Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ། next

བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ།

གལ་ཏེ་བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ལང་ཀར་གཤེགས་པ་ཉིད་ལས། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ས་ལ་ནང་དུ་སྙོམས་པར་ཞུགས་པ་ལ་གནས་ཤིང་སངས་རྒྱས་ཀྱི་བློས་ནམ་མཁའ་དང༌། ནང་ནས་[དོན་དམ་གྱི་]སྒྲ་ཐོས་པ། ལང་ཀའི་བདག་པོ་ལེགས་སོ་ལེགས་སོ། །ཡང་ལང་ཀའི་བདག་པོ་ཁྱོད་ནི་ལེགས་སོ། །ཇི་ལྟར་ཁྱོད་སློབ་པ་དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས་བསླབ་བོ། །ཇི་ལྟར་ཁྱོད་ཀྱིས་[ཆོས་ཉིད་]མཐོང་བ་དེ་བཞིན་དུ་[དོན་དམ་གྱི་]དེ་བཞིན་གཤེགས་པ་རྣམས་དང་[དོན་དམ་གྱི་]ཆོས་རྣམས་[ཀུན་རྫོབ་ཏུ་མེད་ཀྱང་དོན་དམ་དུ་བཞུགས་པར་]བལྟ་བར་བྱའོ། །[དེ་ལས་]རྣམ་པ་གཞན་དུ་[དོན་དམ་པ་རང་སྟོང་དང༌། དོན་དམ་དུ་གང་ཡང་མ་གྲུབ་པ་དང༌། ཡོངས་གཅོད་དུ་གྲུབ་པའི་ཆོས་གང་ཡང་དོན་དམ་པར་མེད་ཅེས་སོགས་སུ་]བལྟས་ན་ཆད་པ་ལ་གནས་པར་འགྱུར་རོ། །ཞེས་སོགས་དང༌། [དོན་དམ་གྱི་]སེམས་ནི་རང་བཞིན་འོད་གསལ་ཏེ། [དེ་ཉིད་]དེ་བཞིན་གཤེགས་པའི་སྙིང་པོ[ཡང་ཡིན་ལ་མ་བྱས་པའི་]དགེ་[བའམ་དོན་དམ་པའི་དགེ་བ་རང་བཞིན་རྣམ་དག་ཡིན་པས]། །སེམས་ཅན་རྣམས་ཀྱི་ཉེར་ལེན་[གྱི་ཕུང་པོ་]ནི། །[དངོས་པོའི་]མཐའ་[ཡིན་པ་]དང་[ཐོག་མའི་]མཐའ་མེད་[ཀྱང་ཡིན་ཏེ་དེ་རྣམས་གཤིས་ལ་]རྣམ་[པར་]སྤངས་པའོ། །[དྲི་མ་སེལ་བའི་]བྱི་དོར་བྱས་པས་གསེར་མདོག་[གསལ་བ་]དང༌། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་[དྲི་མ་ཕྱིས་པས་]མཐོང་བ་དེ་བཞིན་དུ། །[མཐོང་བའི་དོན་དམ་གྱི་]ཕུང་པོ་རྣམས་ལ་[ཀུན་རྫོབ་ཀྱི་]སེམས་ཅན་དང༌། །གང་ཟག་མེད་ཅིང་ཕུང་པོ་མེད[པའི་གཞི་དོན་དམ་གྱི]། །སངས་རྒྱས་ཡེ་ཤེས་ཟག་[པ་]མེད་[ཅིང་བདེ་]ལ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །[དེ་ལྟར་མཐར་ཐུག་གི་སྐྱབས་གནས་སུ་གྱུར་པའི་]སེམས་ནི་རང་བཞིན་འོད་གསལ་བ། །[སེམས་དང་]ཡིད་[དང་རྣམ་ཤེས་]ལ་སོགས་པའི་ཉོན་མོངས་དང༌། །བདག་[འཛིན་]དང་ལྷན་ཅིག་ལྡན་པར་[དྲི་བཅས་དེ་བཞིན་ཉིད་]ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དེ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་པ་ལ་སོགས་པས་དོན་དམ་པའི་ས་བཅུ་གཉིས་ཀྱི་བདག་ཉིད་རང་བཞིན་འོད་གསལ་པ་རྟོག་གེ་ལས་འདས་པའི་སེམས་སངས་རྒྱས་ཀྱི་སྙིང་པོ་ངོ་བོ་ཉིད་ཀྱིས་དགེ་བ་མཐའ་ཐམས་ཅད་དང་བྲལ་བའི་གཞི་སྐྱབས་གནས་ཀྱི་མཐའ་ཐུག་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་བདེ་གཤེགས་སྙིང་པོར་གསུངས་པ་དང་འགལ་བའི་སྐྱོན་དུ་འགྱུར་བ་གང་གིས་ཟློག་པར་བྱེད། དེ་བཞིན་དུ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །[ངོ་བོ་]ཉོན་མོངས་འདམ་གྱིས་མ་གོས་[ཤིང་མ་བསླད་]པ། །[དེ་]རྡོ་རྗེ་[བདེ་ཆེན་དང་]པད་མ[སྟོང་ཆེན་དབྱེར་མེད་པ]འི་དབང་བསྐུར་ཡིན། །ཞེས་དང༌། པད་མ་[ཆུ་དང་འདམ་ལ་གནས་ཀྱང་]ཆུ་ཡིས་མ་གོས་ཤིང༌།།འདམ་གྱི་ཉེས་པས་གོས་མི་འགྱུར། །དེ་བཞིན་སེམས་ཅན་ཐམས་ཅད་[ལ་བཞུགས་པ་གདོད་ནས་]དག[པའི]། །ཆོས་ཉིད་གཟོད་ནས་མ་སྐྱེས་པའི། །[དབྱིངས་གང་ཡིན་པ་]དེ་བཞིན་གཤེགས་[པའི་]སྙིང་[པོ་]འདི་གང་ཞིག[ནི]། །[དོན་དམ་གྱི་]ཆོས་དང་ཆོས་ཉིད་[ཏེ་]སྟོང་[པའི་གཞི་]གང་ཡིན[པའོ]། །[དེ་ནི་]གཟུགས་སོགས་[ཀུན་རྫོབ་ཀྱི་]ཆོས་རྣམས་ཐམས་ཅད་ཀྱི[ཁྱབ་བྱེད་དུ་གྱུར་པ]། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །ཅེས་དང༌། [དོན་དམ་གྱི་]ཆོས་ཀུན་[གདོད་ནས་]རྣམ་པར་དག་པའི་ཕྱིར། །ཉེས་པ་ཀུན་དང་[རང་བཞིན་གྱིས་]བྲལ་བ་སྟེ། །ཐོག་མ་མེད་[པ་ནས་]བྱུང་[བ་]ཆོས་[ཀུན་གྱི་]སྙིང་པོ[དེ་སེམས་ཅན་ལ་བཞུགས་ཀྱང་]། །གློ་བུར་དྲི་མས་[སེམས་ཅན་དེ་]ཉོན་མོངས་[པར་]གྱུར[མོད]། །[བདེ་གཤེགས་སྙིང་པོ་ཨ་ཧཾ་]ང་ནི་[ཉོན་མ་མོངས་པ་]ཁོ་ན་[ཡིན་ཞིང་]ཆོས་ཆེན་པོ[དོན་དམ་གྱི་ཆོས་ཀྱང་ཡིན་ལ]། །[ཨ་ཧཾ་]ང་ནི་ཆོས་[ཀུན་]ཀྱི་སྙིང་པོར་བཤད། །དེ་བས་[ཨ་ཧཾ་]ང་ནི་[ཆོས་རྒྱལ་]རྒྱལ་པོ་ཆེ། །ཞེས་དང༌། [གདོད་ནས་]དག་པ་དེ་བཞིན་གཤེགས་[པའི་]སྙིང་པོ[ནི]། །སེམས་དཔའ་[སྟེ་སེམས་ཅན་གྱི་]སྙིང་པོ་ཞེས་བྱར་བཤད། །[ཨ་ཧཾ་]ང་ནི་དེ་བཞིན་གཤེགས་སྙིང་པོ། །[དོན་དམ་གྱི་]སེམས་ཅན་ཐམས་ཅད་[སངས་རྒྱས་ཀྱི་]བདག་དང་[ཨ་ཧཾ་]མཚུངས། །ཞེས་པ[འམ་ཀུན་རྫོབ་ཀྱི་སངས་རྒྱས་བདག་དང་སེམས་ཅན་ཐམས་ཅད་ལ་དོན་དམ་གྱི་སངས་རྒྱས་བཞུགས་པར་མཚུངས་ཞེས་པ་]ལ་སོགས་པས། གཟོད་མ་ནས་མ་སྐྱེས་པའི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡང་ཁྱད་མེད་དུ་བཞུགས་བཞིན་དུ་སེམས་ཅན་གྱི་ཉེས་པས་མ་གོས་པར་གསུངས་པ་དང་ཡང་[བདེ་གཤེགས་སྙིང་པོ་དོན་ལ་མི་གནས་པར་འདོད་པ་]འགལ་བར་འགྱུར་རོ། །དེ་བཞིན་དུ། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང༌། [བདེ་གཤེགས་]སྙིང་པོ་ཞེས་[པ་]ནི་སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང༌། །[དོན་དམ་གྱི་]སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་སྔགས་ཀྱི་སྤྱོད་མཆོག་ཟབ་མོའི་དོན་ཆོས་ཉིད་དག་པ་སངས་རྒྱས་ཀྱི་སྙིང་པོར་གསུངས་པ་དང༌། དོན་དམ་པའི་མཚན་བརྗོད་དུ་ཡང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ། །ཞེས་དོན་དམ་ཡེ་ཤེས་ཀྱི་སྐུ་དེ་ཉིད་བདེ་གཤེགས་སྙིང་པོར་གསུངས་པ་དང༌། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། [དོན་དམ་རང་གིས་མི་སྟོང་ལ་གཞན་གྱིས་]སྟོང་པ་ཆེན་པོ་འགྱུར་མེད་[རང་བྱུང་ཡེ་ཤེས་]ལྔ་གཅིག་ཏུ་[གདོད་ནས་]འདྲེས་པར་གྱུར་པའི་རྣལ་འབྱོར་[གཞི་འབྲས་ཀྱིས་བསྡུས་པ་]ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། ཞེས་སོགས་དང༌། དཔལ་དུས་ཀྱི་འཁོར་ལོར་ཡང༌། སེམས་ཅན་རྣམས་[ཀྱི་རང་བཞིན་འོད་གསལ་བའི་སེམས་]ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་[དེ་ལས་]གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་སེམས་ཅན་རྣམས་ལ་བཞུགས་པའི་རང་བཞིན་འོད་གསལ་གྱི་སེམས་ལས་གཞན་པའི་སངས་རྒྱས་ཆེན་པོ་འཇིག་རྟེན་ཁམས་ན་མེད་པར་གསུངས་པ་དང༌། སེམས་ལ་གནས་པ[འི་རང་བཞིན་འོད་གསལ་བ་བདེ་བ་ཆེན་པོ་ཡིད་བཞིན་ནོར་བུ་]དེ་ནི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང་[ཡང་]། །ཡིད་བཞིན་ནོར་བུའི་སྐྱོན་མིན་[གྱི་སེམས་ཅན་གྱི་སྐྱོན་ཡིན་ཞིང་]མི་དགེ་བ་དང་དགེ་བ[གང་བྱས་པ]འི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །[རང་བཞིན་དག་པའི་]སེམས་ནི་[གློ་བུར་དྲི་མས་]དག་ན་མི་དེ་ཡང་ནི་[དག་པ་གཉིས་ལྡན་གྱི་]རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་བཅོས་མ་གློ་བུར་བའི་སེམས་ལ་གནས་པའི་རང་བཞིན་གཉུག་མའི་སེམས་འོད་གསལ་བ་ཡིད་བཞིན་ནོར་བུ་ལྟ་བུའི་སྙིང་པོ་དེ་གློ་བུར་དྲི་མའི་ཚོགས་ཀུན་འགགས་པ་ཙམ་གྱིས་ཐོབ་པའི་ཕྱིར་བདེ་གཤེགས་སྙིང་པོ་དོན་ལ་གནས་པར་གསུངས་པ་དང་ཡང་[བདེ་གཤེགས་སྙིང་པོ་དོན་ལ་མེད་པར་འདོད་པ་]འགལ་བར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། [གཟུང་འཛིན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་]བདག་དང་གཞན་དུ་འཛིན་སྤངས་ཤིང༌། །[དོན་དམ་]རང་གིས་[དོན་དམ་རང་]རིག་པའི་ཡེ་ཤེས་དེ[དངོས་པོ་དངོས་མེད་སྤངས་པའི་བར་མ་ཕུང་པོ་གསུམ་པ་ཡིན་ནོ]། །[དེ་ཡང་གཉིས་མེད་ཡེ་ཤེས་ལ་དངོས་པོའི་རྣམ་པར་སྣང་བས་]དངོས་[པོ་]དང་དངོས་[པོར་གྲུབ་པ་]མེད་[པས་དངོས་མེད་ཀྱི་]བདག་ཉིད་མཆོག[སྟེ་གཉི་ག་ཡིན་པའི་ཕུང་གསུམ་མོ། །ཡང་དེ་ཉིད་གཉི་ག་མིན་པའི་ཕུང་གསུམ་ཡང་ཡིན་ཏེ་སྐབས་གཞན་དུ་ཡང་ཡང་གསུངས་པའོ།]།མཁའ་མཉམ་སྟོང་པ་རྡུལ་དང་བྲལ[བའི་གཟུགས་ཏེ། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་བ་ཞེས་སོགས་གསུངས་པའོ]། །[དེ་ཉིད་དོན་དམ་གྱི་འདོད་ཆགས་ཀྱང་ཡིན་ལ། ཀུན་རྫོབ་ཀྱི་འདོད་ཆགས་དང་བྲལ་བ་ཡིན་པས]འདོད་ཆགས་[དང་]ཆགས་བྲལ་འདྲེས་པ་[དེ་ནི་ཕུང་པོ་གསུམ་པའམ་མ་ནིང་]སྟེ། །[དེ་ཉིད་]ཐབས་དང་ཤེས་རབ་ཤིན་ཏུ་འདྲེས[པ་མ་ནིང་གི་གོ་འཕང་ངོ་]། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་ནམ་ཡང་མི་འཆད་པ་ཡིན་ལ།]།དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་[བརྟན་གཡོ་]ཐམས་ཅད་[ལ་]ཁྱབ[པ]། །[བདེ་གཤེགས་སྙིང་པོ་]དེ་འདིར་[དོན་དམ་གྱི་]སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་དང༌། དཔལ་བརྟག་པ་གཉིས་པར་ཡང༌། [བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]དཀྱིལ་འཁོར་འཁོར་ལོ་དང༌། །[དོན་དམ་གྱི་]ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །[བདེ་གཤེགས་སྙིང་པོ་]དེ་ནི་[དོན་དམ་གྱི་]མེ་ལོང་ཡེ་ཤེས་གཟུགས། །[དོན་དམ་གྱི་]མཉམ་ཉིད་ཡེ་ཤེས་དངོས་པོ[འི་རྣམ་པ་]ཅན། །ཡང་དག་[པའི་མཐར་]གྱུར་པ་སོ་སོར་རྟོག[པའི་ཡེ་ཤེས་དང།]།[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]བྱ་བ་ནན་ཏན་[གྱི་ཡེ་ཤེས་]ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ[འི་ཡེ་ཤེས་ཀྱང་ངོ་]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]དཀྱིལ་འཁོར་བདག་པོ་ང་[ཨ་ཧཾ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་དང༌། [བདེ་གཤེགས་སྙིང་པོ་]འདི་ཉིད་[རང་བྱུང་]ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །[ཐབས་ཤེས་རབ་སྙིང་རྗེ་སྟོང་ཉིད་བདེ་ཆེན་སྟོང་ཆེན་གཉིས་]གཉིས་[སུ་བཞུགས་པ་]དང་[དེ་དག་]གཉིས་སུ་མེད་པ[ར་འདྲེས་པ]འི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ[བོ་ནི་སྔར་དངོས་དང་དངོས་མེད་བདག་ཉིད་མཆོག་ལ་བཤད་པ་བཞིན་ནོ]། །བརྟན་དང་གཡོ་བ་ཁྱབ་[ནས་]གནས། །སྒྱུ་མ[དང་པྲ་ཕབ་པ]འི་གཟུགས་ཅན་ཉིད་དུ་འདོད། །ཅེས་དང༌། [བདེ་གཤེགས་སྙིང་པོ་]དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་སྟེ།]།[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་པའི་ཡི་གེ་ཡིན་པས་]ཡི་གེ་དམ་པ་ཉིད[དམ་འགྱུར་མེད་མཆོག་གོ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]འགྲོ་བའི་བདག་ཉིད་དེ[འགྲོ་བ་གཞན་ནམ་མཆོག་གོ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[ཀྱིས་]ཐམས་ཅད་[ལ་]ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་[པོ་གཞན་]དང་དངོས་མེད་[གཞན་]དེ་ལས་བྱུང་[སྟེ་དེ་དང་དེའི་རྣམ་པ་ཅན་ནོ]། །ཞེས་སོགས་དང༌། མངོན་པར་བརྗོད་པའི་རྒྱུད་བླ་མར་ཡང༌། [བདེ་གཤེགས་སྙིང་པོ་]དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་སྟེ།]།དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སོགས་དང༌། དོན་དམ་པའི་མཚན་བརྗོད་དུ་ཡང༌། [བརྗོད་དུ་མེད་པའི་]ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། ། [དེ་ཉིད་སྲོག་ཆགས་ཀུན་གྱི་]སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །[ཡི་གེ་ཡིན་ཡང་]ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག[དེས་ན་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པའོ།]།ཅེས་པ་ལ་སོགས་པས་རང་བྱུང་ཡེ་ཤེས་ལྔའི་དབྱིངས་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པ་དེ་ཉིད་ཧེ་རུ་ཀ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། དཀྱིལ་འཁོར་བདག་པོ་དང༌། ཨ་ཡིག་ལ་སོགས་པའི་རང་བཞིན་སྲོག་ཆགས་ཀུན་གྱི་སྲོག་ཆེན་པོར་གསུངས་ཤིང༌། དཔལ་འདུས་པ་ལ་སོགས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ[དོན་དམ་པའི་སེམས]། །ཞེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་དེ་ཉིད་སེམས་ཆེན་པོར་ཡང་གསུངས་ལ། [མཚན་བརྗོད་དུ་]མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ལ་སོགས་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་ཆེན་པོར་ཡང་གསུངས་ཤིང༌། དཔལ་དུས་ཀྱི་འཁོར་ལོར། གང་དུ་ངེས་པར་[ཀུན་རྫོབ་ཀྱི་]རིགས་ཀྱི་གཟུགས་ནི་[གདོད་ནས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་ཆེན་པོའི་གཟུགས་[རྣམ་སྣང་མེ་ལོང་ཡེ་ཤེས་]སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་[གདོད་ནས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་ཚོར་བ་ཆེན་པོར་[རིན་འབྱུང་མཉམ་ཉིད་ཡེ་ཤེས་ཡིན་པ་]གསུངས་པ་སྟེ། །ཞེས་པ་ལ་སོགས་པས་ཕུང་པོ་དང་ཁམས་ལ་སོགས་པ་ཆེན་པོར་གསུངས་པ་ཐམས་ཅད་བདག་ཆེན་པོ་དང་སྟོང་ཉིད་ཆེན་པོའི་དོན་ཡིན་ལ། དེ་ཡང་བདེ་གཤེགས་སྙིང་པོའི་དོན་ཡིན་པས་བདེ་གཤེགས་སྙིང་པོ་དོན་ལ་མི་གནས་ན་དེ་རྣམས་ཀྱང་དོན་ལ་མི་གནས་པར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་བདེ་གཤེགས་སྙིང་པོ་དང་བདག་གི་དབྱིངས་རྣམ་གྲངས་ཡིན་ན་མུ་སྟེགས་བྱེད་ཀྱི་བདག་དང་ཁྱད་པར་མེད་པར་འགྱུར་ལ། རྣམ་གྲངས་མ་ཡིན་ན་མིང་དེས་བསྟན་ཡང་མུ་སྟེགས་ཅན་བདག་ཏུ་མངོན་པར་ཞེན་པ་རྣམས་དྲང་བར་མི་ནུས་སོ་ཞེ་ན། སྐྱོན་མེད་དེ། རྣམ་གྲངས་ཡིན་ཡང་འདི་ནི་བདག་གཉིས་ཀྱིས་སྟོང་བའི་གཞི་དེ་བཞིན་ཉིད་ཀྱི་བདག་དང་དག་པའི་བདག་ལ་སོགས་པ་ཡིན་པའི་ཕྱིར་རོ། །


previousབདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ། next