Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
གསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་ཆ་མདའ་རབ་བློས་མཛད་པ།


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་ཆ་མདའ་རབ་བློས་མཛད་པ།no next

གསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་ཆ་མདའ་རབ་བློས་མཛད་པ།

༄༅། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་ཚན་གསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་བཞུགས་སོ།།

༄༅། ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི། ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །སྙིང་རྗེའི་འདུལ་དཀའ་འདུལ་བའི་གཉེན། །གསང་འཛིན་ལག་ན་རྡོ་རྗེ་དང་། །བཀའ་ཉན་ཁྱབ་འཇུག་ཆེན་པོའི་སྒོས། །བྱད་གཏད་མནན་གསུམ་བཀྲོལ་བའི་ཚེ། །བླ་མ་དབུ་མཆོད་རྣམ་གསུམ་ལ། །མཁོ་བའི་བཅའ་གཤོམ་མདོས་བྲན་སོགས། །ཡོ་བྱད་ལག་ལེན་འདོན་འགྲིགས་ཀྱི། །ཟིན་བྲིས་མཐོང་བ་ཀུན་གསལ་བྲི། །ལྷ་དང་བླ་མས་གནང་བ་སྩོལ། །ཞེས་མཆོད་པར་བརྗོད་པས་མདུན་བསུས་ནས། དེ་ལ་འདིར་ཐོག་མར་བཅའ་གཤོམ་གྱི་རིམ་པ་ལ་དང་པོ་ནི། ཡར་གཞི་དཀྱིལ་འཁོར་རྡུལ་ཚོན་ནམ༔ རས་བྲིས་ཚོམ་བུ་གང་རུང་དབུས༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ དྲག་པོའི་གཏོར་མ་ཐོག་མདེལ་དབྱིབས༔ རང་འདྲའི་འཁོར་བཞི་དེ་མཐར་བཅུ༔ ཕྱོགས་བཞིར་བཞི་བཞི་བཅུ་དྲུག་ལ༔ མེ་རི་རྒྱན་ལྡན་དར་ནག་གདུགས༔ གཏུམ་པོའི་སྐུ་བཙུགས་གཡས་གཡོན་དུ་སྨན་རཀ གང་བདེར་ཚེ་རིལ་ཚེ་ཆང་མདའ་དར་བུམ་པ་འགོད། གཡས་སུ་བཀའ་སྲུང་སྡེ་བརྒྱད་ཀུན་འདུས་པའི༔ གཟའ་གཏོར་སྣོད་གཙང་ལྕགས་སམ་བསེ་ཕོར་དུ༔ བཤོས་བུ་དམར་ནག་གཡས་གཅུས་གྲུ་གང་གཙོ་འཁོར་དགུ༔ མཚམས་སུ་སྐྱུ་གུ་བརྒྱད་དང་རིལ་བུ་བརྒྱད༔ སྨན་རཀ་ལིང་དམར་སྙིང་དང་རྒྱུ་ཞགས་དང༔ མེ་རི་མིག་མང་རིས་ཀྱིས་བརྒྱན༔ མདུན་དུ་བསྐང་གཏོར་རྒྱས་པར་བཤམས༔ དར་ནག་སྐུ་རྟེན་བླ་རྡོ་བཅིང༔ དེ་མཐར་རྟ་གཡག་རྔ་མོང་བྱ༔ གསེར་བརྡར་ཤ་ཆང་དཀར་དམར་གསུར༔ གཡོན་དུ་བསྐུལ་གཏོར་ནག་པོ་སྲིན་ཞལ་ཅན་མིག་དགུ་བཏོད་ལ་མཚེ་ཡུངས་རྩང་མེ་རི་དཔལ་འབར་རུ་མཚོན་བརྒྱན། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་གཏོར་མ་གཡས་གཡོན་དག་ཏུ་འགོད། བང་རིམ་གོང་མར་རྩ་གསུམ་དང་ཆད་བསྟན་ཕུར་བུ་གདན་བཅས་བསྒྲལ་ཆས་འགོད། བང་རིམ་འོག་མར་ཞི་དྲག་གི་མཆོད་པ་རྣམ་ལྔ་སྤྱི་ལྟར་རོ། །གཞན་ཡང་སྔོན་གཏོར་རྒྱུན་གཏོར་དང་། ཚོགས་རྫས་ཆད་བསྟན་གང་དགོས་བསགས། དེའི་མདུན་དུ་བཟློག་དཀྱིལ་ནི། དུར་ཁྲོད་འཇིགས་སུ་རུང་བའི་སར༔ དྲང་སྲོང་སྒྲུབ་པའི་རྣལ་འབྱོར་བས༔ དུར་ཁྲོད་ས་ལ་དཀྱིལ་འཁོར་ནི༔ མདའ་གང་མཎྜལ་དུག་ཁྲག་གིས་སྦགས་པའི། མ་ཊཾ་ལྟོ་བར་ཐིག་གདབ་རྗེས༔ དབུས་སུ་ཆོས་འབྱུང་ཀྵཿཡིག་མཚན༔ དེ་ཕྱིར་རྩིབས་བརྒྱད་དེ་ཡི་ཕྱིར༔ རྩིབས་བཞི་རྩིབས་མཆན་རྣམས་སུ་ནི༔ ཀྵཿབརྒྱད་གདོང་བཞི་རྒྱུ་སྐར་གྱི༔ མིང་ཡིག་དང་པོ་ས་བོན་འབྲི༔ ཡང་ན་ཚོམ་བུ་འགོད་ཀྱང་རུང༔ ཁྱམས་སུ་དུར་ཁྲོད་མེ་རྡོ་ར༔ དེ་སྟེང་མཉྫུའི་ཁྲིའུའི་ཁར༔ ཐོད་པ་འམ་ནི་ལྕགས་སྣོད་དུ༔ ཁྱབ་འཇུག་གཏོར་མ་ཐོག་དབལ་དབྱིབས༔ ལྷ་གྲངས་གཙོ་བོར་སྲིན་ཞལ་མཚན༔ མེ་རི་ལིངྒ་བྱ་དམར་དང༔ རྩང་དང་རྒྱུ་མའི་ཞགས་པས་དཀྲིས༔ རུ་མཚོན་རྒྱན་ལྡན་དེ་ཡི་རྩེར༔ ཁྱུང་བཙུག་སྨན་རཀ་དྲག་མཆོད་བཤམས༔ དབུས་སུ་ཆོས་འབྱུང་དབུས་སུ་ཧོམ༔ དགྲ་བོའི་ལིངྒ་སྤྱི་ལྟར་ལ༔ ཆས་གཞུགས་ལ་སོགས་གནད་ལྡན་བྱ༔ རྣལ་འབྱོར་སྔགས་པའི་ཆས་སུ་ཞུགས༔ མདུན་བསྐྱེད་མདོས་ཀྱི་བཅའ་བྲན་སྐོར་ལ༔ དང་པོ་མདོས་ཆེན་ཤིང་སྒྲོམ་ཁ་ཁྱེར་ཐོད་སྐམ་མི་མགོའི་སྐུ་མཁར་ཅན་གྱི་ནང་དུ་མ་ཊཾ་ལྟོ་བར་དཀྱིལ་འཁོར་ལིང་ཚེ་དགུ་པའི་དབུས་སུ་ཆུ་སྲིན་མི་བཟད་རྔམ་པའི་སྟེང་དུ་དྲང་སྲོང་སྨུག་ནག་དབུ་དགུ་བྱ་རོག་གི་མགོ། སྐུ་སྟོད་ལྷ་ཡི་ལུས་ལ་སྤྲིན་དམར་རླུང་དང་གཡང་གཞི། སྐུ་སྨད་སྦྲུལ་མཇུག་སྔོ་ཁྲ་གཡས་འཁྱིལ། ཕྱག་བཞིའི་དང་པོ་གཉིས་མདའ་གཞུ། ཐ་གཉིས་རལ་གྲི་ཆུ་སྲིན་ཀྱི་རྒྱལ་མཚན། ཤར་དུ་པ་ཝ་སངས་ནག་སྨུག་ཞབས་གཉིས་བཾ་གྱི་གདན་ལ་བརྗིད་ཅིང་ཞལ་གདངས་སྤྱན་བསྒྲད་མཆེ་བ་གཙིགས་པ་རལ་པ་དམར་སེར་གྱེན་དུ་འཕྲོ་བ། ལག་གཉིས་དབྱུག་པ་བགྲང་ཕྲེང་ཅན། ལྷོར་ཕུར་བུ་ལྗང་སྔོན་སེང་ལྕམ་དཀར་མོ་ཆིབས་ཤིང་ཨམ་གཙིགས་བསྡམ་ཞིང་སྨ་ར་སྨིན་མ་མེ་ལྟར་འབར་བ། ལག་གཉིས་རལ་གྲི་པོ་ཏི་ཅན། ནུབ་ཏུ་དམག་དཔོན་དམར་པོ་ཨམ་གཙིགས་བསྡམ་ཞིང་མ་ཧེ་ཁམ་པའི་སྟེང་ན་ཕྱེད་སྐྱིལ། ཕྱག་གཉིས་བཙན་མདུང་ཞགས་པ་ཅན་ནོ། །བྱང་དུ་སྤེན་པ་སེར་ནག་རླུང་ནག་ཆིབས་ནས་གར་སྟབས་ཀྱིས་བཞུགས་པ་ཕྱག་གཉིས་ཁྲམ་ཤིང་རྒྱུ་ཞགས། ཤར་ལྷོར་ཉི་མ་དམར་སེར་རླུང་ལྷའི་རྟ་ལ་ཆིབས་པ། ཕྱག་གཉིས་མདུང་དར་ལྗོན་ཤིང་། ལྷོ་ནུབ་ཟླ་བ་དུད་ཁ་སྦྲུལ་ཆུན་ཟླ་བ་སེར་པོའི་རྟ་ལ་ཆིབས་པ། སྨན་འབྲུ་མེ་སྒྲོན་བསྣམས་པ། ནུབ་བྱང་ལྷག་པ་ནག་པོ་རེ་འབྱམས་ཆིབས་ནས་ཟུར་ཞལ་གཡོན་གཟིགས་དབུ་སྐྲ་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཕྱག་གཉིས་ཕུར་བུ་གཏུན་ཤིང་བསྣམས་པ། བྱང་ཤར་སྒྲ་གཅན་འཛིན་སྐུ་མདོག་དུད་ཁ། ཕྱག་གཉིས་རྭ་ཡི་མདའ་ཞུ་འགེང་བ་མི་ལྤགས་གཡང་གཞི་གྱོན་པ། ཞབས་གར་སྟབས་གློག་འོད་ཆིབས་པའོ། །ཕྱོགས་བཞིར་གདོང་མོ་བཞི་ནི། ཟོར་གདོང་ཁྱིམ་བྱའི་མགོ། དྲེད་གདོང་། གླང་གདོང་། ཆུ་སྲིན་གདོང་བཞིའོ། །རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་མགྲོན་ཐབས་ལྷ༔ དམར་གཏོར་གཡས་གཅུས་སྐྱུ་གུ་ནི༔ གྲངས་སུ་བསགས་པ་མན་ངག་ཡིན༔ གཡས་སུ་ཡབ་ཀླུ་བདུད་སྦལ་མགོ་ཁྲག་མིག་སྐུ་སྟོད་དུད་འགྲོའི་གཟུགས་ལ་སྐུ་སྨད་སྦྲུལ་མཇུག ལག་གཉིས་རྭ་ཡི་མདའ་གཞུ་འགེང་བ་མ་ཧཱ་གསེར་གྱི་རུས་སྦལ་གྱི་སྟེང་དུ་སྦྲུལ་མཇུག་གཡོན་དུ་འཁྱིལ་བ། གཡོན་དུ་ཡུམ་སྲིན་མོ་རཀྴ་ཛྭ་ལ་མི་སྲུན་གཏུམ་པ་ཞལ་གདང་མཆེ་གཙིགས་སྤྱན་བསྒྲད་ཞབས་གཉིས་དམ་སྲི་ཕོ་མོའི་སྟེང་ན་སྒེག་པ། ཕྱག་གཉིས་ཐུན་དང་ནད་རྐྱལ་བསྣམས་པའོ།། དེ་ནས་ཕྱིའི་རྟེན་གཞི་རི་རབ་གླིང་བཞི་མི་མགོའི་ཕོ་བྲང་གི་སྟེང་དུ་ཁང་བཟང་དེ་སྟེང་རྩང་བྲན། སྟེང་དུ་གདུགས་ཆེན་རྩིབས་མ་བཅུ་དྲུག་དང་ཁྱུང་ཚང་། ཕྱོགས་བཞིར་དཔལ་བེའུ་གྱེན་འགྲེང་ཕྱོགས་མདོག་བཞི། དེ་སྟེང་ཙིཏྟ་ཐུགས་ནམ། དེ་སྟེང་གཙོ་བོའི་ཞལ་ནམ་སྨུག་ནག་འཛུག༔ རྒོད་སྒྲོ་དར་འཕན་སོགས་ཀྱིས་བརྒྱན། ཁང་བཟང་དཀྱིལ་དུ་ཕྱག་མཚན་མདའ་གཞུ་རྒྱལ་མཚན་བྲན་ལ་དངོས་གྲུབ་ཀྱི་རྟེན་དུ་བཞག ཤིང་སྒྲོམ་ཟུར་བཞིར་ནམ་ཕྱེད་ཕྱོགས་མདོག་འཕུར་བྱེད་གཤོག་པ་བཞི། འགྲོ་བྱེད་རྐང་པ་བཞིའི་ཤིང་སྒྲོམ་མདུང་བཞིའོ།། ཕོ་བྲང་གི་ཁ་ཁྱེར་ཕྱོགས་མཚམས་བརྒྱད་དུ་ནམ་མཁའ་གླིང་བཞི་མ་བརྒྱད་ཆེ་བ༔ ཕོ་བྲང་གི་འདབས་སུ་མགྲོན་ཐབས་ཀྱི་ལྷ་སྡེ་བརྒྱད་དང་། གཡས་གཡོན་དུ་ཡབ་ཡུམ་སྦལ་མགོ་རཀྴ་ཛྭ་ལ་རྣམས་ལ་ནམ་མཁའ་འབྲིང་པོ་ཕྱེད་དཀར་ཕྱེད་ནག་བཅུ། ཤིང་སྒྲོམ་གྱི་ཁ་ཁྱེར་ལ་དཔལ་མགོན་བདུན་ཅུ་ལ་ནམ་མཁའ་ཆུང་བ་བདུན་ཅུ་འཛུགས། ཤིང་སྒྲོམ་ནང་དུ་དྲེགས་པའི་སྡེ་དཔོན་སུམ་ཅུའི་རྒྱང་བུ་འཇའ་རིས་འདོད་གསོལ་ཅན་རྒྱས་བསྡུས་ཅི་རིགས་པ་བཙུག་གོ ། ༈ ཁྲམ་ཕྱི་བརྡར་གྱི་བྱང་བུ་དམར་ནག་རྣམས་ལ། དྲང་སྲོང་ཁྱབ་འཇུག་འོད་འཕྲོ་དང་རྩ་གསུམ་སྲུང་མའི་ཡོན་བདག་མིང་འདི་ཞེས་བྱ་བ་ཁྲམ་ལ་ཐེབས་སོ།། རྒྱབ་དམར་པོ་བྱ། ལྷ་ཁྲམ་ཡིན། གཅིག་ལ་ཁྲམ་རིས་བྲི། རྒྱབ་ནག་པོ་བྱ། བདུད་ཁྲམ་ཡིན། ཁྲམ་ཡིག་དང་ཁྲམ་རིས་གཉིས་ངོ་སྤྲོད་ལ་བསྣོལ་རྩང་ཐུར་གཉིས་རེ་བཅས་ཚོན་སྐུད་སྣ་ལྔས་བཅིངས་ལ་དེ་ལྟར་གཟའ་ཡི་ཁྲམ་དྲུག སྡེ་དཔོན་ཁྲམ་བསྡུའི་གཤིན་རྗེའི་ཁྲམ་གཅིག གཞན་ཉེར་དགུ་ལ་ཁྲམ་གཅིག་བཅས་ཁྲམ་བརྒྱད་པོ་ཤིང་སྒྲོམ་ནང་ཕྱོགས་དང་མཚམས་ལ་བཀྲམ་སྟེ་བཞག་གོ། །བླ་བསླུའི་རྟེན་རིན་པོ་ཆེའི་གའུའི་ནང་དུ་ཡོན་བདག་གི་བླ་ཟོག་གང་ཡིན་གྱི་གཟུགས་ཤོག་གུར་བྲིས་ཏེ་བཅུག ཚོན་སྐུད་ཀྱིས་བཅིང་ལ་ཤིང་སྒྲོམ་ནང་བཞག ཚོན་སྐུད་སྣེ་མོ་ཁང་བཟང་ལ་བཏག་གོ ། བླ་ཟོག་དཔེར་ན་ཝ་ཤུལ་ལྟ་བུ་ལ་ཤ་བ། མར་པ་རྐྱང་། རུས་མི་གོ་བ་དང་རྒྱུས་མེད་པ་རྣམས་ལྡོང་ལ་སྨོས་ཞེས་ས་ཁམས་ཤ་བ་ཡིན་པས་ཤ་བ་བྲིས་ལ་བཞག་གོ ། གཡས་སུ་ཀླུ་མདོས་བཅའ་བྲན་ལ༔ ཤིང་སྒྲོམ་ཁ་ཁྱེར་སྐྱེད་ཚལ་དང༔ ལྗོན་ཤིང་པ་ཏྲས་བརྒྱན་པའི་དབུས༔ རཏྣའི་གཞོང་པ་འབྲུ་ཡིས་བཀང༔ དཀར་དམར་སྨན་གྱི་ཕྱེ་ཟན་ལ༔ རི་རབ་བང་རིམ་བཞི་པའི་སྟེང༔ མ་ཧཱ་གསེར་གྱི་རུ་སྦལ་བཀོད༔ མཐའ་ལ་མཚོ་རྫིང་ལྟིང་ཀ་ཤིང༔ སྟེང་དུ་པདྨ་འདབ་བརྒྱད་དབུས༔ ཀླུ་རྒྱལ་མཐའ་ཡས་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར་བར་ཡིད་བཞིན་ནོར་བུ། གཡས་འོག་སྙན་ཐད་པདྨ་འཛིན། གཡོན་འོག་ནེའུ་རྐྱལ་པུས་སྟེང་། སྐུ་མདོག་ལྗང་གསལ་སྦྲུལ་མགོ་འབར་བ་སྟོང་གི་གདེང་ཀ སྐུ་སྟོད་དར་དང་པད་སྔོན་སྟོད་གཡོག སྐུ་སྨད་ལྟོ་འཕྱེ་གདུག་པ་སེར་ཁྲ་རུས་སྦལ་པད་སྟེང་གཡས་སུ་འཁྱིལ་བ། དེ་མཐར་ཀླུ་བདུན་རང་གཟུགས་སམ་ཡང་ན་ཀླུ་བཤོས་བདུན་གྱིས་བསྐོར། དེའི་མཐར་བཤོས་ཟླུམ་བཅུ། འབྲང་རྒྱས་བརྒྱད་ཀྱིས་ལེགས་པར་བསྐོར། སྤར་ཁ་སྨེ་བ་བླ་ཁམས་སོགས། ས་བདག་ལྷ་ཀླུའི་བཅའ་བཤོས་དང་། ཀླུ་ནོར་ཉེར་གཅིག་ནི། སྦྲུལ། ཉ། ལྕོང་མོ། སྨྲིག་བུ། རྩང་པ། དུང་། ཆུ་སྲིན། རུས་སྦལ། སྡོམ། སྡིག་པ། རྟ་བླ། མགྲོན་བུ། ཉ་ལྕིབས། ཆུ་རྟ། ཆུ་ལུག ཆུ་ར། ཆུ་བྱ། སྲམ། ཆུ་སྲེག ཆུ་བྱི། ཆུ་གླང་སྟེ་ཉེར་གཅིག་འགོད། དཀར་གསུམ་མངར་གསུམ་རིལ་བུ་དང༔ ཤེལ་ཚིགས་འབྲུ་སྣའི་རིགས་བྱེད་བསགས༔ ཀླུ་གཉན་གནས་པའི་ས་སྣ་དང༔ མཚོ་དང་ཆུ་མིག་ཆུ་སྣ་བསྡུས༔ འབྲི་བརྒྱའི་མར་ཆུར་ཞིང་བརྒྱའི་འབྲུ༔ མི་དཔོན་དབང་ཐང་བསོད་ནམས་ཆེ༔ ལས་བསླང་དཀོར་རྫས་གཡང་རྟེན་བསགས༔ ཀླུ་ཡི་སྐྱེད་ཚལ་ནང་དུ་བླུགས༔ ཕྱི་རུ་ཀླུ་ཡི་ཁང་བཟང་ནི༔ དཔལ་བེའུ་དགུ་ཐོག་ཕུབ་པའི་སྟེང༔ ནམ་ལྔ་ཙིཏྟ་ཐུགས་དང་ནི༔ ཡིད་བཞིན་ནོར་བུའི་ཏོག་གིས་སྤྲས༔ ཀུན་ལ་རྩང་བྲན། མཐའ་ལ་འདོད་རྫས་སྣ་བདུན་དང༔ རྫས་རྟགས་རང་མཐུན་རྒྱང་བུ་མཛེས༔ ཕྱིའི་མཆོད་རྫས་རྒྱང་བུ་འཇའ་རིས་བཅུ། ཀླུ་བརྒྱད་ཕྱག་མཚན་རྒྱང་བུ་བརྒྱད། ཀུན་ལ་རང་མཐུན་འདོད་གསོལ་བྲིས༔ ཤིང་རྩི་དར་ཚོན་བལ་གྱིས་བརྒྱན༔ ཤོག་ཤོག་དུང་ཚེ་ཀླུ་སྨན་བསགས༔ གཏང་རག་རྒྱང་བུ་སོགས་ཀྱང་བྲི༔ ལྷོ་ཕྱོགས་ཀྱི་གཡོན་དུ་གཤིན་རྗེའི་བཅའ་བཤམས་ནི། གཤིན་རྗེའི་ཤིང་སྒྲོམ་ཁ་ཁྱེར་ལ་ཙི་བྷ་ར་དང་པ་ཏྲ་དྲྭ་ཕྱེད་ཁང་བཟང་རྩེར་ནམ་མཁའ་ལྔ་བྲན་ནོ། །ཕྱོགས་བཞིར་ནམ་མཁའ་ཕྱོགས་མདོག་དང་ཟུར་བཞིར་ནམ་ཕྱེད་བཞི་དང་ཕོ་བྲང་གི་ཁ་ཁྱེར་ལ་ནམ་མཁའ་ཁོང་ནག་གསུམ་བྲན་པའི་ནང་དུ། གཞི་མའི་སྟེང་དུ་མ་ཊཾ་གཟུགས༔ བཀོད་པའི་སྟེང་དུ་གཤིན་རྗེ་ནི༔ ཨ་ཝ་གླང་མགོ་སྨུག་ནག་རྔམ༔ ཨམ་གཙིགས་སྤྱན་གསུམ་ཁྲོ་གཉེར་ངོམ༔ དམར་སེར་རལ་པ་གྱེན་ཏུ་འཁྱིལ༔ ཕྱག་གཉིས་ཁྲམ་ཤིང་ཞགས་པ་བསྣམས༔ འདོར་སྟབས་མ་ཊཾ་སྙིང་གར་བཀོད༔ གཡས་སུ་རཀྴ་ཕག་གི་མགོ༔ སྔོན་པོ་ཁྲམ་ཤིང་ཞགས་པ་བསྣམས༔ གཡོན་དུ་སྲོག་བདག་སྦྲུལ་མགོ་དམར༔ ཕྱག་གཉིས་ཁྲམ་ཤིང་ཞགས་པ་བསྣམས༔ མ་ཊཾ་ཡན་ལག་རྣམ་བཞི་ལ༔ ལོ་སྐོར་བཅུ་གཉིས་གཟུགས་བརྙན་བཀོད༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་སེར༔ མཐའ་ལ་འདོད་རྫས་རྒྱང་བུ་ནི༔ སྐྱ་སེར་བུད་མེད་སོགས་ཀྱི་རྒྱང་བུ་དང༔ ལྷ་རྫས་རོལ་མོའི་རིགས་བྱེད་གོ་མཚོན་ཚོགས༔ མདའ་འཕང་བུད་མེད་རྒྱན་གྱི་ཆས༔ རིན་ཆེན་རིགས་བྱེད་རི་དྭགས་ཚོགས༔ ཡང་དག་ཁང་བཟང་འཇའ་རིས་སོགས༔ བཟའ་བཅའ་བཏུང་བའི་ཚོགས་ཀྱི་རྒྱང་བུས་སྐོར༔ ནང་དུ་ལན་ཆགས་སྐྱུ་གུ་གྲངས་མེད་བསགས༔ དེའི་མདུན་སྐུ་གླུད་མདོས་ཀྱི་བཅའ་གཤོམ་ནི། ཤིང་སྒྲོམ་ནང་དུ་ཡོན་བདག་དང༔ སྐྱ་སེར་བུད་མེད་ཨ་རྒོང་བཀོད༔ གོས་རྒྱན་ལོངས་སྤྱོད་དུ་མས་སྤུད༔ ཕོ་མོ་གང་ཡིན་རང་ཆས་ཀླུབ༔ ཕོ་ཤིང་མོ་ཤིང་ཟུང་ལ་ནི༔ རང་ལོའི་གྲངས་ཀྱི་ཁྲམ་རིས་བཀོད༔ གཟུགས་ཀྱི་ཕྲག་གོང་དག་ཏུ་དགོད༔ དེ་ཡི་ལོགས་སུ་གཏོར་མ་དང༔ འབྲུ་ཆན་ཆང་བུ་རིལ་བུ་སོགས༔ མཁོ་དགུའི་འབྱོར་ཚོགས་རྒྱ་མཚོར་བཤམས༔ དེ་ཕྱིར་ཁང་བཟང་རྩེར་ནམ་ལྔ༔ མཐའ་ལ་ཕོ་མོའི་རྒྱང་བུས་བསྐོར༔ ཀུན་ལ་ཤོག་ཤོག་དུང་ཚེ་ཤོག་འཕན་བྱ་རིགས་སྣ་ཚོགས་སྒྲོ་དང། དར་ཟབ་འཕན་གདུགས་སྣ་ཚོགས་དང་། དེ་ནས་ཡོ་བྱད་དགོས་རིགས་ནི། མདོས་ཆེན་ཀླུ་མདོས་གཤིན་རྗེ་གསུམ་ལ་མདོས་གདན་གསུམ། མདོས་སྙིང་གསུམ། རས་ཆ་དང་། གཅན་གཟན་པགས་རིགས་སོགས་འཆི་བའི་སྲོག་རིན་ལྟ་བུའི་འབྱོར་ཚད་བསགས། རྫས་འབུལ་གདན་གསུམ་མམ་གཅིག འབྲུ་སྣ་འབྲུ་ཆན་སྣ་ཚོགས། གླུད་ལ་དམིགས་རྟེན་དང་ཞྭ་གོས་ལྷྭམ་གསུམ། མཐའ་དཀྲིས་གསུམ། མདོས་ཀྱི་བཅའ་སྒྲོན་དང་མདོས་སྒྲོན། ཉིན་བཞིན་མདོས་ཁ་གསོ་རྫས་མདོས་གཡག་མདོས་ལུག ཁྲམ་ཕྱིས་ལ་ཁྲམ་གདན་གཉིས། ཁྲམ་ཕྱི་བ་ལ་གཅན་གཟན་པགས་པ་སྣ་དང་སྡེར་བཞི་མ་ཉམས་པ། ཁྲམ་སྣེ་བཟློག་ཕྱིར་ཚོན་སྐུད་བཅད་པ་དང་ཁྲམ་བཅགས་ཕྱིར་སྟྭ་རེ་དང་རལ་གྲི། སྨན་དང་དུག་གི་ཟང་ང་གཉིས། ཁྲམ་བཀྲུ་རྫས་བལ་འདབ་དཀར་ནག་གཉིས། དྲི་བཟང་དང་སྨན་སྣ་ཚོགས། དུག་རིགས་དགུ་ལ་སོགས་པའི་དུག་སྣ་ཚོགས་བསགས་དགོས་སོ།། མདོར་ན་རྒྱུ་བསོད་ནམས་ཀྱི་ཚོགས་མ་རྫོགས་པར་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མི་རྫོགས་པས། རྟེན་འབྲེལ་རྫས་ཡིན་པས་ཚང་དགོས། ནུས་པ་སྔགས་ཡིན་པས་ཐེངས་དགོས་ཟེར་བ་ལྟར་ཡོན་མཆོད་གཉིས་ཀྱི་སེམས་ལ་ངེས་པར་གནད་ལ་ཐེང་པར་བྱ་དགོས་སོ། །དེ་ཡན་ཆད་ཀྱིས་བཅའ་གཤོམ་མདོས་བྲན་གྱི་རིམ་པ་མདོར་བསྡུས་ཙམ་སོང་ནས། ད་ནི་མདོས་རྣམས་སོ་སོ་ལ། བསྐང་རྫས་འདོད་རྫས།་གླུད་རྫས་འབུལ། དང་པོ་མདོས་ཆེན་མདུན་དུ་ཁྲིའུའི་ཁར། མཆོད་གདན་སྟེང་དུ་སྨན་རཀ་གཏོར་གསུམ་བཤམས། དེའི་མདུན་དྲག་པོའི་རྣམ་ལྔའི་མཆོད་པ་བཤམས། འབུལ་རྫས་སྨན་རཀ་གཏོར་གསུམ་ཉེར་དགུ་རེ། དཀར་གཏོར་སྐྱུ་གུ་བཅས་པ་ཉེར་དགུ་རེ། ཆན་དང་འབྲུ་སྣ་ཤ་སྣ་མདོས་རྫས་ཉེར་དགུ་རེ། ལན་ཆགས་ཐེབ་ཀྱུ་དང་བཅས་ཉེར་དགུ་བཤམས། མགྲོན་ཐབས་ཀྱི་ལྷ་རྣམས་ལ་གསེར་སྐྱེམས་དང་དཀར་གཏོར་བདུན། གཡས་ཀྱི་བཀའ་ཉན་ལ་སྐྱེམས་ལ་ཀླུ་སྨན་བཏབ་པ་དང་ཀླུ་བཤོས། གཡོན་གྱི་བཀའ་ཉན་ལ་ཁྲག་གི་གསེར་སྐྱེམས་དང་དམར་གཏོར། དཔལ་མགོན་བདུན་ཅུ་ལ་གསེར་གཡུའི་སྐྱེམས་དང་དམར་གཏོར། ལིང་རོའི་ལྷག་མ་འམ་ལིང་ཆུང་འབུལ་བར་བྱའོ། བདུག་རྫས་སྤོས་དཀར་ར་ཚིལ། དེ་ནས་ཀླུ་མདོས་མདུན་དུ་ཅོག་ཁྲིའི་སྟེང་མཆོད་གདན་བཏང་བའི་སྟེང་མཆོད་པའི་རིམ་པ་ནི། དང་པོ་རྣམ་ལྔ། གཉིས་པ་ཀླུ་སྨན། གསུམ་པ་དཀྱིལ་འཁོར་མཆོད་རྫས། བཞི་པ་སྨན་སྣ་ཚོགས། ལྔ་པ་མེ་ཏོག་སྣ་ཚོགས། དྲུག་པ་དཀར་གསུམ། བདུན་པ་མངར་གསུམ། བརྒྱད་པ་ཤིང་རྩི། དགུ་པ་དར་ཚོན། བཅུ་པ་རིན་ཆེན་སྣ་ཚོགས། བཅུ་གཅིག་པ་ཀླུ་གཏོར། བདུག་རྫས་དྲི་བཟང་། ཉིན་ཐ་མར་གཏང་རག་རྒྱང་བུ། ཀླུ་སྨན། སྐྱེམས། ཀླུ་གཟུགས་སམ་ཡང་ན་ཀླུ་བཤོས་རྒྱབ་ཡོལ་མ་སྔོན་པོ་སྦྲུལ་དཀྲིས། ཤོག་ཤོག་དུང་ཚེ་ཤེལ་ཚིགས་སྣ་ཚོགས་བཤམས། དེ་ནས་གཤིན་རྗེའི་མདུན་རྫས་གདན་སྟེང་ཐེབ་ཚེ་བཅུ་ཡི་ནང་འབྲུ་ཆན་རྫས་སྣ་བཅུ་རེ། ངར་གླུད་བཅུ་རེ། ཡང་རྫས་འཇལ་བཅུ་རེ། ཉིན་བཞིན་ཁམ་ཕོར་བཅུ། ཉིན་ཐ་མར་ཁམ་ཕོར་བཅུའི་ནང་གཏོར་མ་རེ་དང་ཆན། བྲེ་དང་སྲང་ལ་བཏེགས་འཇལ་རྫས་འབྲུ་སྣ་ཚོགས། རིན་པོ་ཆེའི་རིགས་སྣ་ཚོགས། དར་ཟབ་གོས་ཕྲུག དཀར་གསུམ་མངར་གསུམ། ཤ་མར། ཐུད་ཆང་བུ་མཁོ་དགུའི་འབྱོར་བ་རྒྱ་མཚོ། བྱད་ཐག་ནག་པོ། ཁྲམ་བཀྲོལ་རྒྱུ་ཁྲམ་རིས་བཅུ། ལྗང་མའི་རྒྱང་བུ། གཏོར་མ་ནག་པོ་དང་ལིངྒ་ནག་པོ་ཡོན་བདག་གི་ལོ་གྲངས། ཁྲག་ཆང་བྲན། གདན་དཀར་གཉིས། སྤོས་མེ་ཉ་ཤ། སྔགས་ཆུ། ཤ་ཆེན་གསུར་རྫས། བླ་བསླུའི་རྫས་ངར་གླུད་བཅུ་ལ་ནམ་མཁའ་གླིང་བཞི་མ་བཅུ། སྒོ་དབྱེ་གསེར་སྐྱེམས་དང་སྲིད་ཧུའི་དཀར་གཏོར་ཆེ་བ་གཅིག་གོ། དེ་ནས་ཡོན་བདག་གི་ལོ་བདུད་འདྲེ་ལྔའི་ཕྱོགས་སམ་བྱད་མ་རྦོད་གཏོང་གི་ཕྱོགས་སུ་མདོས་ཟོར་དུ་འཕེན་ནོ། །གཤིན་རྗེའི་མདོས་ནི་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐའ་འམ། ལོ་བདུད་དམ། དགྲ་བགེགས་བྱད་མའི་ཕྱོགས་སུ་འཕེན་ནོ།། ཟོར་འཕེན་ཚེ་རྣལ་འབྱོར་བ་རྣམས་ཀྱིས་གདོང་ལ་རོ་སོལ་བྱུགས། རྡོ་རྗེ་སློབ་དཔོན་གྱིས་བེར་དང་ཞྭ་ནག་སྤྲད་དེ་ཟོར་གྱི་སྔ་རོལ་དུ་བརྟག་གཏོར་དང་། ཟོར་དམིགས་ཀྱི་ས་བཙལ་ཕྱིར་མདའ་གཞུ་སྤྲད་དེ་མདའ་བབས་སར་མདོས་ཁང་བརྩིག་གོ། ཕྱར་དར་དང་། ཁྱད་པར་གཟའི་ཕྱར་དར་ཕྱར་ལ་དུང་འབུད་དོ།། ཡང་ན་གཤིན་རྗེའི་མདོས་དང་གླུད་མདོས་གཉིས་ཆུ་བོའི་གཞུང་ལ་བསྐྱལ་ལོ།། ལས་མཐའ་གྲུབ་ནས་ཀླུ་མདོས་མཚོའམ་ཆུ་མིག་གི་སར་ཁ་ཕྱོགས་ལ་ཀླུ་མཁར་སོགས་བརྩིགས་ཏེ་དེའི་ནང་ཀླུ་ཐེབས་དང་བསྟུན་ཏེ་མཆོད་ན་དངོས་གྲུབ་མྱུར་བ་མྱོང་གྲུབ་ལེགས་སོ། ཀླུ་མདོས་ནང་འཁོར་གྱི་ཀླུ་བདུན་གྱི་གཟུགས་བརྙན་བཅའ་ན། ལྷོ་ཕྱོགས་ཀླུ་རྒྱལ་འཇོག་པོ་སྐུ་མདོག་སྔོན་པོ། ཕྱག་ན་ཨུཏྤལ་སྔོན་པོ། ནུབ་ཕྱོགས་སྟོབས་རྒྱུ་དམར་པོ་སྤྲིན་ཕུང་བསྣམས་པ། བྱང་ཕྱོགས་རིགས་ལྡན་སྐུ་མདོག་ལྗང་གུ། ཕྱག་མཚན་རིན་ཆེན་སྡོང་བུ། ཤར་ལྷོ་ནོར་རྒྱས་སྐུ་མདོག་དཀར་སེར་ཕྲེང་བ་བསྣམས་པ། ལྷོ་ནུབ་དུང་སྐྱོང་སྐུ་མདོག་དམར་ལྗང་འབུད་དུང་བསྣམས་པ། ནུབ་བྱང་པདྨ་སྐུ་མདོག་དམར་པོ་ཕྱག་མཚན་པདྨ་མེ་ཏོག བྱང་ཤར་ཆུ་ལྷ་སྐུ་མདོག་དཀར་པོ་ཨུཏྤལ་ཞགས་པ་བསྣམས་པ། ཀུན་ཀྱང་སྦྲུལ་མཇུག་གཡས་སུ་འཁྱིལ་བ། དབུ་ལ་སྦྲུལ་མགོ་བདུན་རེའི་གདེངས་ཀ་ཅན། སྐུ་སྟོད་དར་དཔྱངས་སྟོད་གཡོག་རང་མདོག་གི་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའོ།། སྣ་སེལ་བ་ལ་བསང་བརྔན། བསང་གཏོར། ཆབ་གཏོར་བསྒྲིག་གོ།། དེ་ཡན་ཆད་ཀྱིས་བཅའ་བཤམས་དང་མདོས་བྲན་བཤམས་བཀོད་རིམ་པ་སོང་ནས། ༈ དངོས་གཞི་ཆོ་གའི་ལས་འགྲིགས་ལ། ཐོག་མར་དུག་ཕྱུང་། ཚིག་བདུན་གསོལ་འདེབས་དང་བསམ་ལྷུན་སོགས། ཆོ་ག་ཡོངས་རྫོགས་བཀའ་བརྒྱད་ཀྱི་གདངས་རོལ་གྱིས་འགེབ། དེ་ནས་གཏུམ་པོའི་ཐུགས་སྒྲུབ་ཀྱི་གསོལ་འདེབས། རོལ་ཌཱ་དྲིལ་དུང་དཀར། སྐྱབས་སེམས་ཡན་ལག་བདུན་པ། ཚོགས་ཞིང་འོད་ཞུ། དེ་ནས་སྔོན་གཏོར་དུང་དཀར། བགེགས་གཏོར་དུང་ཆེན་རྐང་དུང་བཀའ་བསྒོ་ནས་བཟུང་བཟླས་པ་ཡན་ལས་བྱང་དཀྱུས་ལྟར་རྗེས་བསྙེན་བསྟོད་དུས། དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། མཆོད་པ་ནི། གཞུང་གི། ཧཱུྃ་རྨད་བྱུང་སོགས་དང་། བསྟོད་པ་ནི། ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་མེད་སོགས་ཤློ་ཀ་གཅིག ཧཱུྃ་ཧཱུྃ༔ གཏུམ་པོ་ཉིད་ཀྱི་སོགས་ནས། དཔའ་བོར་ཕྱག་འཚལ་བསྟོད་དང་། ཧཱུྃ་ཧཱུྃ༔ གདོན་བཅུ་འདུལ་མཛད་སོགས་ནས། ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད་བར་ཀྱིས་བསྟོད་ལ། དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ གསང་བདག་དཔའ་བོ་སོགས་སིདྡྷི་ཕ་ལ་ཧཱུྃ༔ བརྗོད་མཐར། ཀླུ་མཆོད་ནི། ཀླུ་མདོས་ཀྱི་མདུན་དུ་མཆོད་རྫས་རྣམས་ལེགས་པར་བཤམས་ནས། ཐོག་མར་ཡིག་བརྒྱ་བརྗོད་ཁ་ཆབ་བཀྱེ། སྐྱབས་སེམས། སངས་རྒྱས་ཆོས་དང་སོགས། འགྲོ་རྣམས་བསྒྲལ་འདོད་སོགས། ཚད་མེད་བཞི་བསྒོམ་པ་དང་བཅས། ཡན་ལག་བདུན་པ་དང་། དྲི་བཟང་དུད་པ་གཏོང་། སྭ་བྷཱ་ཝས་སྦྱངས་ལ། བཅོས་ཀྱི་འདོན་རྟས། ཆོས་རྣམས་མི་དམིགས་སོགས། ཏིང་ཤག་འཁྲོལ་བཞིན། ཕྱག་འཚལ་ཡན་གྲུབ་རྗེས། མཆོད་པའི་རྣམ་གྲངས་འབུལ་བ་ལ། དང་པོ་ཕྱི་མཆོད་རྣམ་ལྔ་འབུལ་ཏེ། ཨོཾ་ན་ག་རཱ་ཛ་སོགས་བསིལ་རོལ། གཉིས་པ་ཀླུ་སྨན་འབུལ་བ་ནི། དུང་དཀར་འབུད་བཞིན། ཧོ༔ ཀླུ་རྒྱལ་མཐའ་ཡས་སོགས་ཨཱཿཧཱུྃ༔ རོལ། གསུམ་པ་དཀྱིལ་འཁོར་མཆོད་རྫས་འབུལ་བ་ནི། ཧོ༔ ཕྱི་ནང་གསང་སོགས་ནས་ཨཱཿཧཱུྃ༔ རོལ། བཞི་པ་སྨན་སྣ། ཨོཾ༔ རྩ་བ་བརྒྱད་སོགས་ནས་པུཙྪ་ཧོ༔ རོལ། ལྔ་བ་མེ་ཏོག་སྣ་ཚོགས་འབུལ། ཧོ༔ ཀླུའི་རྒྱལ་པོ་སོགས། རོལ་མོ། དྲུག་པ་དཀར་གསུམ་ཕུལ་ལ། ཨོཾ་ནཱ་ག་སོགས། བདུན་པ་མངར་གསུམ་འབུལ་ལ། ཧོ༔ ཀླུ་རྒྱལ་སོགས། བརྒྱད་པ་ཤིང་རྩི་ཕུལ་ལ། ཧོ༔ སངས་རྒྱས་སོགས། དགུ་བ་དར་ཚོན། ཧཱུྃ༔ ཀླུ་རྒྱལ་སོགས། བཅུ་བ་རིན་ཆེན་སྣ་ཚོགས། ཧོ༔ མཐའ་ཡས་འཇོག་པོ་སོགས། བཅུ་གཅིག་པ་ཀླུ་གཏོར་འབུལ་བ་ནི། ཀླུ་གཏོར་བཤམས་ལ། ཨོཾ་བཛྲ་ཡཀྵ་སོགས། ཨོཾ་བཛྲ་ཛྭ་ལ་སོགས། རིན་པོ་ཆེའི་སྣོད་ཡངས་ཤིང་སོགས། ཨ་ཀ་རོ་ལན་གསུམ། རང་གི་སྙིང་ག་ནས་སོགས་ནས། ཨོཾ༔ ཀླུའི་རྒྱལ་པོ་མཐའ་ཡས་སོགས། ནཱ་ག་ར་ཛའི་སྔགས་ལན་གསུམ་བཅས། ཡེ་དྷར་དང་། སྡིག་པ་ཅི་ཡང་མི་བྱ་སོགས་དང་། ཀླུ་ཆེན་བརྒྱད་སོགས་ནས། བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག་བར་དང་། རང་ཉིད་ཐུགས་རྗེ་ཆེན་པོ་སོགས། ཡི་དྭགས་ཆུ་སྦྱིན། བདེ་བའི་མཆོག་ལ་རེག་པར་གྱུར་ཅིག་བར་བརྗོད། ན་མོ་བདག་གི་བསམ་པའི་སོགས། ཐོགས་པ་མེད་པར་འབྱུང་གྱུར་ཅིག ཨོཾ༔ སྔོན་ཚེ་སྟོན་པ་སོགས། རྩ་སྔགས། ཨོཾ་ན་ག་ར་ཛ་སོགས། ས་བདག་ཀླུ་གཉན་གྱི་གཤམ་འདོགས་ཅན་ཅི་འགྲུབ་བཟླས། དངོས་གྲུབ་བསྐུལ་བ་ཅི་ནུས་དང་། ཨོཾ་ཧི་ལི་ཧི་ལི་སོགས་ཅི་ནུས་བཟླས། གཞན་དམིགས་བསལ་གྱིས་སྔགས་ཚན་རྣམས་དགོས་གལ་དང་བསྟུན་ཏེ་བཟླ་བ་གཞུང་གསལ་བཞིན་ནོ། །དེ་ནས་འབྲུ་སྣ་དང་མེ་ཏོག་སྣ་ཚོགས་གཏོར་ལ་ཕྲིན་བཅོལ་ནི། ཨོཾ་དགོངས་སུ་གསོལ་ལོ་སོགས། སྐོང་དུ་གསོལ་ཞེས་འབྲུ་སྣ་ཡོན་མཆོད་ཀུན་གྱིས་འཐོར། དེ་ནས་ཡོན་མཆོད་ཀུན་གྱིས་འབྲུ་སྣ་ཐོགས་ལ། གཏད་དཀྲུག་གི་ཁྱད་པར་འདོད་གསོལ་ནི། ཧོ༔ དགོངས་སུ་གསོལ་ལོ་མཐོ་བ་མི་མངོན་སོགས་ནས་མཛད་དུ་གསོལ༔ ནས་འཐོར། སྤྲོ་ན་སྤྱིའི་འདོད་གསོལ་ཀྱང་འདོན། ཨོཾ༔ བླ་མ་མཆོག་གསུམ་སོགས་ཀྱི་དུས་ཆབ་ལ་དངོས་གྲུབ་བླངས། ཆོས་སྦྱིན། མ་རྙེད་ཡོངས་སུ༴སོགས། ཡིག་བརྒྱ། ཁྱེད་ཀྱིས་སེམས་ཅན་སོགས། མཆོད་སྦྱིན་གནས་འདིར་སོགས། བཀྲ་ཤིས་ནི། ནས་བཀྲམ། ཧྲཱིཿ བཀའ་དྲིན་སྲིད་ན་སོགས། བསོད་ནམས་རི་བོ་སོགས། འབད་དང་སྩོལ་བས་སོགས། བཤད་སྒྲུབ་བསྟན་པ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། གཟའི་མཆོད་ཕྲེང་གཙོ་བོར་བྱས་པའི་གཏོར་བསྔོས་ཡོངས་རྫོགས་སྤྱི་ལྟར། གཏོར་འབུལ། རྟ་མགྲིན་གྱི་བསྡུ་རིམ་བཀྲ་ཤིས་ཡན་བྱས་ལ། བཤགས་ཚིག་སྔོན་དུ་འགྲོ་བས་ཚོགས་མཆོད་བཤགས་བསྒྲལ་གསུམ་བསྐང་བ་བཅས་རྫོགས་ནས། དྲང་བ་བྱས་ལ། བསམ་ལྷུན་རྒྱས་བསྡུས་རྣམས་བཏོན་མཐར། མཆོད་རྫས་རྣམས་གོ་རིམ་བཞིན་བཤམས་ལ། དེ་ནས་གཏད་དཀྲུག་ནི། རང་ཉིད་གསང་བའི་བདག་པོ་ཉིད་སོགས་མཐུ་དཔུང་བསྐྱེད་པའི་སྔགས་ཅི་ནུས་བཟླ། མདུན་གྱི་རྟེན་གཞི་བསྐྱེད་པ་ནི། མདོས་ལ་ཆབ་བྲན་ཏེ། ཨོཾ་སྭ་བྷཱ་ཝ་སོགས་མདུན་གྱི་བཅས་རྣམས་སོགས་གཏད་དཀྲུག་པར་བསམ༔ ཡི་དམ་རྩ་སྔགས་ལ་དྲང་སྲོང་སྔགས་ཤམ་འདོག་ཅན་ཅི་འགྲུབ་བཟླས་ལ། ལྷ་ལ་གཏད་པ་ཁྲོལ་ཁྲོལ་སོགས། གཏད་ཕྱུང་། གཏད་ཁྲོལ་ཚན་གྲངས་གསུམ་པོ་ཅི་འགྲུབ་བཟླ། དེ་ནས་བྱད་དཀྲོལ་ཡང་སྙིང་ཟབ་མོ། སྐྱབས་སེམས། ཚོགས་བསགས། སྒྲིབ་སྦྱོང་ཡིག་བརྒྱ་བཅས་སྔོན་དུ་སོང་མཐར། རང་ཉིད་རྡོ་རྗེ་ཁྲོ་བོ་སོགས་དབྱངས་གསལ་ཡེ་དྷར། ངག་བྱིན་རླབས་སྔགས་རྣམས་བཏོན་ལ། ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་སོགས། ཀུ་རུ་བྷྲུཾ་སྭཱ་ཧཱ་བར་ཅི་ནུས་དང་། རང་ཉིད་དབང་ཕྱུག་སོགས་དང་། ཨོཾ་ཏྲི་ལིང་སོགས་ཅི་འགྲུབ་དང་། ཧཱུྃ༔ རང་སྣང་སོགས། བསྔོ་སྨོན་བཀྲ་ཤིས་ནི། དུས་གསུམ་དགེ་ཚོགས་སོགས་དཀྱུས་ལྟར་བྱ། ཡང་མདོས་རྫས་ལ་ཆབ་བྲན་ཏེ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། སྤོས་དཀར་ར་ཚིལ་བདུག་ལ། ཐུགས་དམ་གནད་ནས་བསྐུལ་བ་ནི། དྲེགས་པའི་མདོས་འདོན་གྱིས། ཧཱུྃ་བྷྱོ་ཛ༔ རང་བྱུང་སོགས་དང་། མདོས་ཀྱི་འགྲེས་བྱང་སྐབས་གནས་འདིར་སྤྱན་འདྲེན་དུས་དར་གཡུག སྣང་སྲིད་མདོས་ཆེན་དུས་མདོས་ཁ་གསོ། བླ་མ་ཡི་དམ་དུས་རོལ་མོ་སྒྲོག་བཞིན། གཟའ་བརྒྱད་སོ་སོར་གོ་རིམ་མ་འཆོལ་བར། སྨན་རཀ་གཏོར་གསུམ་འབུལ། ནས་འཐོར། ལྷ་སྲིན་སྡེ་བརྒྱད་དུས་དཀར་གཏོར་སྐྱུ་གུ་བཅས་གོང་ལྟར་འབུལ། ལན་ཆགས་ཤ་འཁོན་དུས་ཆན་དང་འབྲུ་སྣ་སྣ་ཚོགས་འབུལ། རིགས་དྲུག་འདོད་པ་ཚིམས་དུས་ལན་ཆགས་འཐེབ་ཀྱུ་གོང་ལྟར་འབུལ། ཕོ་བདུད། མོ་བདུད། སྤྱི་བདུད་ཅེས་འདོན་དུས་ཐལ་མོ་གཡས་གཡོན་དབུས་གསུམ་བརྡབ་པར་བྱའོ།། མགྲོན་ཐབས་ཀྱི་ལྷ་རྣམས་ནི། དྲེགས་པའི་གླུད་འདོན་གྱིས། ཧཱུྃ་བྷྱོ་ཛ༔ དཀྱིལ་འཁོར་ཕྱི་ཡི་སོགས། གསེར་སྐྱེམས་ཕུད་དང་སོགས་དུས་གསེར་སྐྱེམས་དང་དཀར་གཏོར་རིམ་བཞིན་ཕུལ། གཡས་ཀྱི་བཀའ་ཉན་གྱི་ཀླུ་སྨན་སྐྱེམས་ཕུད་དུས་སྐྱེམས་ལ་ཀླུ་སྨན་བཏབ་པ་དང་ཀླུ་བཤོས་འབུལ། གཡོན་གྱི་བཀའ་ཉན་གྱི་དམར་ཆེན་ཁྲག་དང་དུས་ཁྲག་སྐྱེམས་དང་དམར་གཏོར་འབུལ། དཔལ་མགོན་བདུན་ཅུ་ལ་གསེར་གཡུའི་སྐྱེམས་ཀྱི་དུས་གསེར་གཡུའི་སྐྱེམས་དང་དམར་གཏོར། ལིང་རོའི་ལྷག་མ་འབུལ། སྤྲོ་ན་སྐབས་འདིར་གཟའི་གཉེར་གཏད་མཆོད་ཕྲེང་ལྟར་འདོན། ལན་ཆགས་ཤ་འཁོན་གྱི་བདག་པོ་རྣམས་ལ་ཆོས་སྦྱིན་བྱའོ།། གཤིན་རྗེ་ནི། རྫས་རྣམས་གོང་རིམ་བཞིན་བཤམས་ལ། ཡོན་བདག་མདུན་དུ་བོས་ལ། སྐྱབས་སེམས། བསང་སྦྱངས་བྱས་ལ། སྟོང་པའི་ངང་ལས་སོགས་ནས་འགུགས་པ་ལན་གསུམ་དང་། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བཀུགས་ལ། དྲེགས་པའི་གླུད་འདོན་གྱིས། ཧཱུྃ༔ ང་ནི་འཇམ་དཔལ་སོགས། ཛཿཛཿདང་། འཆི་བདག་འཁོར་བཅས་སོགས། དྲེགས་པ་སུམ་ཅུའི་ནང་གི་ངར་གླུད་བྱིན་རླབས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲུྃ་ལས་སོགས་ནས། རྣམས་ལ་བསྔོའོ༔ བར་དང་། གཤིན་རྗེའི་ནང་གི། སྭ་བྷཱ་ཝས་སྦྱངས་ལ། ཏྲཾ་ལས་རིན་པོ་ཆེ་སོགས། རྫས་འཇལ་བཅུ་ཚན། འབྲུ་གསུམ་དང་ཁ་འབར་མའི་སྔགས་ཉེར་གཅིག་རེ་དང་། འདོད་པའི་ཡོན་ཏན་སོགས་དང་། ཞི་བར་མཛད་དུ་གསོལ་གྱི་བར་ལན་བཅུ་འབུལ། དེ་ནས་དྲེགས་པ་སུམ་ཅུའི་ནང་གླུད་འཇལ། སམ་བྷ་ར་བདུན་དང་མཚན་བཞི་དང་། ལན་ཆགས་གླུད་ཀྱི་སོགས་ནས་གོ་འཕང་ཐོབ་པར་གྱུར་ཅིག་བར་ལན་བཅུ་འབུལ། འདོད་གསོལ་ནི། བཀའ་བརྒྱད་གླུད་འདོན་གྱིས། ཧཱུྃ༔ ཉོན་ཅིག་འཆི་བདག་སོགས་ནས་ཕྲིན་ལས་གྲུབ་པར་མཛོད་ཀྱི་བར་དང། ཉིན་བཞིན་ཆོས་སྦྱིན་བྱའོ།། ལྷག་མ། གཏོར་འགུགས། བསྐུལ་བ་ཆད་བརྟན་བྲོ་བརྡུང་ཚེ་འགུགས་རྒྱས་གདབ་རྗེས་ཆོག་སྤྱི་ལྟར་བྱའོ།། དེ་རྗེས་ལས་བྱང་བསྙེན་བསྟོད་བར་བྱས་ལ། མདོས་ཀྱི་མཐུ་དཔུང་བསྐྱེད་པ་ནས་གཏད་ཕྱུང་མཇུག་གི་ཐམས་ཅད་ཁྲོལ་ཁྲོལ་བར་དང་། དགེ་བ་འདི་ཡིས་མ་རིག་སོགས། དེ་ནས་ལས་བྱང་ནང་། བཟོད་གསོལ་ནས་བཀྲ་ཤིས་བར་བྱ་བ་ནི་ཉིན་དང་པོ་དང་གཉིས་པའི་ཆོ་གའི་ལས་རིམ་མོ། ༈ ཉིན་གསུམ་པ་ལ་ཚོགས་ཀྱི་མཆོད་བཤགས་ཀྱི་འཕྲོར་བསྐང་བ། སྨད་ལས། དྲང་བ། གཏད་དཀྲུག་ནས་གླུད་མཇུག་བར་སྔར་ལྟར་ལ། ལྷག་མ། བཟློག་པ་དར་ནག་གཡབ་ཅིང་ཚིལ་གསུར་བདུག ཐུན་གཏོར་ཆད་བརྟན་སོགས་རྗེས་ཆོག་སྔར་ལྟར་བྱ་བ་ཉིན་གསུམ་པའི་ཆོ་གའི་ལས་འགྲིགས་སོ།། ཉིན་ཐ་མའི་ལས་རིམ་ནི། དཀར་གཏོར་ལ་སྲིད་ཧུ་བཙུགས་ནས་མདོས་མདུན་བཤམས། བསྙེན་བསྟོད་འཕྲོར་ཇ་བཞེས། ཆོ་གའི་རིམ་པ་སོགས་སྔར་ལྟར་ལས་གཏོར་བསྔོས་མཇུག་གང་ཞིག་ཡིད་ལ་དྲན་པ་སོགས་ཀྱིས་ཇ་ཕུད་མཆོད། ཚོགས་བསྐང་ནས་མདོས་མཇུག་གི་བར་སྔར་ལྟར། ཇ་བཞེས། མཆོད་གཞིའི་མདུན་དུ་ཁྲམ་གདན་སྟེང་དུ་ཁྲམ་ཤིང་རྣམས་གོ་རིམ་མ་ནོར་བར་བཀྲམ་ལ། ཁྲམ་ཕྱི་བརྡར་དང་གཅོག་པའི་རྫས་གཅན་གཟན་པགས་པ། རལ་གྲི། སྟྭ་རེ། སྨན་དུག་གི་ཟང་ང་གཉིས་ཀྱི་ནང་རང་རང་གི་རྫས་སྨན་ཟང་ནང་བཟང་དྲུག་དང་དྲི་བཟང་སྨན་སྣ་གང་འཛོམས། དུག་ཟང་ནང་དུག་སྣ་ཚོགས་ཚད་རྣམས་མ་ནོར་བར་བཏབ་པའི་ཆུ་དཀར་ནག་གིས་སོ་སོར་གང་བར་བཤམས། ཁྲམ་བཀྲུ་རྫས་བལ་འདབ་དཀར་ནག་གཉིས་བཅས། འཆི་བསླུའི་རྫས་འཇལ། རྫོངས་འདེབས། བཏེག་འཇལ་རྫས་རྣམས་དང་། བྲེ་སྲང་སོགས་གོ་རིམ་བཞིན་བསྒྲིགས། མདུན་དེར་སྟན་ནག་པོའི་ཁར་ཡོན་བདག་རྣམས་བྱད་ཐག་སྣ་ལྔས་མེ་ཐབ་དྲུག་ཆིང་ངམ་ལན་བཅུར་དཀྲིས་ལ། གཞན་ཡང་ཉེ་ལོག་ཏུ་སྟན་དཀར། སྤོས་མེ། ཉ་ཤ། སྔགས་ཆུ་སོགས་མཁོ་ཆས་རྣམས་ཚང་བར་བྱས་ལ། གཤིན་རྗེའི་སྐྱབས་སེམས་ནས། རྫས་འཇལ་དང་པོའི་བར་སྔར་ལྟར། དྲེགས་པ་སུམ་ཅུའི་ནང་། ངར་གླུད་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བདག་ཉིད་ཧེ་རུ་ཀ་སོགས་འགུག་གཞུག་ལན་གསུམ། དེ་ནས་གཤིན་རྗེའི་རྫས་འཇལ་དང་པོ་ནི། སྭ་བྷ་ཝ་སོགས། ཏྲཾ་ལས་རིན་པོ་ཆེ་ལས་སོགས། གཏོར་མ་ཁམ་ཕོར་རྫས་བཅས་སྔགས་དང་འདོད་པའི་ཡོན་ཏན་སོགས་ཀྱིས་བསྔོས་ལ། ན་མོ་དཀོན་མཆོག་གསུམ་སོགས་བདེན་བརྡར་བཅས། འཆི་བདག་གི་ཞགས་པའི་དུས་ཞགས་པ་གཅིག་བཀྲོལ། གཤིན་རྗེའི་ཁྲམ་ལས་དུས་ཁྲམ་གཅིག་བཀྲོལ་ལ་གཤིན་རྗེའི་མདུན་དུ་ཕུལ། ཐིམ་པའི་མོས་པ་མཛོད་བར་ལན་བཅུར་འབུལ། དེ་ནས་རྫོངས་འདེབས་ནི། འཇལ་རྫས་རྣམས་བྲེ་ལ་འཇལ་ཏེ་སམ་བྷ་ར་བདུན། ཧོ་འཆི་བདག་ཨ་ཝ་གླང་མགོ་སོགས་ནས་སེམས་དང་ལྡན་པར་མཛད་དུ་གསོལ་བར་ལན་བཅུའམ་ཡོན་བདག་གི་ལོ་གྲངས་འབུལ་རྗེས་ལས་རྡོར་གྱིས་བྲེ་ཆག་སོང་ཞེས་པའི་ལན་དུ། བྱིང་འདྲེན་གྱིས་ལན་ཆགས་བྱང་ངོ། །བུ་ལོན་སོད་དོ། །ཤ་འཁོན་དག་གོ་ཞེས་ལན་སྦྱིན། བཏེག་རྫས་རྣམས་སྲང་ལ་བཏེགས་ཏེ་གོང་ལྟར་ལན་བཅུའམ་ལོ་གྲངས་འབུལ། ལས་རྡོར་གྱིས་སྲང་ཆག་སོང་ཞེས་པའི་དུས་སྔར་ལྟར་ལན་སྦྱིན། བདེན་པའི་སྟོབས་ཀྱིས་ཕྲིན་ལས་བཅོལ་བ་ནི། ན་མོ་དཀོན་མཆོག་གསུམ་གྱི་སོགས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། དེ་ནས་ཁྱད་པར་བྱད་དཀྲོལ་གྱི་རྫས་འབུལ་ནི། སློབ་དཔོན་རང་ཉིད་སྔགས་ཆས་སྤྲས། ཞྭ་གོས་ནག་པོ་བྱ་གདོང་ལ་རོ་སོལ་བྱུགས། ཤ་ཆེན་གསུར་དུད་གཏོང་། གཏོར་སྣོད་བྷནྡྷ་ནག་པོའི་ནང་དུ་ལིངྒ་ཆང་བུ་ནག་པོ་བཞག་སྟེ་ཁྲག་ཆང་གིས་བྲན་ལ། ནམ་མཁའ་མཛོད་སྔགས་ལན་གསུམ། ན་མོ་དཀོན་མཆོག་གསུམ་གྱི་སོགས། ཁ་རཾ་ཁཱ་ཧི་དུས་གཤིན་རྗེའི་ནང་འབུལ་བ་ལན་བཅུའམ་ཡོན་བདག་གི་ལོ་གྲངས་འབུལ། འདིར་གཟའ་དང་དྲེགས་པ་སུམ་ཅུའི་ཁྲམ་ཕྱིས་ནས་བླ་བསླུས་ན་དགོངས་པར་འཐད་སྙམ། དྲེགས་པ་སུམ་ཅུའི་ནང་བླ་བསླུ་དང་གླུད་འཇལ་བ་ནི། གླུད་བཅུ་ཚན་ནམ་མཁའ་བཅས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས་ལ། བླ་མས་མདའ་དར་ཐོགས་ལ་དྲེགས་པའི་གླུད་འདོན་གྱིས། ཧཱུྃ༔ ང་ནི་དཔལ་ཆེན་སོགས། སྡེ་བརྒྱད་ལག་ནས་མི་བླ་བསླུ་ཞེས་པའི་དུས་མཆོད་དཔོན་གྱིས་བླ་རྟེན་གའུ་བླངས་ཏེ་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ་ཡར་གཞིའི་མདུན་ལྷ་ཁྲམ་སྟེང་དུ་བཞག གཏང་རག་གི་གླུད་བཅུ་ཚན། སྭ་བྷཱ་ཝ། སྟོང་པའི་ངང་ལས་སོགས་སམ་བྷཱ་ར་བདུན་དང་། མཚན་བཞི་ལན་ཆགས་གླུད་ཀྱི་གཏོར་མ་སོགས་ཐོབ་པར་གྱུར་ཅིག་ཡན་ནས། སམ་བྷ་ར་མན་ཆད་ལན་བཅུ་འདོན། དེ་ནས་འདོད་གསོལ་ནི། བཀའ་བརྒྱད་གླུད་འདོན་རྟས། ཀྱེ་ཉོན་ཅིག་སོགས་ནས་གྲུབ་པར་མཛོད་དང་ཆོས་སྦྱིན་བྱ། ༼ཀ༽ཁྲམ་ཕྱིས་ལ་གཙོ་བོ་ཁྲམ་དང་། གཅན་གཟན་པགས་པ། རལ་གྲི་རྣམས་བླ་མར་ཕུལ་ལ། དྲེགས་པའི་གླུད་འདོན་གྱིས། ཧཱུྃ་ཛ༔ཀྵཿ རྣལ་འབྱོར་སྔགས་སོགས་བྱད་ཐག་ཆོད་དུས་བླ་མས་རལ་གྲིས་བྱད་ཐག་བཅད། ཁྲམ་བྱང་ཕྱིས་ལ་དུས་གཅན་གཟན་པགས་པས་ཕྱི། ཁྲམ་རིས་ཞོར་དུས་རལ་གྲིས་ཁྲམ་རིས་བཞར། ཁྲམ་ཤིང་ཆོག་དུས་བདུད་ཁྲམ་བཅག་སྟེ་མཆོད་གཡོག་གི་ལག་ཏུ་གཏད་ལ་དེས་སྟྭ་རེས་གཏུབ་དུག་ཆུས་བཀྲུས་ལ་གཤིན་རྗེའི་མདུན་དུ་ཕུལ། ལྷ་ཁྲམ་ཡོན་བདག་ལ་གཏད་དེ་སྨན་ཆུས་བཀྲུས་ཏེ་ཁྲམ་གདན་བླ་བསླུའི་རྩར་བཙུགས། ཁྲམ་སྣ་བཟློག་ལ་དུས་བླ་མས་ཐལ་རྡེབ། ཕོ་བདུད། མོ་བདུད། སྤྱི་བདུད་གསུམ་ལ་གཅན་གཟན་པགས་པས་བླ་མས་གཡས་གཡོན་དབུས་གསུམ་ལ་བརྡབ། བཅོལ་པའི་ཕྲིན་ལས་མཇུག་སྔགས་དུས་ཟིལ་འབེབས་དང་སུམ་རྡུང་། གཞན་ཁྲམ་ལྔ་པོ་དེ་ཡི་འགྲེས་སུ་བྱའོ།། སྡེ་དཔོན་སུམ་ཅུའི་ཁྲམ་ཕྱིས་ནི། དང་པོ་གཤིན་རྗེའི་ཁྲམ་ཕྱི་བ་ནི། འདུལ་རོལ་མཐར། ཧཱུྃ༔ ང་ནི་དཔལ་ཆེན་སོགས་འདུལ་འདོན། གནོད་པའི་བགེགས་ལ་སོགས་ཟིལ་འབེབས་ནང་བྱད་མ་ལྷ་སྲུང་དང་བཅས་པའི་སོགས་འདོན་མཐར། སུམ་རྡུང་བྱས་ལ། དྲེགས་པའི་གླུད་འདོན་གྱིས། ཧཱུྃ༔ previous hit གསངབདགཕྱགརྡོར ་སོགས། གཤིན་རྗེའི་ཁྲམ་ཕྱི། གྲུབ་པར་མཛོད་བར་བྱ། སྡེ་དཔོན་སུམ་ཅུའི་ཁྲམ་བསྡུས་ཕྱི་བ་ནི། ཧཱུྃ༔ ང་ནི་གསང་བདག་སོགས། གྲུབ་པར་མཛོད་ཡན་ཆད་ཡང་བསྐྱར་ཚུལ་དུ་དམིགས་བསལ་ལྟར་བྱའོ། དེ་ནས་བྱེ་བྲག་ཏུ་ཁྲམ་ཁ་ཕྱུང་བ་ནི། འདུལ་འདོན་བཅས། ཀྱཻ༔ བདུད་ཀྱི་རྒྱལ་པོ་སོགས་ནས། རང་ཚན་ལ་འདུལ་རོལ་དང་སྦྲགས་ཏེ། བསྟན་མའི་ཁྲམ་ཁ་ཕྱུང་བའི་མཇུག་ཡན་རྫོགས་པར་བྱ། དེ་ནས་ཞུས་ལེན་ནི། ༼ཁ༽ཡང་ན་བླ་བསླུས་རྗེས་ཞུས་ལེན་ཀྱང་འཐད། དང་པོ་བྱིང་འདྲེན་གྱིས་ནམ་མཁའ་མཛོད་ཀྱི་སྔགས་གསུམ་རྒྱ་བཅས་འཕྲལ། དང་པོ་ཡར་ཞུ་ནི། ཀྱེ་ང་ཨ་རྒྷོང་རྒྱལ་པོའི་ཞེས་ཞུ། མར་ལ། ཀྱཻ་ང་སྔགས་འཆང་རྒྱལ་པོའི་སོགས། ཡར་ཞུ་མར་གནང་རྣམས་སྤེལ་མར་བྱས་མཐར། མཇུག་ཏུ་ཆོས་སྦྱིན་བྱ། ཁྲུས་བྱ། བསྲུང་བའི་དུས་གདན་ནག་བསལ། གདན་དཀར་བཏིང་ཡོན་བདག་འདུག སྔགས་ཆུ་བླུད། སྲུང་སྐུད་འདོག་གོ། ལྷག་མ། ཇ་བཞེས། བཟློག་པ་ཆ་ཚང་། ཐུན་གཏོར་གྲུབ་རྗེས། མཆོད་བསྟོད། བཟོད་གསོལ། ཡིག་བརྒྱ། ཨོཾ། འཇིགས་པ་བརྒྱད་སྐྱོབ་ཀྱིས་དངོས་གྲུབ་ལེན། མདོས་ཀྱི་དངོས་གྲུབ་ཞུ། སྨད་ལས་མཇུག་གི། ཧཱུྃ་ཧཱུྃ༔ དུས་གསུམ་བདེ་གཤེགས་སོགས་ཀྱི་དུས་གཟའི་ཕྱག་མཚན་ཆུ་སྲིན་རྒྱལ་མཚན་དང་མདའ་གཞུ་སོགས་དངོས་གྲུབ་ཏུ་ལེན། ཀླུ་མདོས་ཏོག་གི་ནོར་བུ་གཡང་རྟེན་དཀྱིལ་དུ་སྦ། ཀླུའི་ཕྱག་མཚན་པདྨ་ནེའུ་རྐྱལ་ཅན་དང་ཤིང་རྩི་བླང་ལ། སློབ་དཔོན་མདའ་དར་ཐོགས། ཀླུའི་གཡང་འགུགས། རྫས་གཏད། གཡང་སྒོ་བསྡམ་པ། རྒྱས་གདབ་ནི། ཨེ་མ་ཧོ༔ བསླུ་མེད་སྐྱབས་སོགས། ཧཱུྃ༔ བཀྲ་ཤིས་ཁྱིམ་གྱི་ལྷ་མོ་སོགས། དང་པོ་ཆོས་ཀྱི་དབྱིངས་ཀྱི་སོགས། གཡང་རྟེན་ལ་རྒྱས་གདབ་བྱ། གཏོར་མར་སྒོམ་པའི་ཡེ་ཤེས་པ་སོགས་དང་། ཧཱུྃ་ཧ་ཧེ་ཕཊ་ཀྱིས་གཤེགས། དམ་ཚིག་པ་བདག་ལ་བསྟིམ། སླར་ཡང་མདོས་གཏོར་དེ་ཉིད་སོགས་མཐར་གཙོ་འཁོར་སྔགས་སྤེལ་ཚིག་ཅན་བསད་བཟློག་གི་སྔགས་ཅི་མང་བཟླས། ཟོར་ནུས་ལྡན་དུ་བསྒྲུབ། དེ་ནས་གཏོར་མའི་ཕྱི་སྒོ་དབྱེ་བ་ནི། གསེར་སྐྱེམས་བྱིན་རླབས། སྡེ་བརྒྱད་མཆོད་པ། ཧཱུྃ་ཧཱུྃ༔ གསང་བདག་དཔའ་བོའི་སོགས་ནས་གྲུབ་པར་མཛོད། ཕུད་མཆོད། ནང་སྒོ་ནི། ཧཱུྃ་ཧཱུྃ༔ ཕོ་བྲང་ནང་གི་སོགས་དང་། མདོས་ཀྱི་སྒོ་དབྱེ་ནི། ཛ༔ ཤར་ཕྱོགས་སྒོ་མ་སོགས་ནས་ཕྲིན་ལས་མཛོད་བར་དང་། དེ་ནས་ཀླུའི་སྒོ་དབྱེ་འདོན། བཞེངས་བསྐུལ་ནི། གཏོར་ལམ་འཐེན་ལ། སྨད་ལས་ནང་གི། ཧཱུྃ་བྷྱོ་ཛ་ཀྵ༔ འོག་མིན་དབྱིངས་ནས་ཞེས་འདོན་དུས་སྔོན་དུ་དཀར་གཏོར་སྲིད་ཧུ་སྐྱེམས་བཅས། དེ་འཕྲོར་གླུད་མདོས། གཤིན་རྗེ། མདོས་ཆེན། གཏོར་མ། ཆད་མདོ་རྣམས་རིམ་པར་བསྒྲིག་ལ། གཏོར་འགུགས་ལན་གསུམ། ཡི་དམ་བསྐུལ་བ། གཟའ་བསྐུལ། ཆད་ཐོ་འདོན་མཐར་གཏོར་ཆེན་ནང་ཕུལ་རྗེས། གསེར་སྐྱེམས་ཟིལ་འབེབས་དུས་མཆོད་ལ་སྲིད་ཧུའི་རྒྱབ་ཡིག་བཀླག གླུད་བཏང་། གཤིན་རྗེའི་ལམ་བསྟན་ནི། ཧཱུྃ་བྷྱོ༔ འཆི་བདག་གཤིན་རྗེ་སོགས། མཱ་ར་ཡ་ཕཊ་ཀྱི་དྲག་སྔགས་བཅས་ཆུ་བོའི་གཞུང་ལ་བསྐྱལ་ནས་པྲ་བརྟགས་པར་བྱའོ།། དེ་ནས་གཏོར་ཆེན་བཏེགས་ལ། དྲག་འདོན་ཆེ་བའི་གདངས་ཀྱིས། ཧཱུྃ་བྷྱོ་ཛ་ཀྵ༔ སྡེ་བརྒྱད་དམག་དཔོན་སོགས་ནས། སྙིང་ལ་རྒྱོབ་ཅེས་མཐར་འབོད་རྦད་བསད་སྔགས་བཅས་གཏོར་མ་མདོས་ནང་འཕེན། དེ་ནས་རྣལ་འབྱོར་སྔགས་ཆས་སུ་ཞུགས་ལ། གསེར་སྐྱེམས་ཕྱོགས་བཞིར་འཐོར་བཞིན་མདོས་ཀྱི་ལམ་བསྟན་ནི། དྲེགས་པའི་གླུད་འདོན་གྱིས། ཀྱེ༔ མདོས་ཀྱི་ལམ་བསྟན་སོགས་ནས། བྷྱོ༔ དགོངས་གསོལ་མ་དང་། ཡང་ན་ལོ་ཟླ་མ་འདོན། ཕ་རོལ་དཔུང་འཇོམས་བཅས། ཡོན་བདག་གི་ལོ་བདུད་འདྲེ་ལྔའི་ཕྱོགས་སམ། ཡང་ན་མནན་གཏད་བྱེད་པའི་ཕྱོགས་སུ་བསྐྱལ་ལོ།། དེ་ནས་ཡེ་ཤེས་བྱ་ཁྱུང་གིས་ཕྱི་ལམ་བཅད་པ་ནི། ཡེ་ཤེས་བྱ་ཁྱུང་གི་སྔགས་དང་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མ་སོགས། ཤིང་རྩི་རྣམས་ཀ་བ་ལ་བཅིང་། མདོས་ཀྱི་མཇུག་གི། ཧཱུྃ་བྷྱོ་ཛ༔ ང་ནི་གསང་བདག་སོགས་ནས་ལྷ་རྒྱལ་ལོ་ཞེས་པའི་བར་བྱ། བསྟན་མ། བྲོ་བརྡུང་། ཀླུའི་སྒོ་དབྱེ་འདིར་བྱས་ཀྱང་རུང་། རྒྱལ་དབྱངས་ནི། ཨེ་མ་ཧོ༔ སྲིད་གསུམ་འཁྲུལ་པའི་བདེ་ལ་སོགས། ལྷ་རྒྱལ་ལོ། སྤྲོ་ན་ཕྱག་རྡོར་གྱི་དབང་སྐུར། མིན་ཡང་ཚེ་འགུགས། ཡི་དམ་གཞུང་གི་ཚེ་འགུགས་དང་གཟའི་ཚེ་བསྐུལ། སྨད་ལས་ནང་། ཧཱུྃ་ཛ༔ མི་མངོན་སོགས་ཚེ་རྗས། བླ་རྟེན། གཟའི་ཕྱག་མཚན་རྣམས་དངོས་གྲུབ་ཀྱི་ཚུལ་དུ་ཡོན་བདག་ལ་གཏད། རྒྱས་གདབ་སོགས་བྱའོ།། ཇ་བཞེས། དེ་ནས་བསང་གཏོང་། གུ་རུ་དྷེ་ཝ་ཌཱཀྐི་སོགས་ཀྱིས་གཏོར་མ་འབུལ། གསོལ་ཁ་མཆོད། སྔར་གྱི་ལྷ་ཁྲམ་དང་སྨན་ཆུ་རྣམས་བསང་ནང་ལ་མཆོད། ཡང་ན་ལྷ་ཁྲམ་དང་སྨན་ཆུ་རི་གཙང་སར་མཆོད། རྟ་མགྲིན་དང་གཟའི་རྗེས་ཆོག་ནི། རྟ་མགྲིན་གྱི། ཧཱུྃ་ཧྲཱིཿ པདྨ་དབང་ཆེན་སོགས་ནས་མཆོད་བསྟོད། དངོས་གྲུབ། བཟོད་གསོལ། ཡིག་བརྒྱ། དབྱངས་གསལ། གཟུངས་སྔགས་བཟླ། ལྷ་ཚོགས་རྟེན་ལ་བསྟིམ་མཾ་གཤེགས་གསོལ་ནི། བཛྲ་མུ༔ གཟའི་གཤེགས་གསོལ། ཧཱུྃ༔ རང་རིག་སེམས་ཀྱི་སོགས། རྟ་མགྲིན་ནང་། ཧཱུྃ་ཧྲཱིཿ དགེ་འདིས་སོགས་ནས་མངོན་གྱུར་ཤོག གཟའི་ནང་གི། ན་མོ་བདག་གི་སོགས། བཀྲ་ཤིས་ནི། རྟ་མགྲིན་ནང་། ཧཱུྃ་ཧྲཱིཿ ཆོས་སྐུ་དེ་བཞིན་སོགས། ཧཱུྃ་ཧྲཱིཿ རྒྱལ་ཀུན་སོར་རྟོག་སོགས། གཟའི་བཀྲ་ཤིས། ཨེ་མ་ཧོ༔ བསླུ་མེད་སྐྱབས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ།། དེ་ནས་ཀླུ་མདོས་གཤེགས་གསོལ་ནི། གཏང་རག་རྫས་གསར་བ། རིན་ཆེན་སྣ་ཚོགས། འབྲུ་སྨན་སྣ་ཚོགས། དཀར་གསུམ་མངར་གསུམ། ཤིང་ཏོག་ཇ་མར་ཐུད་སོགས་རོ་དྲུག་ཟས། འོ་ཞོ་ཀླུ་སྨན་བདུད་རྩི་སྐྱེམས། ཀླུ་གཟུགས་སམ་ཡང་ན་ཀླུ་བཤོས་རྒྱབ་ཡོལ་ཅན་སྔོན་པོ་སྦྲུལ་དཀྲིས། ཤིང་རིས་དར་ཚོན་བལ་ཚོན་འཇའ་རིས་ཁང་བཟང་། ཤོག་ཤོག་དུང་ཚེ། ཤེལ་ཚིགས། རྒྱན་སྣ་ཚོགས་ཡོན་བདག་གིས་འབུལ་ལ། ཀྱཻ༔ ཀླུ་ཡི་རྒྱལ་པོ་ཆེན་པོ་སོགས། ཕྲིན་ལས་མཛོད་བར། མཚོའམ་ཆུ་མིག་ཏུ་གཤེགས་ལ། གོང་གི་སྤྱིའི་འདོད་གསོལ། ཨོཾ༔ ཀླུ་ཡི་རྒྱལ་པོ་སོགས་ཀྱིས་འདོད་དོན་གསོལ། བསྔོ་སྨོན་ནི། སངས་རྒྱས་སྐུ་གསུམ་བརྙེས་སོགས། བཀྲ་ཤིས་ནི། ཧྲཱིཿ བཀའ་དྲིན་སྲིད་ན་སོགས་དང་། བསོད་ནམས་རི་བོ་སོགས། འབད་དང་སྩོལ་བས་སོགས། བཤད་སྒྲུབ་བསྟན་པ་སོགས། བཀྲ་ཤིས་ཅི་རིགས་བྱའོ།། དེ་ནས་ཡི་དམ་གྱི་གཏང་རག་མཆོད་བསྟོད་ནས་བཟུང་བཀྲ་ཤིས་མཐའ་བརྒྱན་སྤྱི་ལྟར་བྱའོ།། ཀླུ་མདོས་ཕྱི་ཉིན་གཤེགས་ན། གསང་བདག་གམ་སྤྱན་གཟིགས་བདག་བསྐྱེད་བསྡུས་པ་འདོན་མཐར། ཀླུ་གཏོར་བསྡུས་པ་བཏོན་རྗེས་གོང་ལྟར་གཤེགས། ༈ བསྙེན་རྒྱུན་པ་དང་། གཏད་ཕྱུང་། སྣ་སེལ་བ་གསུམ་གྱི་འདོན་འགྲིགས་ནི། བསྙེན་རྒྱུན་པ་དང་གཏད་ཕྱུང་བ་གཉིས་ཀྱིས། གསང་བདག་གོས་སྔོན་གྱི་ལས་བྱང་བཏོན་ནས། བསྙེན་རྒྱུན་པས་བསྙེན་རྒྱུན་བཟུང་། གཏད་ཕྱུང་བས་མཆོད་བསྟོད་དངོས་གྲུབ་ལེན། སྤྲོ་ན། གཟའི་མཆོད་ཕྲེང་འདོན་མཐར། གཏད་ཕྱུང་གཏད་དཀྲུག་བསགས་ནས། ཉིན་ཐ་མར་མདོས་ཀྱི་སྒོ་དབྱེའི་མགོར་རྗེས་བསྡུ་བྱས་ལ། བསྙེན་རྒྱུན་པའི་གྲལ་ལ་འདུག་ནས། བསྙེན་རྒྱུན་པ་དང་། གཉིས་ཀས་སྒྲུབ་ཁོག་པ་དང་མཉམ་དུ་རྗེས་ཆོག་བྱའོ།། སྣ་སེལ་བས། སྤྲོ་ན་བཅའ་བྲན་གྱི་སྔོན་ནམ་མིན་ཡང་ཆོ་གའི་སྔོན་དུ། བསང་དང་བརྔན་བཀྱག དུས་རྒྱུན་སྔ་མོར་རྒྱུན་བསང་། བཀྲ་ཤིས་བརྩེགས་པ། ཉེས་པ་ཀུན་སེལ། གནམ་ས་སྣང་བརྒྱད། ཀླུ་ཡི་དཔང་སྐོང་། ཀླུ་གཏོར། ཆུ་གཏོར། སྡེ་བརྒྱད་མཆོད་པ། གསོལ་ཁ། གཙུག་ཏོར་ནག་མོ། གདུགས་དཀར། ཕྱིར་བཟློག་ངན་སྔགས་འཁོར་ལོ། རྣམ་འཇོམས་ཟབ་མདོ་སོགས་འདོན་ནོ།། ཉིན་ཐ་མར་ཚེ་མདོ། ཚེ་གཟུངས། གཡང་འབོད། གཡང་འགུགས་སོགས་འདོན་པ་ལགས་སོ།། འདིར་སྨྲས་པ། སངས་རྒྱས་གཉིས་པ་དཔལ་ལྡན་པདྨ་སྐྱེས། །བསྔགས་པའི་ཏཱ་རེ་མི་འགྱུར་དགའ་ཚལ་ནས། །འཁྲུལ་བྲལ་བསམ་གཏན་ཡེ་ཤེས་གླིང་པ་དེས། །གདན་དྲངས་ཆོས་ཀྱི་རྒྱ་མཚོ་འདི་ཉིད་རྨད། །སྔོན་དུས་བདེ་གཤེགས་རིན་ཆེན་སྙིང་པོ་དང་། །གསང་བའི་བདག་པོས་དམ་བཞག་གཡར་དམ་ཅན། །ཨ་ཏིའི་སྲུང་མ་མི་སྡུག་རཱ་ཧུ་ལ། །མཐུ་སྟོབས་བསྐལ་མེ་འབར་བའི་མེ་དཔུང་གིས། །བྱད་མ་རྦོད་གཏོང་ལོག་འདྲེན་ཚང་ཚིང་ནགས། །ཡུད་ཀྱིས་གཞོམ་ལ་སྲིད་ན་འགྲན་ཟླ་བྲལ། །དེ་ཕྱིར་དེ་ཡི་སྒྲུབ་ཕྲིན་གྱེར་གཞུང་སོགས། །གནས་གསུམ་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །ཤོག་སེར་མ་བུའི་ཟ་མ་ཏོག་འཁྱིལ་བཞིན། །བླུན་པོས་འོལ་ཚོད་སྒྲོགས་ལ་དགོས་དོན་ཆུང་། །དེ་ཕྱིར་རྣམ་དག་ཕྱག་བཞེས་དམ་པའི་ལུགས། །རིག་འཛིན་བླ་མའི་ཞལ་ལུང་ཇི་ལྟ་བུར། །བྲིས་འདི་ཟབ་དོན་གནས་ལ་འཕྱུག་མེད་སྙམ། །དེ་ཕྱིར་བློ་དང་ལྡན་པའི་རྗེས་འཇུག་གིས། །འདི་བཞིན་ཉམས་སུ་ལོངས་དང་དོན་ཀུན་འགྲུབ། །ཉེས་འགལ་མཆིས་ན་རྩ་གསུམ་སྲུང་མར་འཆགས། །དགེ་བས་རྒྱལ་བསྟན་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པའི་ཟིན་བྲིས་མཐོང་བ་ཀུན་གསལ་ཞེས་བྱ་བ་འདི་ཉིད་བསྟན་པའི་སྦྱིན་བདག་སྨར་མགོན་པོ་ཚང་ནས་དྲང་སྲོང་སྨུག་ནག་འོད་འཕྲོའི་སྒོ་ནས་གཏད་དཀྲུགས་གསུངས་སྐབས་སུ་སློབ་བུ་རྣམས་ནས་བསྐུལ་བར་བརྟེན་གཏེར་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་གུ་རུའི་ཐུགས་ཀྱི་གཟུངས་མ་བལ་མོ་ཤཱཀྱ་དེ་ཝའི་སྒྱུ་འཕྲུལ་དང་། ཆོས་ཀྱི་བདག་པོར་དབུགས་དབྱུང་། མངའ་གསོལ་ལུང་བསྟན་ཐོབ་པའི་རིག་པ་འཛིན་པ་སྔགས་ནག་པ་བློ་གྲོས་རབ་གསལ་ནས་སྐབས་ཅི་རིགས་པར་བྲིས་པས་བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།།

འདིར་དཔེའུ་རིས་ལྡེབ་བཞི་ཡོད།


previousགསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་ཆ་མདའ་རབ་བློས་མཛད་པ།no next