Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ། next

བདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ།

སྔར་བདག་མེད་གསུངས་པ་དང་འགལ་བར་སྣང་ཡང་སྐྱོན་མེད་པར་གསུངས་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་གཞན་ཡང་སྔོན་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་[ཀུན་རྫོབ་གློ་བུར་དྲི་མ་ལ་དགོངས་ནས་]མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བསྟན་ཏོ། །ད་རྩྭ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་[དོན་དམ་བདེ་གཤེགས་སྙིང་པོ་ལ་དགོངས་ནས་]རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པར་བསྟན་ཏོ། །ཞེས་དང༌། རིགས་ཀྱི་བུ་རྟག་པ་དང་བཅས་[རང་བཞིན་འགྱུར་མེད་ཀྱི་]བདེ་བ་དང་བཅས། [སྟོང་གཞི་དོན་དམ་གྱི་]བདག་དང་བཅས། [གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། །ཞེས་དང༌། འདུས་མ་བྱས་[དེ་བཞིན་ཉིད་]ནི་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་[ཉིད་དུ་]མྱ་ངན་ལས་འདས་པའོ། །རྟག་པ་[དེ་]ནི་[སྟོང་གཞི་དོན་དམ་གྱི་]བདག་གོ་[སྟོང་གཞི་དོན་དམ་གྱི་]བདག་ནི་ཡོངས་སུ་དག་པའོ། །[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་ནི་[རང་བཞིན་འགྱུར་མེད་ཀྱི་]བདེ་བ་ཞེས་བྱ་སྟེ། [དེ་ལྟར་]རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ[འི་དབྱིངས་]ནི་[སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའོ། །ཞེས་དང༌། རིགས་ཀྱི་བུ་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བའི་དོན་ཏོ། །ཞེས་དང༌། སངས་རྒྱས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ་མེད་པར་བྱ་བའི་གནས་མེད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བའི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སྟེ། དེ་ལྟར་གསང་བའི་སྙིང་པོ་དེ་ནི་[གཞོམ་མེད་ནཱ་དའི་དབྱིངས་ཡིན་པས་]གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཞེས་དང༌། [གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་[སྟོང་གཞི་དོན་དམ་གྱི་]བདག་[གཤིས་ལ་བཞུགས་པ་ཉིད་]ཏུ་འཛིན་པ་[སྟེ་རྟོགས་པ་]ནི་ཤིན་ཏུ་མཆོག་ཅེས་བྱའོ། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའི་དབང་པོ་གཅིག་གིས་[སྟོང་གཞི་དོན་དམ་གྱི་]གཟུགས་མཐོང་སྒྲ་ཐོས་དྲི་ཚོར་རོ་མྱོང་རེག་བྱ་ཚོར་ཞིང་ཆོས་ཤེས་ཀྱང་[སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའི་དབང་པོ་དྲུག་[ལ་སྣང་བའི་ཚུལ་དག་]གིས་[ཀུན་རྫོབ་ཀྱི་]གཟུགས་མི་མཐོང་སྒྲ་མི་ཐོས་དྲི་མི་ཚོར་རོ་མི་མྱོང་རེག་བྱ་མི་ཚོར་ཆོས་མི་ཤེས་ཏེ་[དེ་རྣམས་གཤིས་ལ་མ་གྲུབ་པའི་ཕྱིར་རོ། །དེ་རྣམས་མེད་པ་ཤུགས་་ལ་རྟོགས་ཤིང༌། དོན་དམ་གྱི་གཟུགས་སོགས་སྣང་ནས་དངོས་སུ་རྟོགས་པའི་]དབང་གི་ཕྱིར་དབང་པོས་དབང་མཛད་དེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་

[བདག་ཉིད་ཆེན་པོའི་བདག་]ཡིན་ཞེས་སོགས་དང༌། སྤྲིན་ཆེན་པོའི་མདོར་ཡང༌། མི་རྟག་པ་དང་སྟོང་པ་དང་[ཉན་རང་གི་]ཡོངས་སུ་མྱ་ངན་ལས་འདས་པ་དང་བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་[སྟོང་གཞི་དོན་དམ་གྱི་]སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཡོངས་སུ་མྱ་ངན་ལས་འདས་པ་[ཆེན་པོ་]རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་[གདོད་ནས་]ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། གྱད་གཉིས་སྟོབས་འགྱེད་པ་ན་གཅིག་གི་དཔྲལ་བའི་རྡོ་རྗེ་རིན་པོ་ཆེ་རྨ་ནང་དུ་ནུབ་པ་མ་ཚོར་ཏེ་སྟོར་བར་འདུ་ཤེས་པ་ལ། སྨན་པས་རྡོ་རྗེ་དེ་ཕྱུང་ནས་བསྟན་པས་ངོ་མཚར་དུ་གྱུར་པ་དཔེར་མཛད་ནས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི་སེམས་ཅན་རྣམས་ཀྱིས་ནི་དེ་མི་ཤེས་ཏེ། ཞེས་དང༌། ཇི་ལྟར་གྱད་དེ་རང་གི་ལུས་ལ་རྡོ་རྗེ་འདུག་ཀྱང་འདུ་ཤེས་ཉམས་པས་སྟོར་བའི་འདུ་ཤེས་སུ་རྟོག་པ་དེ་བཞིན་དུ་སེམས་ཅན་འཇིག་རྟེན་པ་རྣམས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། མི་དགེ་བའི་གྲོགས་པོའི་དབང་དུ་གྱུར་པ་དང༌། དགོངས་པའི་ཚིག་མི་ཤེས་པས་[སྟོང་གཞི་དོན་དམ་གྱི་]བདག་ཡོད་བཞིན་དུ་[སྟོང་གཞི་དོན་དམ་གྱི་]བདག་མེད་པར་སྒོམ་པར་བྱེད་དོ། །[གང་ཟག་དང་ཆོས་ཀྱི་]བདག་མེད་པ་མི་བསྒོམ་པ་རྣམས་ནི་འཇིག་རྟེན་པའི་བདག་[མཐོ་བོང་ཙམ་ཞེས་སོགས་]སྒོམ་པར་བྱེད་དོ། །ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ་ཞེས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་བཞིན་དུ་འཇིག་རྟེན་ལས་འདས་པའི་[བདག་གི་དེ་ཁོ་ན་]ཡང་[འཇིག་རྟེན་བའི་བདག་]དེ་དང་འདྲ་[བར་མེད་དོ་ཞེས་སྨྲ་]སྟེ། མི་དགེ་བའི་གྲོགས་པོ་ལ་བརྟེན་པ་དང༌། དགོངས་པའི་ཚིག་གི་མཐའ་མི་ཤེས་པས་བདག་མེད་དོ་བདག་མེད་དོ་ཞེས་སྒོམ་བཞིན་དུ། བདག་[གཉིས་པོ་]མེད་པའི་[གཞིའི་]དེ་ཁོ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོད། གང་ན་གནས། ཅི་རྫ་མའི་ནང་ན་རྫ་མ་འདུག་པ་ལྟ་བུ་ཞིག་གམ། འོན་ཏེ་རླན་ལྟ་བུར་ཁྱབ་པར་འདུག་གམ། གྱད་རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ་བུར་འདུག་གམ་སྙམ་པ་ལ། སྨན་པ་[མཁས་པ་མདོ་ལས་གསུངས་པ་དེ་]བཞིན་དུ་དེ་བཞིན་གཤེགས་པས་དེ་དག་ལ་འདི་སྐད་དུ། [སྟོང་གཞི་དོན་དམ་གྱི་]བདག་ནི་ཐམས་ཅད་དུ་[ཀུན་ལ་སྣང་བར་]གནས་པ་མ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་[རང་བཞིན་]འོད་གསལ་[བར་བཞུགས་]ཞིང་ཉོན་མོངས་པའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སྩལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་ལ་སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དོ། །[ཉོན་མོངས་ཟད་པ་]དེ་ནས་[གྱད་ཀྱི་]རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་[བསམ་གྱིས་མི་ཁྱབ་ཅིང་ཡོན་ཏན་]དཔག་ཏུ་མེད་དོ། །ཞེས་དང༌། ཡང་ཇི་ལྟར་རྒྱལ་པོའི་སྨན་པ་མཁས་པས་སྔར་སྨན་དུ་འོ་མ་བཀག་ཅིང༌། ཕྱིས་མ་བཀག་པས་སྔ་ཕྱི་འགལ་བ་ལྟར་སྣང་ཡང༌། ཕྱི་ནས་ལེགས་པར་ཕྱེ་སྟེ་བསྟན་པས་སྔ་ཕྱི་མི་འགལ་བར་བསྒྲུབས་པ་དཔེར་མཛད་ནས། སངས་རྒྱས་སྨན་པའི་རྒྱལ་པོས་ཀྱང་གདུལ་བའི་དབང་གིས་སྔར་བདག་མེད་པ་བསྟན་ཅིང་ཕྱི་ནས་བདག་གི་དབྱིངས་ཡོད་པར་གསུངས་ཏེ། ཇི་སྐད་དུ། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་ནོ་ཞེས་ཆོས་ཀྱི་བཀའ་འདོགས་པར་མཛད་ནས། ཡང་གདུལ་བར་བྱ་བ་རྣམས་ཀྱི་དབང་དང་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུས་མཁྱེན་པར་མཛད་ནས། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྐབས་དེ་ཉིད་དུ་སྨན་པ་བཟང་པོ་བཞིན་དུ་[ཕྱི་ནས་དོན་དམ་གྱི་]བདག་ཡོད་དོ་ཞེས་ཡང་དག་པར་སྟོན་པར་མཛད་དེ། འཇིག་རྟེན་པ་རྣམས་ཀྱི་བདག་མཐེ་བོང་ཙམ་དང་ཁྲེ་རྒོད་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱི་བདག་ཏུ་ལྟ་བ་གང་ཡིན་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། འདིར་ཆོས་ཐམས་ཅད་ནི་[གང་ཟག་དང་ཆོས་ཀྱི་]བདག་མེད་པ་ཞེས་བྱའོ། །[སྟོང་གཞི་དོན་དམ་གྱི་]ཆོས་ཐམས་ཅད་ནི་བདག་མེད་པ་ཡང་མ་ཡིན་ཏེ་[སྟོང་གཞི་དོན་དམ་གྱི་]བདག་ནི་དེ་ཁོ་ན་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་རྟག་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཡོན་ཏན་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཐེར་ཟུག་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་བརྟན་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཞི་བ་ཉིད་དོ། །ཞེས་སྨན་པ་བཟང་པོའི་འོ་མ་བཞིན་དུ། དེ་བཞིན་གཤེགས་པ་ཡང་[སྔར་བདག་མེད་པ་སྟོན་ཅིང་ཕྱི་ནས་བདག་གི་]དེ་ཁོ་ན་ཉིད་དང་ལྡན་པ་སྟོན་པར་མཛད་དེ། དེ་བསྒོམ་པ་ལ་[དགེ་སློང་དགེ་སློང་མ་དགེ་བསྙེན་དགེ་བསྙེན་མ་སྟེ་]འཁོར་བཞི་པོ་རྣམས་ཀྱིས་བརྩོན་པར་གྱིས་ཤིག ། ཅེས་དང༌། ཡང་མའི་ནུ་མ་ལ་ནིམ་པའི་ལོ་མའི་ལྡེ་གུ་བསྐུས་ཏེ། བུའི་སྨན་མར་མ་ཞུའི་བར་དུ་འཐུང་དུ་མ་བཅུག་ལ། ཞུ་བ་དང་འཐུང་དུ་བཅུག་པ་དཔེར་མཛད་ནས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་སྔར་ནི་གདུལ་བར་བྱ་བའི་དབང་གིས། བྱིས་པའི་སྨན་མར་ཞུ་བར་བྱ་བ་བཞིན་དུ། དགེ་སློང་རྣམས་ཀྱི་འཇིག་རྟེན་པའི་[བདག་ཏུ་]ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་ལས་འདས་[པ་བདག་གཉིས་མེད་]པའི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དང༌། འཇིག་རྟེན་པའི་བདག་ཉིད་[ཀྱི་]དེ་ཁོ་ན་ཉིད་[སྨྲ་བ་དེ་]བརྫུན་པར་ཡང་དག་པར་བསྟན་པའི་ཕྱིར་དང༌། བདག་[གཉིས་]མེད་པར་བསྒོམས་པས་ལུས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག་ཆོས་ཐམས་ཅད་བདག་མེད་པར་སྒོམས་ཤིག །དེ་ལྟར་བསྒོམས་དང་ངར་འཛིན་པ་སྤོང་བར་འགྱུར་རོ། །ངར་འཛིན་པ་ཡོངས་སུ་སྤོངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་བྱས་ཏེ། ཇི་ལྟར་བྱིས་པའི་མས་རང་གི་ནུ་མ་ལ་ནིམ་པའི་ལོ་མའི་ལྡེ་གུས་བསྐུས་པ་དེ་བཞིན་དུ། ངས་ཀྱང་[སྔར་ནི་]ཆོས་ཐམས་ཅད་བདག་མེད་པར་སྟོང་པ་ཉིད་དུ་སྒོམས་ཤིག་ཅེས་བྱས་སོ། །ཇི་ལྟར་བྱིས་པའི་མ་དེས་ཕྱིས་རང་གི་ནུ་མ་བཀྲུས་ཏེ། བུ་ལ་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་ཞུ་བར་བྱ་བའི་ཕྱིར་ནུ་མ་ནུར་མ་བཅུག་གིས་ད་ནི་ནུས་ཤིག་ཅེས་ཟེར་བ་དེ་བཞིན་དུ། ངས་ཀྱང་འཇིག་རྟེན་པའི་[བདག་ཏུ་ལྟ་བའི་]ཆོས་ལས་བསྒྱུར་བའི་ཕྱིར། དེ་སྐད་ཅེས་བསྟན་ཏེ། བདག་[གཉིས་]མེད་དོ་ཞེས་བྱས་ནས། ད་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་[དེ་བཞིན་ཉིད་བདག་དག་པའི་བདག་]ཡོད་དོ་ཞེས་སྟོན་གྱིས། དགེ་སློང་དག་བྱིས་པ་[ལ་མས་ནུ་མ་བཀྲུས་ནས་ནུར་བཅུག་ཀྱང་ནིམ་པའི་རོ་ཁ་བས་སྐྲག་ནས་མི་ནུ་བ་དེ་]བཞིན་དུ་[ཁྱེད་ཀྱང་བདག་ཅེས་པའི་སྒྲ་ཙམ་ལ་]མ་སྐྲག་པར་ཇི་ལྟར་བྱིས་པ་དེས་[མའི་ནུ་མ་ལ་རོ་ཁ་བ་ཡོད་མེད་ལེགས་པར་]བརྟགས་ན་[མེད་པར་ཤེས་ནས་]ཕྱིར་ཡང་མའི་ནུ་མ་ནུ་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག །ཁྱེད་ཀྱིས་ཀྱང་[ཀུན་བརྟགས་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནམ་ཡང་གང་ནའང་བཞུགས་པ་རྟོགས་པར་བྱ་སྟེ]། བདག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་[ཀུན་བརྟགས་གཞན་དབང་གི་བདག་ཡོད་མེད་དང་ཆོས་ཉིད་ཡོངས་གྲུབ་ཀྱི་བདག་ཡོད་མེད་ལེགས་པར་]བརྟགས་ནས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་དང་ད་བསྟན་ཏོ། །ཞེས་དང༌། ཆོས་ཁ་ཅིག་[ཀུན་བརྟགས་གཞན་དབང་]ནི་བདག་[ཉིད་གཤིས་ཀྱི་གནས་ལུགས་སུ་]མེད་ལ་ཆོས་ཁ་ཅིག་ལ་[ཆོས་ཉིད་ཡོངས་གྲུབ་]བདག་[ཉིད་གཤིས་ཀྱི་གནས་ལུགས་སུ་]ཡོད་པ་ནི་དཔེར་ན་ས་ལ་འདུག་པའི་མི་ལྷའི་མིག་མེད་པས་ནམ་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་དེ་བཞིན་དུ་ཉོན་མོངས་པ་ལ་གནས་པ་རྣམས་ཀྱིས་བདག་ཉིད་ལ་[བདེ་གཤེགས་]སྙིང་པོའི་མཆོག་ཡོད་པ་བདག་[རང་]གིས་མི་མཐོང་སྟེ། དེ་བས་ན་ངས་དགོངས་པའི་ཚིག་གིས་བདག་མེད་དོ་ཞེས་བསྟན་ཏོ། །ལྷའི་མིག་མེད་པའི་མི་རྣམས་ཀྱིས་ནི་བདག་[རང་]ལ་[ཆོས་ཉིད་ཀྱི་]བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ། ཉོན་མོངས་[པས་བསྒྲིབས་]པ་ཡིན་ནོ། །ཞེས་ང་ཟེར་རོ། །ཞེས་པ་ལ་སོགས་པས་སྔར་གདུལ་བྱའི་དབང་གིས་ཐར་པ་[དང་མྱང་འདས་དང་རང་བཞིན་དང་སྙིང་པོ་]ལ་སོགས་པ་ཐམས་ཅད་མེད་ཅིང་སྟོང་པ་དང༌། བདག་མེད་པ་[དང་སེམས་ཅན་དང་སྲོག་མེད་པ་]ལ་སོགས་པར་གསུངས་པ་ནི། གང་ཞིག་གང་ན་མེད་པ་[མེད་དགག་དང་རང་སྟོང་དང་མེད་ཙམ་དང་སྟོང་ཙམ་]ལ་དགོངས་པ་ཡིན་ལ། ཕྱི་ནས་མི་སྟོང་བ་དང་བདག་ཡོད་པ་ལ་སོགས་པར་གསུངས་པ་རྣམས་ནི་མེད་པའི་ལྷག་མ་གང་ཡིན་པ་[མ་ཡིན་དགག་དང་གཞན་སྟོང་དང་མེད་པའི་གཞི་དང་སྟོང་པའི་གཞི་]ལ་དགོངས་པ་ཡིན་པས་གསུང་རབ་སྔ་ཕྱི་འགལ་འགལ་འདྲ་ཡང་ལེགས་པར་བརྟགས་ན་མི་འགལ་བ་ནི་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང༌། སྐྱོན་ཐམས་ཅད་ཀྱིས་གདོད་ནས་རང་བཞིན་གྱིས་དག་ཅིང་སྤངས་པའི་གཞི་ལ་[རང་བཞིན་]གཉུག་མའི་ཡོན་ཏན་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]ཚང་བའི་ཡེ་ཤེས་མཁའ་ཁྱབ་[སྤངས་རྟོགས་རང་བཞིན་པ་ཚང་ཞིང་ཚོགས་གཉིས་རང་བཞིན་པ་གདོད་ནས་རྫོགས་པའི་སངས་རྒྱས་རང་བཞིན་གྱིས་གྲུབ་ཅིང་ལྷུན་གྱིས་གྲུབ་ལ་]ཡོངས་སུ་གྲུབ་པར་བཞུགས་པའི་ཕྱིར་རོ། །དེས་ན་དགོངས་པ་ཆེན་པོའི་དོན་དང་དགོངས་ཏེ་གསུངས་པ་རྣམས་ཀྱི་དོན་ལ་མཁས་པར་བྱ་དགོས་ཏེ། དཔལ་ལྡན་ས་བཅུ་པའི་མན་ངག[ཟབ་མོ་ཁྱད་འཕགས་ཐུན་མོང་མ་ཡིན་པ་]ཉམས་སུ་མྱོང་བ་དང་[གང་ཟག་དང༌། ཚིག་དང༌། དྲང་དོན་དང༌། རྣམ་ཤེས་ལ་མི་རྟོན་པར། ཆོས་དང༌། དོན་དང༌། ངེས་དོན་དང༌། ཡེ་ཤེས་ལ་རྟོན་པ་སྟེ་]རྟོན་པ་བཞི་ལ་ཡང་དག་པར་བརྟེན་ནས་སོ། །


previousབདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ། next