Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
ཆར་འགོག་བསྐལ་མེའི་ཚ་དབལ།
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཆར་འགོག་བསྐལ་མེའི་ཚ་དབལ།next

ཆར་འགོག་བསྐལ་མེའི་ཚ་དབལ།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ ཆར་འགོག་བསྐལ་མེའི་ཚ་དབལ་སྟོན༔ ས་མ་ཡཱ༔ རང་ཉིད་གསང་བདག་ང་རྒྱལ་གྱིས༔ སྐུ་ལས་སྐྱེས་པའི་མེ་དཔུང་དང༔ མེ་སྟག་ཁྱུང་གི་ཚ་ཚྭ་འཕྲོས༔ ལོག་འདྲེན་མི་མཐུན་ཐན་ཆར་བདག༔ བསྲེག་བཅོམ་བསྐྲད་པའི་ལས་བྱེད་བསམ༔ ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ རཾ་ཛྭ་ལ་ཕཊ༔ གཤམ་དུ༔ ཆར་བདག་ནོན༔ ཆར་སྤྲིན་གཏོར༔ ཉི་མའི་འོད་ཟེར་འབར་འབར་བ་ཡ་བི་ཡེ་འུར་འུར་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བརྒྱ་སྟོང་ཁྲི་སོགས་གལ་དང་བསྟུན༔ ཀླུ་གཉན་འཁྲུགས་དང་སྡེ་བརྒྱད་ཆར༔ འབྱུང་བའི་ཉེན་སོང་ཆར་རྒྱུན་འཆད༔ དམིགས་སྔགས་ཁོ་ནས་ཆོག་པ་འདི༔ ཨ་ཙར་སྤྲུལ་པའི་ཁྱད་ཆོས་ཡིན༔ ཐེ་ཚོམ་མེད་ལ་བསླུ་བ་མེད༔ ལོག་རྟོག་ཅན་ལ་ཨ་ཐམ་རྒྱ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་སོགས་པའི༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་བདེ་ཆེན་རྒྱལ་པོ་ལ་སོགས་པའི༔ བརྡ་བརྒྱུད་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེ་སུརྱ་ངོམས༔ ཆོས་སྐུ་རིགས་ལྔ་ལོངས་སྐུ་རིགས་གསུམ་མགོན༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་འདུལ་རིག་པ་འཛིན༔ སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་དང༔ གཏད་རབས་བདུན་དང་རྗེ་འབངས་ཉི་ཤུ་ལྔ༔ ཡེར་བའི་གྲུབ་ཆེན་གསར་རྙིང་མཁས་གྲུབ་ཚོགས༔ བསྟན་པའི་མངའ་བདག་རྣམས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ ཀློང་ཆེན་རབ་འབྱམས་གར་དབང་འཇིགས་མེད་གླིང༔ གྲུབ་དབང་བྱང་ཆུབ་རྡོ་རྗེ་རྫོགས་ཆེན་པ༔ མི་འགྱུར་ནམ་མཁའི་རྡོ་རྗེ་རྒྱལ་བའི་སྲས༔ གཞན་ཕན་མཐའ་ཡས་སོགས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ ལུང་རིག་གླིང་པ་བདུད་འཇོམས་གྲོ་ལོད་རྩལ༔ མཁའ་སྤྱོད་གླིང་དང་རྡོ་རྗེ་དཔལ་བཟང་པོ༔ པདྨ་དྲག་རྩལ་གླིང་དང་མཁན་རྣམ་རྒྱལ༔ གསང་སྔགས་གླིང་པ་ཡོངས་འཛིན་དགེ་བའི་བཤེས༔ བསམ་གཏན་ཡེ་ཤེས་གླིང་པར་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ པདྨ་འོད་འབར་གུ་རུ་དྲག་པོ་རྩལ༔ མཁའ་འགྲོ་སེང་གདོང་སྒྲོལ་མ་ཉི་ཤུ་གཅིག༔ མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང༔ བསྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང༔ དགེ་བསྙེན་ཉེར་གཅིག་དཀར་ཕྱོགས་སྐྱོང་བའི་ལྷ༔ ལེའུའི་ལྷ་སྲུང་ཚོགས་ལ་གསོལ་བ་འདེབས༔ ཁ་ཆར་རྐྱེན་བཟློག་ཕན་བདེའི་སུརྱ་ངོམས༔ རྒྱལ་བསེན་ཡུལ་འདྲེ་ཐན་ཆར་མཚང་ནས་ཐོན༔ བསམ་སྦྱོར་ངན་པའི་ཆར་བདག་རྨང་ནས་རློག༔ ཆར་སྤྲིན་ནག་པོའི་དཔུང་ཚོགས་རླུང་གིས་ཤིག༔ བསམ་པའི་དོན་ལྡན་ཉི་མའི་དཀྱིལ་འཁོར་ལ༔ རང་གཞན་སྣང་བ་སྐྱིད་པའི་ཤིས་པ་སྩོལ༔ ཞེས་པའི་ཆར་ཆོད་ལས་ཚོགས་འདི༔ རང་བྱུང་ཀློང་གི་མཛོད་ལས་བསྒྱུར༔ དོན་གྱི་མིང་གི་བཞེད་སྐོང་དུ༔ ཟོག་པོ་ས་ར་ཧི་ཏས་བྲིས༔ དགེ་བས་ས་གསུམ་ཡོངས་གང་ཤོག༔ མངྒ་ལཾ༔


previousཆར་འགོག་བསྐལ་མེའི་ཚ་དབལ།next