་སེམས་སྔོན་སོང་སྔགས་ཀྱིས་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་དུ་མ་ཊཾ་དགྲ་བགེགས་ཀྱི་ཁོག་པའི་དབུས་སུ་འཆི་བདག་གཤིན་རྗེའི་རྒྱལ་པོ་ཨ་བ་གླང་གི་མགོ་ཅན་སྐུ་མདོག་ནག་པོ་ཞལ་གྱིས་ཨམ་གཙིགས་བསྡམ་པ༔ ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ སྐྲ་དམར་སེར་གྱེན་དུ་བརྫེས་པ༔ ཐོད་སྐམ་དང་རྡོ་རྗེའི་ཏོག་གིས་མཛེས་པ༔ ཞབས་འདོར་སྟབས་སུ་བསྒྲད་པ༔ སྐུ་ལ་མི་ལྤགས་ཀྱི་གཡང་གཞི་དང་དར་ནག་ལྡིང་ཐབས་སུ་མནབས་པ༔ དེའི་གཡས་སུ་ཚེ་བདག་རཀྴ་ཕག་མགོ་སྔོ་ནག་ལག་གཉིས་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ ཁ་གདངས་ཤིང་མིག་བསྒྲད་པ༔ མཆེ་བ་གཙིགས་པ་ཞབས་འདོར་སྟབས་ཅན་སྟག་ཤམ་དང༔ གཡང་གཞི་ཀླུབ་པ༔ མི་མགོའི་དོ་ཤལ་འཕྱངས་བ༔ གཡོན་ཕྱོགས་སུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་སྐུ་མདོག་དམར་ནག་གཟིག་ཤམ་རུས་རྒྱན་དར་དཔྱངས་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ དེའི་མཐའ་བསྐོར་མ་ཊཾ་གི་ཡན་ལག་བཞིའི་གདན་ལ་ལོ་སྐོར་བཅུ་གཉིས་བྱི་བ་ནས་ཕག་གི་བར་དུ་རང་རང་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ་ཆ་བྱད་རྣམ་འགྱུར་རང་སྐལ་བཞིན་གསལ་བའོ༔ མ་ཊཾ་གི་མགོ་བོའི་གདན་ཁར་ཡོན་བདག་གི་འདྲ་གླུད་གཟུགས་མཛེས་ཤིང་ལང་ཚོ་ངོམ་པ་གོས་རྒྱན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤུད་ཅིང༔ སྨྲ་མཁས་ཤིང་ཤེས་རིག་བཀྲ་བ༔ འགྲོ་མཁས་ཤིང་ལྡེམ་ལྡེམ་བྱེད་ཅིང༔ སྣང་སྲིད་ལྷ་འདྲེ་ལ་ཤགས་འདེབས་པ༔ ལག་གཉིས་ང་འགྲོའི་ཕྱག་རྒྱ་བྱེད་ཅིང་ལྷ་ཕྲུག་བུ་མོ་བརྒྱ་ཡིས་ཆར་ཡང་མི་ཕོད་པ༔ ཀ་ཆ་དང་དཀོར་ནོར་མང་པོ་སྤུངས་ཤིང་ཟད་པ་མེད་པའི་གཏེར་དང་ལྡན་པར་སྒོམ༔ དེ་རྣམས་ཀྱི་མཐའ་བསྐོར་དུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད༔ ནད་བདག་ཕོ་མོ༔ གླུད་བདག་ཕོ་མོ༔ གྲིབ་བདག་ཕོ་མོ༔ ལན་ཆགས་དང་ཡས་བདག་ཕོ་མོ་ཐམས་ཅད་ཁྲོམ་འཚོགས་པ་ལྟར་དམིགས་ཤིང༔ དེ་ལྟར་བསྐྱེད་ནས་བགེགས་འགུགས་པ་ནི༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་འོད་ཟེར་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་རང་དབང་མེད་པར་བདེན་པའི་སྟོབས་དང་བཅས་པས་བཀུག་ནས་མདུན་གྱི་གཟུགས་ལ་ཐིམ་པར་གྱུར༔ ན་མོ་རྗེ་བཙུན་སོགས་ནས། བདེན་པ་ཆེན་པོའི་སྟོབས་ལ་བརྟེན་ནས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འཆི་བདག་ཨ་བ་གླང་མགོ༔ ཚེ་བདག་རཀྴ་ཕག་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་མགོ༔ ལོ་བདུད་ལོ་གཤེད་བཅུ་གཉིས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ གནས་གདོན་ལུས་གདོན༔ ནད་བདག་ཡམས་བདག༔ རིམས་བདག༔ གེག་ལྷོག་གཟེར་གསུམ་བཀའི་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ༔ གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་མཐོ་རི་བོའི་རྩེ༔ དམའ་རྒྱ་མཚོའི་གཏིང༔ ས་འོག་ས་སྟེང་ས་བླ་གར་གནས་ཀྱང་རང་དབང་མེད་པར་རྟེན་གཟུགས་ཀྱི་ཕུང་པོ་འདི་རྣམས་ལ་ཁུག་ཅིག༔ ཏྲི་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ རཱུ་པ་དང་གཉིས་སུ་མེད་པར་གྱུར་ཅིག༔ སླར་ཡང་ཁྲོ་བོའི་ང་རྒྱལ་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རང་དབང་མེད་པར་བཀུགས་ལ་བཀའ་ཉན་གུས་འདུད་བྱེད་པར་བསམ༔ རིག་པ་ངར་བསྐྱེད་ལ་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ང་ནི་པདྨ་ཧེ་རུ་ཀ༔ ང་ནི་གསང་འཛིན་རྡོ་རྗེ་འཆང༔ ང་ནི་བཅོམ་ལྡན་ཚེ་དཔག་མེད༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ ང་ཡི་བཀའ་ལ་མ་འདའ་ཞིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ མ་ལུས་རྡུལ་དུ་བརླག་པར་བྱེད༔ ལོ་དགུ་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཞེས་ནི་བྱ་བ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་བགེགས༔ འཆི་བདག་ཨ་བ་གླང་མགོ་དང༔ ཚེ་བདག་རཀྴ་ཕག་གི་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་གྱི་མགོ༔ དེ་འཁོར་ལོ་བདུད་ལོ་གཤེད་དང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ གནོད་པར་བྱེད་པ་གང་ཡང་རུང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ ཁྲོ་བོ་ཁྲོ་མོའི་མཐུ་རྩལ་དང༔ སྔགས་དང་ཕྱག་རྒྱའི་བདེན་པ་ཡིས༔ རང་དབང་མེད་པར་འདིར་ཁུག་ཅིག༔ གནོད་བྱེད་སརྦ་སུ་ཏྲི་པྲེ་ཏུ་ཨ་ཀཪྴ་ཡཱ་ཛ་ཛ༔ ཞེས་ལན་བདུན་ལྔ་གསུམ་ལ་སོགས་འགུགས་རྟགས་མ་ཐོན་བར་དུ་བྱའོ༔ དེ་ནས་འཆི་བདག་འཁོར་བཅས་བག་ཕེབས་ནས་རྡོ་རྗེ་སློབ་དཔོན་ལ་འདུད་ཅིང་བཀའ་ལ་ཉན་པར་བསམ༔ དེ་ནས་ཆང་བུ་དང་དཀར་གསུམ་མངར་གསུམ་སོགས་བྲན་ལ༔ སྭ་བྷ་ཝས་སྦྱངས༔ ཏྲཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཀྱི་ནང་དུ་དཀར་གསུམ་མངར་གསུམ་གྱི་ཆང་བུ་གླུད་གཏོར་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ དང་ཁ་འབར་མའི་སྔགས་ཀྱིས་གཏེར་དུ་བསྔོ༔ འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར༔ མཆོད་སྦྱིན་གྱི་གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེ་ཨ་བ་གླང་མགོ༔ ཚེ་བདག་རཀྴ་ཕག་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་མགོ༔ ལོ་བདུད་ལོ་གཤེད་བཅུ་གཉིས༔ བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ༔ འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ དེ་ནས་བདེན་པའི་སྟོབས་བརྗོད་པ་ནི༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་དང༔ རིག་སྔགས་དང༔ གཟུངས་སྔགས་དང༔ སྙིང་པོ་ཏིང་ངེ་འཛིན་གྱི་བདེན་པ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས༔ དེ་རིང་བསྒྲུབ་བྱ་འདི་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག༔ གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག༔ ཅེས་བརྗོད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དུད་རླངས་ཀྱི་རྣམ་པས་ལུས་ནས་ཐོན་ཏེ་གླུད་ལ་ཐིམ་པའི་མོས་པ་མཛོད་ཅིག༔ དེ་འདྲ་བརྒྱ་སྟོང་ངམ་ནད་པའི་ལོ་གྲངས་བསྔོ་ཞིང་ཕྱག་ལེན་ཐེབས་པར་བྱའོ༔ འདིར་གླུད་བསྔོ་ཞིང་རྫོངས་འདེབས་ནི༔ ཧོ༔ འཆི་བདག་ཨ་བ་གླང་མགོ༔ རཀྴ་ཕག་མགོ༔ སྲོག་བདག་སྦྲུལ་མགོ༔ བཀའི་ལྷ་སྲིན་འཁོར་དང་བཅས་པ་རྣམས་ལ་ལོངས་སྤྱོད་ཀྱི་དངོས་པོ་བྲེ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ༔ བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ༔ རྒྱ་སྲང༔ ཧོ༔ འཆི་བདག་ཨ་བ་གླང་མགོ༔ རཀྴ་ཕག་མགོ༔ སྲོག་བདག་སྦྲུལ་མགོ༔ བཀའི་ལྷ་སྲིན་འཁོར་དང་བཅས་པ་རྣམས་ལ་ཤ་མར༔ ཐུད་བུ་རམ་སོགས་ལོངས་སྤྱོད་ཀྱི་དངོས་པོ་སྲང་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ༔ བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ༔ དེ་ནས་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་དང༔ རིག་སྔགས་དང༔ གཟུངས་སྔགས་དང༔ སྙིང་པོ་ཏིང་ངེ་འཛིན་གྱི་བདེན་པ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ སྔགས་འཆང་རྣལ་འབྱོར་པ་བདག་ཅག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས༔ དེ་རིང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས༔ བདག་ཅག་འཁོར་དང་བཅས་པ་རྣམས་ལ་དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ༔ གདོན་གྱི་རིགས་སུ་གྱུར་པ༔ རྨི་ལམ་ངན་པ་དང༔ མཚན་ལྟས་ངན་པ་དང༔ དུས་མ་ཡིན་པའི་འཆི་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ མཐུན་ཞིང་དགེ་བའི་རིགས་སུ་གྱུར་པ་ཚེ་རིང་བ་དང༔ ནད་མེད་པ༔ བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་བསྔོའོ༔ དེ་ནས་ཡང་རང་ཉིད་སྔགས་ཆས་སྤྲས༔ ཞྭ་གོས་ལ་སོགས་ནག་པོ་བྱ༔ གདོང་ལ་རོ་སོལ་ནག་པོ་བྱུགས༔ ཤ་ཆེན་བསུར༔ གཏོར་སྣོད་བྷན་དྷ་ནག་པོའི་ནང་དུ༔ ལིངྒ་ཆང་བུ་ནག་པོ་བཞག་ལ༔ ཁྲག་ཆང་གིས་བྲན༔ དགྲ་བགེགས་བྱད་མ་ཚེ་རྐུ་སྲོག་འཕྲོག་རྣམས་བདེན་སྟོབས་ཀྱིས་བཀུག་ལ་བསྟིམ༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་དང༔ རིག་སྔགས་དང༔ གཟུངས་སྔགས་དང༔ སྙིང་པོ་ཏིང་ངེ་འཛིན་གྱི་བདེན་པ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ སྔགས་འཆང་རྣལ་འབྱོར་པ་བདག་ཅག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས༔ དེ་རིང་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདིས༔ བདག་འཁོར་དང་བཅས་པ་རྣམས་ལ་དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད་རང་བྱད་རང་ལ་ལོག་པར་གྱུར་ཅིག༔ རང་གཤེད་རང་ལ་འབེབས་པར་གྱུར་ཅིག༔ རང་སྲོག་རང་གིས་གཅོད་པར་གྱུར་ཅིག༔ རང་ཤ་རང་གིས་ཟ་བར་གྱུར་ཅིག༔ རང་སྨ་རང་ལ་འབེབས་པར་གྱུར་ཅིག༔ རང་ཁྲག་རང་གིས་འཐུང་བར་གྱུར་ཅིག༔ ཕུང་བར་གྱུར་ཅིག༔ བརླགས་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ སྟོང་པར་གྱུར་ཅིག༔ གཤིན་རྗེ་མི་བཟད་འབར་བའི་ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ གལ་ཆེ་ཞིང་བྱད་ཡོད་མཁན་ལ་གྲངས་གསོག༔ ལིངྒ་རེ་དང་གཏོར་མ་རེ་སྤྲད་ལ༔ གཤིན་རྗེ་འཁོར་དང་བཅས་པ་ལ་ཕུལ་ལོ༔ དེ་ནས་སྐུ་གླུད་རྒྱན་ལྡན་ལ་བསང་སྦྱངས༔ ཞུས་ལེན་གླུད་རབ་དང་བཅས་རང་གཞན་བཀའ་གང་རུང་ནས་བྱུང་བ་ལྟར་བཏང༔ དེ་ནས་གཏོར་བསྐུལ་སྨན་རཀ་བྲན༔ གཤིན་རྗེའི་ཞལ་བསྒྱུར་དར་ཕྱར་དུང་འབུད༔ རྩ་གསུམ་སྲུང་མའི་བསྐུལ་བ་སོགས་འདོན་ནོ༔ སྒོ་དབྱེ་གཟུ་དཔང་གསེར་སྐྱེམས་གཏོང༔ ལོ་བདུད་དམ་དགྲ་བགེགས་བྱད་མའི་ཕྱོགས་སུ་འཕེན་པར་བྱ༔ རྔ་བརྡུང་བཀའ་བསྒོའི་ཚུལ་གྱིས་འདི་བཞིན་བརྗོད༔ ཧཱུྃ་བྷྱོ་ཡ༔ འཆི་བདག་གཤིན་རྗེ་འཁོར་དང་བཅས༔ ལྷ་སྲུང་གནོད་སྦྱིན་ལ་སོགས་ཏེ༔ གདོན་བགེགས་རིགས་སུ་གྱུར་པ་རྣམས༔ གང་ཟག་ཆེ་གེ་མོ་ཞེས་བྱ་ལ༔ ཡང་ན་རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ གནོད་པར་གྱུར་པ་གང་ཡང་རུང༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ གདོད་མ་ཉིད་ནས་དངོས་པོར་གོལ༔ དངོས་པོ་མེད་ལ་ཡོད་པར་བཟུང༔ རྟག་པར་བཟུང་ཞིང་འཛིན་པར་བཅས༔ དཔེར་ན་ཟོ་ཆུའི་ཁྱུད་མོ་འདྲ༔ སླར་ཡང་ལོག་ཅིང་ངན་སོང་འཁྱམས༔ ཁྱོད་ཀྱི་སེམས་དང་ང་ཡི་སེམས༔ ཁྱོད་ཀྱིས་སོ་སོར་འཛིན་པ་ཡང༔ འཁྲུལ་པ་ཡིན་ཏེ་ངན་སོང་རྒྱུ༔ ང་ཉིད་ཀུན་ཏུ་བཟང་པོ་ལ༔ ཁྱོད་ཀྱིས་རྫུ་འཕྲུལ་ཅི་བསྟན་ཡང༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་པའི་རྒྱུ༔ སེམས་ཅན་ཀུན་ལ་མ་འཚེ་ཞིག༔ སེམས་ཅན་ཀུན་ལ་འཚེ་བ་ན༔ སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔ སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་ཆེན་པོ་ཆར་མི་ཕོད༔ གནོད་པར་བྱེད་ན་སྲིན་པོར་སྐྱེས༔ དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔ རྟག་པར་བཟུང་ན་མུ་སྟེགས་ཡིན༔ བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔ ང་རུ་བཟུང་ན་གཤིན་རྗེ་ཡིན༔ ཁྲོ་རྒྱལ་ཞབས་ཀྱིས་བཅག་ལ་རེ༔ དུག་ལྔ་བདག་ཏུ་བལྟས་པ་ན༔ རིགས་དྲུག་སྡུག་བསྔལ་འབྱུང་བའི་རྒྱུ༔ རིགས་ལྔ་རྒྱལ་བས་འདུལ་ལ་རེ༔ སྒོ་གསུམ་སྒྲིམ་ལ་གུས་པས་ཉོན༔ འདི་རུ་གནོད་པ་མ་བྱེད་ཅིག༔ ཇི་ལྟར་ས་བོན་གང་བཏབ་པ༔ འབྲས་བུ་དེ་ལྟར་སྨིན་པ་ཡི༔ དགེ་བའི་འབྲས་བུ་མཐོ་རིས་ཐོབ༔ སྡིག་པའི་འབྲས་བུ་ངན་སོང་ལྷུང༔ དེ་བས་ཡང་དག་དོན་ལ་སོམས༔ ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་ཚོགས༔ ཁྱེད་རྣམས་རྫུ་འཕྲུལ་ལས་ཀྱི་ཤུགས༔ ཡོངས་ལ་གནོད་ཅིང་འཚེ་བར་བྱེད༔ གཤིན་པོ་རྩིས་སུ་འདེབས་པ་དང༔ གསོན་པོ་བསྐོས་ལ་ཕབ་པ་འོ༔ དགེ་སྡིག་ཤན་ཐང་འབྱེད་པ་པོ༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་འདིས༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ དགྱེས་ཤིང་མགུ་བར་གྱུར་ནས་ཀྱང༔ བཟུང་བ་ཐོངས་ལ་བཅིང་པ་ཁྲོལ༔ བཀའ་དང་དམ་ལས་མ་འདའ་བར༔ མཆོད་སྦྱིན་གླུད་གཏོར་འདི་སྣོམས་ལ༔ ལྷོ་ཕྱོགས་གཤིན་རྗེའི་གནས་སུ་སོང༔ ཕྱིན་ཆད་འཁོར་འདིར་མ་གནོད་ཅིག༔ སྔོན་གྱི་ལན་ཆགས་ཤ་འཁོན་ཡང༔ མཆོད་སྦྱིན་འདི་ཡིས་འཁོར་བར་གྱིས༔ བདག་ཉིད་ཆེན་པོའི་བཀའ་བཅག་ན༔ རྡུལ་དུ་བརླག་པར་གདོན་མི་ཟ༔ འདི་ཕྱི་གང་དུའང་ཕོང་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ང་ཡིས་མཚམས་བཅད་ཚུན་ཆད་ལ༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ ཅེས་ཆོས་བཤད་བཀའ་བསྒོ་བྱ༔ ཟོར་བརྡེག་ཆད་ཐོ་གཏོང༔ གོ་གྱོན་མཚོན་ཐོགས་བསྭོ་སྒྲ་སྒྲོག༔ དམིགས་བསལ་ཆུ་བོའི་གཞུང་ལ་བསྐྱལ༔ རྗེས་སུ་པྲ་བརྟགས་པ་ནི༔ གཏོར་མ་ཁ་ཡར་ལ་བསྒྱུར་ན་བཟློག་པ་བསྐྱར༔ ཁ་ཕྱིར་གྱུ་ན་བཟང༔ འཕྲེད་དུ་བསྒྱུར་ན་ཉེས་ཆེར་མི་འབྱུང་ངོ༔ འདིས་ནི་ཕན་པ་ཆེན་པོ་འབྱུང༔ ཆག་སྒོ་ཇི་ལྟར་ཆེ་ཡང་ལན་གསུམ་བསྐྱར་ན་མི་བཟློག་མི་སྲིད༔ དེས་མ་བཟློག་ན་ཚེ་དུས་ལ་བབ་པ་ཡིན་པས་སངས་རྒྱས་དངོས་ཀྱིས་ཀྱང་བཟློག་མི་ནུས་སོ༔ འདི་གང་བྱུང་དེས་ཆོག་མི་རུང༔ བཀའ་ཤིན་ཏུ་གཉན༔ རྣལ་འབྱོར་པ་ལྟ་བའི་གདེངས་དང་ལྡན་པའམ༔ ཡང་ན་ཡི་དམ་བསྙེན་ཚད་ཐེབས་པ་མ་གཏོགས་རང་ལ་འཁུ་ལྡོག་ཡོང་བས་གཟོབ་ཅིག༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་དང་ལྷ་བཙན་དགྲ་ལྷའི་རྒྱལ་པོས་གཏེར་འདི་འཚོས་ཤིག་སྲུངས་ཤིག༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཞེས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆ་ལག་འཆི་བ་བསླུ་བའི་ཆོ་ག་རྣལ་འབྱོར་པ་ས་ར་ཧི་ཏས་བོད་ཡིག་ཏུ་བསྒྱུར་པ་དགེའོ༔


previousཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས།next