Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
དྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་དྷེ་ཝ་བཛྲ་བས་བསྒྲིགས་པ།
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་དྷེ་ཝ་བཛྲ་བས་བསྒྲིགས་པ།next

དྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་དྷེ་ཝ་བཛྲ་བས་བསྒྲིགས་པ།

༄༅། དྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས། ཁྲུས་དང་བགེགས་བསྐྲད་མཚམས་གཅོད་བཅས་གྲུབ་མཐར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་སྟེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་དྲེགས་པ་ཅན་འདུལ་བ་དང་། བསྟན་པ་གཉན་པོ་སྲུང་བའི་ཆེད་དུ་དྲེགས་པ་ཐམས་ཅད་ཀྱི་རྗེ་བོའི་སྐུར་བཞེངས་པ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་དྲང་སྲོང་སྨུག་ནག་འོད་འཕྲོ་ཞེས་བྱ་བ། རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་ནུས་མཐུ་ལྷག་པར་ཆེ་ཞིང་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དུ་མ་དང་། བྱེ་བྲག་སྒོས་རྒྱུད་བྱ་རོག་མགོ་བརྩེགས། ཀིང་ཀང་རོག་ཏིའི་རྒྱུད་སོགས་ལས་གསུངས་པ་དང་། ཁྱད་པར་པདྨ་བཀའ་ཡི་ཐང་ཡིག་ལས། དེ་ནས་སློབ་དཔོན་བསམ་ཡས་བྱོན་པའི་ལམ༔ ལོ་ཧི་ཏའི་འགྲམ་དགོངས་པར་བཞུགས་པའི་དུས༔ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་བ༔ སྔགས་པ་དར་བབ་ཅིག་གི་ཆ་ལུགས་བྱས༔ མོག་རོ་རྟ་ཞོན་སླར་བབས་ཁྲིད་ནས་བྱུང་༔ དེ་ཡི་ངད་རླངས་སློབ་དཔོན་སྐུ་ལ་ཕོག༔ ཅུང་ཟད་གྲིབ་བྱུང་མེ་ལོང་ཧས་བཏབ་བཞིན༔ གྲིབ་བཙན་སྲིན་པོ་འདྲ་བ་སྔགས་པའི་ཆས༔ རྟ་ནི་མོག་རོ་ཁྲིད་ཁྱོད་སུ་ཡིན་གསུངས༔ ཞྭ་མོ་སྐྱ་ལྷེབ་ཕུད་ནས་འདི་སྐད་ཟེར༔ དྲག་ཅིང་ཁྲོ་གཏུམ་གཟུགས་ཅན་སྲོག་ལེན་པ༔ ཕ་ནི་སྲིན་པོ་མ་ནི་ཀླུ་མོ་ཡིན༔ སློབ་དཔོན་ཞལ་ནས་དྲང་སྲོང་འོད་འཕྲོ་ཁྱོད༔ ང་ཡི་དགེ་བསྙེན་བཀོལ་བདེ་ཡིན་འདུག་པ༔ མགོ་དགུ་ཡོད་པའི་རྒྱུ་མཚན་ཇི་ལྟར་ཡིན༔ སྤྱི་གཙུག་བྱ་རོག་མགོ་ཡོད་ཇི་ལྟར་ཡིན༔ རོ་སྟོད་མི་རུ་ཡོད་པ་ཇི་ལྟར་ཡིན༔ རོ་སྨད་སྦྲུལ་དུ་ཡོད་པ་ཇི་ལྟར་ཡིན༔ གཡས་པའི་རྭ་ཡི་མདའ་གཞུ་ཇི་ལྟར་ཡིན༔ གཡོན་པ་སྦྲུལ་ཞགས་ཐོགས་པ་ཇི་ལྟར་ཡིན༔ མགོ་ལུས་མེད་པར་མིག་ཡོད་ཇི་ལྟར་ཡིན༔ སྐུ་མདོག་དུད་ཁར་འོང་བ་ཇི་ལྟར་ཡིན༔ ཞལ་ནས་ཐོག་སེར་འོང་བ་ཇི་ལྟར་ཡིན༔ སྤྱིར་ན་གཟའ་ལ་ཕོ་མོ་དུ་ཡོད་པ༔ མ་ནིང་གཟའ་ཞེས་བྱ་བ་ཅི་ལ་ཟེར༔ དྲང་སྲོང་ཟེར་ནས་སེམས་ཅན་ལ་གནོད་ཅི༔ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ལགས་སམ༔ ཞེས་གསུངས་སྨུག་ནག་འོད་ཟེར་འཕྲོ་ན་རེ༔ ང་ལ་མགོ་དགུ་ཡོད་པའི་རྒྱུ་མཚན་ནི༔ ཀིང་ཀང་ཆེན་པོ་བརྒྱད་ནི་དུས་གཅིག་རྒྱུ༔ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཡིན་པའི་རྟགས༔ སྤྱི་གཙུག་བྱ་རོག་མགོ་ཡོད་རྒྱུ་མཚན་ནི༔ ང་ནི་འདོད་ཆགས་གྲང་བའི་ནད་དང་བསྡོངས༔ སྟེང་ལྷའི་འཇིག་རྟེན་ཀུན་ལ་དབང་སྒྱུར་རྟགས༔ རོ་སྟོད་མི་རུ་ཡོད་པའི་རྒྱུ་མཚན་ནི༔ ཡབ་ཀྱི་ཆ་འཛིན་ལྷ་མིན་དབང་བསྒྱུར་རྟགས༔ རོ་སྨད་སྦྲུལ་དུ་ཡོད་པའི་རྒྱུ་མཚན་ནི༔ ང་ནི་ཞེ་སྡང་ཚ་བའི་ནད་དང་བསྡོངས༔ ཡུམ་གྱི་ཆ་འཛིན་འོག་ཀླུར་དབང་བསྒྱུར་རྟགས༔ གཡས་ན་རྭ་ཡི་མདའ་གཞུ་བསྣམས་པ་ནི༔ ང་ནི་གཏི་མུག་འདུས་པའི་ནད་དང་བསྡོངས༔ ལྷ་དང་ལྷ་མིན་འཐབ་པའི་བར་བྱེད་རྟགས༔ གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པ་ནི༔ ང་ཡི་ལུས་ལ་རེག་དུག་མཐོང་བའི་དུག༔ གང་མ་ཉན་པ་དུག་སྦྲུལ་འཆིང་བའི་རྟགས༔ མགོ་ལུས་མེད་པར་མིག་གིས་གང་བ་ནི༔ ཚེ་འདིར་ལེགས་པར་བྱས་དང་ཉེས་པར་བྱས༔ འཇིག་རྟེན་གསུམ་ལ་བྱ་ར་བྱེད་པའི་རྟགས༔ སྐུ་མདོག་དུད་ཁར་འོང་པའི་རྒྱུ་མཚན་ནི༔ དུག་ལྔ་ལུས་ལ་རང་བཞིན་རྒྱས་པ་དང་༔ ཉི་མའི་ཟེར་ཕོག་ཚད་པ་སངས་པའི་རྟགས༔ ཞལ་ནས་ཐོག་སེར་འོང་བའི་རྒྱུ་མཚན་ནི༔ ཚ་གྲང་མ་སྙོམས་བསྒུལ་བསྐྱོད་བྱས་པ་དང་༔ ཁས་བླངས་སངས་རྒྱས་བསྟན་པ་བསྲུང་བའི་རྟགས༔ ཕོ་གཟའ་མོ་གཟའ་དུ་ཡོད་ཅེས་པ་ནི༔ གདུག་ཅན་ཕོ་གཟའ་བརྒྱད་ཡོད་མོ་གཟའ་བཞི༔ བྱང་སེམས་ཕོ་གཟའ་གསུམ་དང་མོ་གཟའ་གསུམ༔ མ་ནིང་གཟའ་གཅིག་ངོ་མི་ཤེས་པ་ཡོད༔ དྲང་སྲོང་ཟེར་ནས་སེམས་ཅན་གནོད་པ་ནི༔ ང་ཡིས་གནོད་པ་བསྐྱལ་བ་ཅུང་ཟད་མེད༔ ལོ་གཅིག་ལན་གཉིས་ལྷ་དང་ལྷ་མིན་འཁྲུག༔ བཅོ་ལྔར་ལྟད་མོ་བལྟས་པས་ཟླ་འོད་འགྲིབ༔ ང་དང་རྒྱང་ཐག་རིང་ཞིང་མཐོ་དམན་ཆེ༔ སྐྱེན་པོས་མདའ་འཕངས་ལྟ་བུར་རྒྱུ་བ་ཡིན༔ སེམས་ཅན་ཀུན་ལ་ང་ཡི་དུག་རླངས་ཕོག༔ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ཡོད་དེ༔ ཡབ་ནི་སྲིན་པོ་ཞེ་སྡང་མེ་ཡི་དུག༔ ཡུམ་ནི་ཀླུ་མོ་འདོད་ཆགས་ཆུ་ཡི་དུག༔ སྲས་ནི་སྒྲ་གཅན་གཏི་མུག་ས་ཡི་དུག༔ འཁོར་ནི་བསྡོངས་ཟླ་ཕྲག་དོག་རླུང་གི་དུག༔ ཐམས་ཅད་ཡོ་ལོག་ང་རྒྱལ་ནམ་མཁའི་དུག༔ སེམས་ཅན་བསོད་ནམས་དམན་ལ་འཕོག་པ་ཡིན༔ ཁྱོད་ཀྱི་དུག་ཕོག་ཇི་ལྟར་འོང་ཞེས་གསུངས༔ དྲང་སྲོང་སྨུག་ནག་འོད་འཕྲོའི་ཞལ་ནས་ནི༔ དུག་ཕོག་མདོག་སེར་མེ་ལྕེ་རིས་སུ་ཡོད༔ ཁ་ལྐུགས་ལྦུ་སྐྱུག་བྱོལ་སོང་སྐད་ཀྱང་འདོན༔ ཡན་ལག་མཉེན་དང་རེངས་དང་སྟོབས་ཆུང་ཡོང་༔ ངོ་སྦྲིད་གྲོད་པ་ཆེ་ཞིང་ལུས་བཅུད་ཤོར༔ འོན་ལྐུགས་ཐོལ་སྨྲ་དགོད་དང་འཚེར་བ་ཡོང་༔ གཞོགས་བཤལ་མིག་རྩ་གྲུང་དང་དབང་པོ་ཉམས༔ ཁ་མིག་ལག་པ་མི་ཟུག་བྱ་བྱེད་མང་༔ ཨིག་དང་གློ་འབྱུང་ཁ་མིག་ལྟག་པར་ཡོ༔ ཁ་ཁྲག་སྣ་ཁྲག་སྦྲིད་དང་ངུ་བ་འབྱུང་༔ ཞ་འཕྱེ་ལྕེ་བསྐམས་དྲི་མི་ཞིམ་པ་མནམ༔ ཁ་ནས་ཅལ་ཅོལ་གཏམ་ནི་ངེས་མེད་ཟེར༔ དེ་རྣམས་ང་ཡི་དུག་ཟེར་ཕོག་པའི་རྟགས༔ ངའི་དུག་ཕོག་ན་རྫས་སྔགས་ཏིང་ངེ་འཛིན༔ མདོས་དང་འཁོར་ལོས་དུག་ནི་དབྱུང་བར་བྱས༔ ང་ཞུད་འཁོར་དང་མི་གཙང་གྲིབ་ལ་གཟབ༔ རྫས་དང་སྨན་དང་འབྱུང་བ་ལྔ་ཡི་ཁྲུས༔ ཕས་ཀྱིས་རྦད་དང་སྒྲུབ་ལས་བྱེད་མི་འདོད༔ ངའི་དུག་ཕོག་ནས་བྱེར་ན་བཙོན་དུ་གཟུང་༔ ཚ་ཞིང་བསྲེག་པ་མེ་དུག་བཙོན་དུ་གཟུང་༔ ཡང་ཞིང་གཡོ་བ་རླུང་དུག་བཙོན་དུ་གཟུང་༔ གྲང་ཞིང་བསིལ་བ་ཆུ་དུག་བཙོན་དུ་གཟུང་༔ ལྕི་ཞིང་འཐིབས་པ་ས་དུག་བཙོན་དུ་གཟུང་༔ སློབ་དཔོན་རྣམ་ཐར་སྐྱེས་རབས་གསུང་དུ་སྒྲོགས༔ ཞེས་ཟེར་སློབ་དཔོན་རྡོ་རྗེ་མགོ་ཐོག་བཞག༔ ལྕེ་ལ་བདུད་རྩི་བཞག་ནས་དམ་ཚིག་བྱིན༔ ངན་སྔགས་མི་འདྲ་བརྒྱ་དང་རྩ་བརྒྱད་མཛད༔ ཤེས་ལ་མཚན་ཆེ་རྣོ་མྱུར་ཐོག་འདྲ་བ༔ སངས་རྒྱས་བསྟན་པ་སྲུང་བའི་གཉེར་ཆེན་གཏད༔ ཕན་ཐབས་བཅོས་ཐབས་རྫས་སྲུང་སྔགས་སྲུང་དང་༔ འབོད་རྦད་བསད་པ་ཕྱི་རབས་ཆ་རྐྱེན་སྦས༔ ཁྱབ་འཇུག་གཟའ་ཡིས་ཁས་བླངས་དམ་བཅས་སོ༔ ཞེས་སློབ་དཔོན་ཆེན་པོས་བཀའ་ཡི་བསྲུང་མར་བསྐོས་ཤིང་བསྟན་པ་གཉེར་དུ་གཏད་ནས་ཕྱི་རབས་ཀྱི་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་རྣམས་རྣོ་མྱུར་ཟབ་ཅིང་འདྲིལ་བའི་སྙིང་པོར་བསྡུས་པར་མཛད་པ་ཡིན་ཏེ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲང་སྲོང་གཟའ་ཡི་བསྟན་པ་འབྱུང༔ དེ་དུས་མཆོད་སྒྲུབ་སུས་བརྩོན་པ༔ སྲུང་སྐྱོབས་སྲི་ཞུ་བུ་ལྟར་བྱེད༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ ཕྲིན་ལས་གང་བཅོལ་བྲན་ལྟར་ཉན༔ དེ་ཕྱིར་དབང་བསྐུར་དམ་པ་འདི༔ སྙིང་གི་བུ་ལ་བཞག་པ་ཡིན༔ ཞེས་གསུངས་པ་ལྟར། གཏེར་ཁ་འདི་ཉིད་ཀྱི་དབང་དུ་བྱས་ན། རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས། དེ་ལ་སྐལ་ལྡན་གཉིས་པ་གཡུ་ཁྲོམ་ཡུལ༔ ལྕམ་སྤྲུལ་ཞེས་བྱ་ལྕགས་ཁམས་སྤྲེའུའི་ལོ༔ གཞན་ཕན་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ༔ མ་ངེས་སྤྱོད་པས་འགྲོ་དོན་མཐའ་རུ་འཁྱོལ༔ ཞེས་སོགས་གཏེར་ཁ་དུ་མ་ནས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་གིས་ཡང་ཡང་བསྔགས་པའི་སྐྱེས་བུ་ཆེན་པོ། མདོ་དབུས་ཁམས་གསུམ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་ཉི་ཤུ་རྩ་གཅིག་འབྱུང་བར་ལུང་བསྟན་པ་ལས། མདོ་ཁམས་སྨད་ཕྱོགས་སུ་བྱོན་པའི་མཚོ་རྒྱལ་ཌཱཀྐིའི་རྗེ་མོའི་ཡོན་ཏན་གྱི་སྤྲུལ་པ་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པས་ཏཱ་རེ་མི་འགྱུར་དགའ་ཚལ་ནས་ཁྲོམ་གཏེར་དུ་བཞེས་པའི་དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་རབ་འབྱམས་ཕྲིན་ལས་འདི་ཉིད་བསྐུར་བ་སྐབས་སུ་བབ་པ་ལ། བདག་གིས་བགྱི་བར་འོས་པ་རྣམས་བླ་མ་དམ་པའི་ཕྱག་ལེན་བཞིན་སྔོན་དུ་གྲུབ་ཟིན། ད་སྐལ་ལྡན་རྡོ་རྗེའི་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཔལ་གསང་བའི་བདག་པོ་དབྱེར་མེད་པའི་དྲུང་དུ་མཎྚལ་འབུལ་བར་མཛོད། མཎྚལ་ཕུལ་མཐར། དེ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཀྱཻ་ཧོ་བླ་མ་སོགས། ལན་གསུམ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ཡི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ དེང་བཟུང་བྱང་ཆུབ་སོགས། ལན་གསུམ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། ཧཱུྃ་ཧོ༔ དྲང་སྲོང་ཆེན་པོའི་སོགས། དེ་ནས་ཚོགས་བསགས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་མཛོད། ཧཱུྃ་ཧཱུྃ༔ མཆོག་གསུམ་ཕྱག་འཚལ་སོགས། ཐོབ་ཕྱིར་བསྔོ། དེ་ནས་རང་གི་མདུན་དུ་རྡོ་རྗེ་སློབ་མ་སོགས། བཀའ་གཏད་གཞུང་ལྟར་ཡིག་ཆུང་གིས་མཚམས་སྦྱར་ཏེ་གཞུང་ལྟར། དེ་ནས་བླ་རྡོ་དང་སྲོག་འཁོར་ཐོགས་ལ། འོད་མཚན་སྟོང་འབར་གྱི་དབང་མཇུག་གི་བཀའ་གཏད་ལ་ཁ་བསྒྱུར་ཏེ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཕྱག་ན་པདྨོ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། ཡང་སྤྲུལ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲི་སིངྷ། པཎ་ཆེན་ཡེ་ཤེས་མདོ་སྡེ། རྒྱལ་སྲས་པདྨ་འབྱུང་གནས། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་དཔལ་གྱི་དབང་ཕྱུག མཁས་གྲུབ་ཨ་ཙར་ས་ལེ། གྲུབ་ཆེན་རྒྱལ་བ་མཆོག་དབྱངས། རྗེ་འབངས་ཉི་ཤུ་རྩ་ལྔ། ཡང་སྤྲུལ་གཏེར་སྟོན་བརྒྱ་རྩ། གྲུབ་དབང་བྱང་ཆུབ་རྡོ་རྗེ། སྐལ་ལྡན་ལུང་རིག་གླིང་པ། བསམ་གཏན་ཡེ་ཤེས་གླིང་པ། བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལ་གནས་པའི་དྲང་སྲོང་སྨུག་ནག་འོད་འཕྲོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ་བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་དུ་བན་བོན་སྔགས་པའི་མཐུ་བྱད། དུག་མཚོན་གཡུལ་ཤོམ་སོགས་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས་རྣམས་ཀྱི་དབང་དུ་མ་བཏང་བར་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབས་པའི་ཕྲིན་ལས་མཛོད། ཚེ་བསོད་དཔལ་འབྱོར་མངའ་ཐང་། ཐོས་བསམ་སྒོམ་གསུམ་སོགས་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དེ་ནས་ཕྲིན་ལས་གཉེར་དུ་གཏད་པ་ནི། ཧཱུྃ་ཛཿ བདག་ནི་རིག་འཛིན་སྒྲུབ་པ་པོ༔ སོགས་ནས། མ་འདའ་བཛྲ་ས་མ་ཡཱ༔ ཞེས་དང་། ཧཱུྃ་ཛཿ ཀྱེ་དྲང་སྲོང་ཁྱབ་འཇུག་འཁོར་བཅས་གསོན༔ སོགས་ནས། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ཞིང་གཉེར་གཏད་བྱ། དེ་ནས་དྲང་སྲོང་ཆེན་པོའི་ལས་རབ་འབྱམས་ལ་དབང་བར་བྱ་བའི་ཕྱིར་དུ་དྲག་པོའི་ལས་ཀྱི་མཐའ་གཏད་རྣམས་སྦྱིན་པ་ལས། དང་པོ་ཉམས་པ་སྒྲོལ་བའི་ལས་མཐའ་གཏད་པ་ནི། དྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ་ལས། ན་མོ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་སོགས། བཛྲ་ཨངྐུ་ཤ་ཛཿསོགས། ཧཱུྃ་ཛཿ ཡུངས་དཀར་གཟའ་བརྒྱད་སོགས། བྱུག་བདུག་བྲབ་གསུམ། ཧཱུྃ་ཧཱུྃ༔ རང་ཉིད་གསང་བའི་སོགས། རྒྱས་གདབ་ཕཊ༔ དྲག་སྔགས་སོ་ལྔས་ཕུར་བུ་གདབ། རལ་གྲི་ཐོགས་ལ། ཛཿ ལྷ་སྲིན་སྡེ་བརྒྱད་སོགས། འབོད་རྦད་བསད་སྔགས་བཅས་པས་གཏུབ། དེ་ནས་གཏུན་ཏུ་བརྡུང་བ་ནི། ཧཱུྃ་ཧཱུྃ༔ བརྡུངས་ཤིག་རྡོ་རྗེ་སོགས། ཧོ་དགོངས་སུ་གསོལ་ལོ། ལན་གསུམ། མི་མངོན་ནམ་མཁའི་སོགས། མ་ལུས་པ་སྟོབས་ཤིག དེ་ནས་གཏོར་ཟོར་མདའ་ཟོར་སོགས་བཀའ་གཏད་གཞུང་གི་ཡིག་ཆུང་གིས་མཚམས་སྦྱར་ནས་གཞུང་ལྟར། མཇུག་གི་མོས་པ་མཛོད་བར་མཐར་ཆགས་སུ་འདོན། མཐའ་རྟེན་སོགས་སྤྱི་ལྟར་བྱའོ།། ཅེས་པ་འདི་ཡང་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པའི་ཟློས་གར་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེས་ཆུ་དབར་ཏཱ་རེའི་གནས་མདུན་དུ་ཧོར་བླའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གནང་སྐབས་བཀའ་ནན་ཆེན་པོས་བསྐུལ་བ་ལྡོག་ཏུ་མ་ནུས་པར་དྷེ་ཝ་བཛྲ་བས་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཡར་ཚེས་བཅུའི་ཉིན་བྲིས་པ་སརྦ་མང་ག་ལཾ།


previousདྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་དྷེ་ཝ་བཛྲ་བས་བསྒྲིགས་པ།next