Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
དྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་རྡོ་གྲུབ་གསུང་།
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་རྡོ་གྲུབ་གསུང་།next

དྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་རྡོ་གྲུབ་གསུང་།

༄༅། དྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་ཞེས་བྱ་བ་བཞུགས།

༄༅། བཛྲ་པ་ཎི་ན་མོ། དྲང་སྲོང་ཆེན་པོའི་ཕྲིན་ལས་ཀྱི། །མེ་མཆོད་དགྲ་བསྲེག་འདི་ལྟ་སྟེ། །ཡི་དམ་གཞུང་བསྲང་ལྟ་སྒོམ་དང་། །དྲང་སྲོང་ཕྲིན་ལས་གང་རུང་དུ། །དགུ་སྟོང་ལ་སོགས་དུས་ཆེན་ནམ། །གང་རུང་དུས་སུ་དྲག་ཤིང་གིས། །གྲུ་གསུམ་བརྩིགས་ལ་མེ་སྦར་ཏེ། །གཟའ་བདུད་ཆེན་པོའི་རྟེན་བརྟེན་པ། །དངོས་ཀྱི་འདུན་པ་སེམས་པའི་ངང་། །བསྲེག་རྫས་ལིངྒ་ཤ་ཁྲག་རུས། །ལྕགས་ཟངས་ཕྱེ་མ་རའི་ཤ་ཁྲག། །ཚ་བ་གསུམ་དང་དུག་རིགས་སོགས། །ཁྱད་པར་ཉུང་ཏིལ་དགྲར་དམིགས་ནས། །འགུགས་བསྒྲལ་སྦྱང་སྤེལ་ཞལ་བསྟབ་དུས། །འདོན་སྒོམ་སྦྲག་མར་མ་གཡེང་ངང་། །ཨེ་རཾ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག །མི་དམིགས་མཁའ་ལྟར་དག་པའི་དབྱིངས། །ཡུམ་ལྔའི་མཁར་རྫོང་སྣང་བའི་མདངས། །ཅིར་ཡང་འཆར་བའི་རྫུ་འཕྲུལ་ལས། །རབ་འཇིགས་དུར་ཁྲོད་སྐྱི་གཡའ་བ། །དུག་གསུམ་ལས་གྲུབ་བསྐལ་པའི་མེ། །དམར་ནག་མཐིང་གསུམ་འབར་འཁྲུགས་པ། །ང་རྒྱལ་ཕྲག་དོག་རླུང་གིས་བསྐྱོད། །འུར་སྒྲ་ཆེམ་སྒྲ་རྦད་སོད་སྒྲ། །འབྲུག་སྟོང་ལྡིར་བཞིན་སྲིད་པའི་གནས། །ཡུད་ཙམ་གྱིས་བསྲེགས་ནུས་པའི་ལྕེ། །གནམ་ལྕགས་འབུམ་ཆར་ལས་ལྷག་པའི། །གསང་བདག་མཐུ་སྟོབས་ཚ་དབལ་ཟེར། །མངོན་སུམ་ཡེ་རྫོགས་མེ་དཔུང་དབུས། །སྐད་ཅིག་དྲན་རྫོགས་དབྱིངས་ཀྱི་ལྷ། །དྲང་སྲོང་གཟའ་མཆོག་རཱ་ཧུ་ལ། །དམར་ནག་འཇིགས་པའི་ཞལ་དགུ་དང་། །དབུ་གཙུག་བྱ་རོག་ཅོད་པན་ངོམ། །ཕྱག་བཞིའི་དང་པོ་མདའ་དང་གཞུ། །འགེངས་ཤིང་གསོད་ལ་རིངས་པ་བཞིན། །གཡས་འོག་སྦྲུལ་ནག་ཞགས་པ་ལས། །དམར་ནག་འོད་ཟེར་གློག་ཞགས་ལྟར། །མྱུར་མགྱོགས་ཛ་ཡི་འཚུབས་མ་ཅན། །མ་རུངས་སེམས་ཅན་དངང་པར་བྱེད། །གཡོན་འོག་ཆུ་སྲིན་རྒྱལ་མཚན་ལས། །ཀླུ་བདུད་ཕོ་ཉ་གྲངས་མེད་འགྱེད། །སྐུ་སྨད་སྦྲུལ་མཇུག་འཁྱིལ་བ་ལ། །ནད་དུག་མཚོན་གྱི་ན་བུན་འཐིབ། །སྐུ་ལུས་མིག་གིས་གང་བ་ལས། །མཐོང་རེག་དུག་གི་ཚྭ་ཚྭ་འཕྲོ། །འཁོར་དུ་གདོང་མོ་རྣམ་བཞི་དང་། །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱི་ནང་གསང་བ་ཡང་གསང་གི། །ལྷ་སྲིན་སྡེ་བརྒྱད་སྤྲུལ་འཁོར་བཅས། །བསྐལ་པའི་མེ་བཞིན་དབལ་ངར་ལྡན། །ཉི་མ་འབུམ་ལས་གཟི་བརྗིད་འབར། །འཆི་བདག་དཔུང་ལས་བཟོད་དཀའ་བ། །མངོན་སུམ་གསལ་བའི་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ། །སྤྱན་འདྲེན་རྒྱས་གདབ་རིག་པའི་རྩལ། །ཧཱུྃ། སྐྱེ་མེད་ཀུན་བཟང་དགོངས་ཀློང་ནས། །འགག་མེད་དཔལ་ཆེན་གསང་བདག་གི། །རོལ་རྩལ་གཟའ་མཆོག་རཱ་ཧུ་ལ། །སྲིད་ཞི་སྡེ་བརྒྱད་སྤྲུལ་འཁོར་བཅས། །འབར་འཁྲུགས་མེ་ཡི་ཀློང་ཆེན་འདིར། །གཤེགས་བཞུད་མཚན་མ་ལས་འདས་ཕྱིར། །དྲག་པོའི་འཕྲུལ་གྱིས་སྣང་བར་མཛོད།། ཧཱུྃ། གནམ་སའི་ཞལ་ལ་གློག་དམར་ལྗགས། །གངས་རིའི་མཆེ་བ་སྟོང་གསུམ་ལྟོ། །ཟ་རྔམ་མིད་པའི་ཆུ་སྲིན་གྲེར། །བསྟན་འགྲོར་འཚེ་བའི་ཉམས་པ་བདུན། །བསྒྲལ་བའི་ཞིང་བཅུར་གཏོགས་པའི་དགྲ། །རྩྭ་ཕུང་ལྕགས་སྲེག་འཕྲད་བཞིན་དུ། །ལྷག་མེད་མྱུར་དུ་ཛྭ་ལ་རཾ། །ཁྱད་པར་སྔ་འགྱུར་བསྟན་པ་ལ། །ཕྲག་དོག་དབང་གིས་སྨོད་སྐུར་འདེབས། །བསྟན་འཛིན་སྐྱེས་བུར་འཚེ་བའི་རིགས། །སྒོས་སུ་བླ་མའི་སྐུ་དགྲ་ལངས། །དངོས་དང་བརྒྱུད་ནས་ངན་གཡོ་ཤོམ། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ། །སྦྲང་བུ་མེ་དཔུང་འཕྲད་པ་བཞིན། །ལྷག་མེད་མྱུར་དུ་ཛྭ་ལ་རཾ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བསམ་ངན་འཆང་དང་སྦྱོར་ངན་བྱེད། །ཁ་དཀར་སྙིང་ནག་ཁ་མཆུ་འབེབས། །དགྲ་ཇག་ཆོམ་རྐུན་སྣ་འདྲེན་པ། །མི་འདོད་མ་རུངས་བྱེད་པ་ཀུན། །ལོ་ཏོག་སེར་བས་གཞོམ་པ་བཞིན། །རྡུལ་དུ་རློགས་ཤིག་ཛྭ་ལ་རཾ། །རྣམ་མཁྱེན་ཐར་པའི་ལམ་མཆོག་ཏུ། །ཞུགས་པའི་གེགས་བྱེད་ཚོགས་བརྒྱད་ལས། །བྱུང་བའི་ཉོན་མོངས་བརྒྱད་ཁྲིའི་དམག །ལྷག་མཐོང་དྲང་སྲོང་ཡེ་ཤེས་མེས། །བསྲེག་པར་མཛོད་ཅིག་ཛྭ་ལ་རཾ། །རང་རིག་རང་བྱུང་ཀུན་བཟང་ཞལ། །སྒྲིབ་བྱེད་ལྷན་སྐྱེས་ཀུན་བརྟག་གི། །འཁྲུལ་ལས་བྱུང་བའི་གཟུང་འཛིན་སྨག །དྲང་སྲོང་ཡེ་ཤེས་ཉི་མའི་མེས། །བསལ་བར་མཛོད་ཅིག་ཛྭ་ལ་རཾ། །མདོར་ན་འཁོར་བར་ཁྲིད་པའི་དགྲ། །མ་རིག་ལས་བྱུང་ཁྲོ་སྡང་སེམས། །ཀུན་སློང་མི་དགེ་འཐབ་རྩོད་བརྩོན། །དམག་འཁྲུགས་སྣ་འདྲེན་ལུས་ཅན་མནར། །ཡུལ་ཁམས་ཕུང་སྦྱོར་ལས་བྱེད་ཀུན། །སྡོང་ཟླ་སྣ་འདྲེན་བསྐལ་པའི་མེས། །འཇིག་རྟེན་སྲེག་བཞིན་ལྷག་མེད་དུ། །ཚིག་པར་མཛོད་ཅིག་ཛྭ་ལ་རཾ། །མེད་པར་མཛོད་ཅིག་ཛྭ་ལ་རཾ། །སྟོང་པར་མཛོད་ཅིག་ཛྭ་ལ་རཾ། །འབོད་རྦད་བསད་སྔགས་མང་བརྗོད་རྗེས། དམོད་བཅོལ་འདི་ཡིས་ཕྲིན་ལས་བཅོལ། ཧོ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ་འཁོར་གདོང་མོ་རྣམ་བཞི། སྤྲུལ་པའི་གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་སྤྲུལ་པ་ཡང་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། སངས་རྒྱས་རིན་ཆེན་སྙིང་པོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། ཀུན་མཁྱེན་དྲི་མེད་འོད་ཟེར། རིག་འཛིན་འཇིགས་མེད་གླིང་པ་རྣམས་ཀྱི་བཀའ་དང་དམ་ཚིག་དྲན་པར་མཛོད་ལ། སངས་རྒྱས་ཀྱི་བསྟན་པ་བཤིགས་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རྣལ་འབྱོར་པས་བྱང་ཆུབ་སྒྲུབ་པའི་གེགས་སུ་གྱུར་པ། སེམས་ཅན་གྱི་བདེ་སྐྱིད་འཕྲོག་པ། འཇིག་རྟེན་ཁམས་སུ་འཁྲུགས་རྩོད་ཀྱི་གཞི་འདིང་ཞིང་སྣ་འདྲེན་པར་བྱེད་པའི་བསྒྲལ་བའི་ཞིང་བཅུ་དང་། ཉམས་པ་བདུན་ལ་གཏོགས་པའི་དགྲ་སྡེ་དཔུང་དང་ཟླ་དང་གྲོགས་དང་བཅས་པའི་རིགས་སུ་གྱུར་ཚད་དྲང་སྲོང་ཆེན་པོའི་མཐུ་སྟོབས་རྩལ་གྱི་མེ་དཔུང་ཆེན་པོས་མྱུར་བ་ཉིད་དུ་བསྲེག་པའི་ཕྲིན་ལས་མཛོད་ཅིག ཧཱུྃ། དྲང་སྲོང་གཟའ་མཆོག་རཱ་ཧུ་ལ། །གདོང་མོ་རྣམ་བཞི་སྤྲུལ་འཁོར་བཅས། །དགྲ་བགེགས་བསྒྲལ་བསྲེག་ལས་སྒྲུབ་པ། །མཐུ་སྟོབས་ནུས་རྩལ་ལྡན་ལ་བསྟོད།། ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་ནས། བདག་ཡི་དམ་དུ་གསལ་བའི་ཞབས་གཡོན་དུ་ཐིམ་པར་བསམ། དགེ་བ་འདིས་མཐུས་བསྟན་འགྲོའི་དགྲ། །ལྷག་མེད་བཅོམ་ནས་ཕན་དང་བདེའི། །བསྐལ་པ་རྫོགས་ལྡན་གསར་པའི་ཚེ། །བསྟན་དང་འགྲོ་ལ་མངོན་པར་ཤོག །འདི་ཉིད་སྔགས་ཀྱི་རྣལ་འབྱོར་པ། །འཇིགས་མེད་ཕྲིན་ལས་འོད་ཟེར་ལ། །དྲང་སྲོང་གཟའ་མཆོག་རཱ་ཧུ་ལས། །སྤྲུལ་པའི་ཚུལ་དུ་གསུངས་ལྟར་བྲིས། །དགེ་བས་བསྟན་འགྲོའི་འཚེ་བ་ཀུན། །ལྷག་མེད་བཅོམ་ནས་སངས་རྒྱས་ཤོག ། དགེའོ།།


previousདྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་རྡོ་གྲུབ་གསུང་།next