Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ། next

དེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ།

དེ་ལྟ་ན་ཡང་སེམས་ཅན་རྣམས་ཀྱིས་མི་མཐོང་བ་ནི་གློ་བུར་དྲི་མས་བསྒྲིབས་པའི་ཕྱིར་ཏེ། [དོན་དམ་བདེ་གཤེགས་སྙིང་པོ་]དེ་ནི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང༌། ཡེ་ཤེས་རང་རིག་ཉིད་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ཡང་མྱང་འདས་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ན། དོན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་གཟུགས་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་ཐ་དད་དེ་ཐོགས་པ་ཡོད་ཀྱང་དམུས་ལོང་གིས་མི་མཐོང་ངོ༌། །དེ་ལྟར་མི་མཐོང་མོད་ཀྱི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ཐ་དད་པ་དང་དབྱིབས་རིང་ཐུང་མེད་ཅེས་བྱར་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དམུས་ལོང་གིས་མི་མཐོང་ཡང༌། མིག་ཅན་གྱིས་མི་མཐོང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་[ལམ་གྱི་ཡེ་ཤེས་མ་སྐྱེས་པའི་]སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། བྱང་ཆུབ་སེམས་དཔའ་ས་བཅུ་པས། ཕྱོགས་ཙམ་ཞིག་མཐོང་ལ། དེ་བཞིན་གཤེགས་པས་ནི་མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ལ་མཚན་མོའི་གཟུགས་[ཟླ་བའི་འོད་ཀྱིས་གསལ་བ་]ལྟ་བུར་མཐོང༌། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་ལྟ་བུར་གཟིགས་སོ། །རིགས་ཀྱི་བུ་དཔེར་ན། ཞར་བ[སྟེ་ལོང་བ]ས་ནི་གཟུགས་གསལ་བར་མི་མཐོང་སྟེ། དེ་ལ་སྨན་པ་མཁས་པས་མིག་བཅོས་ན། སྨན་དེའི་སྟོབས་ཀྱིས་གསལ་བར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་གསལ་བར་མཐོང་བར་འགྱུར་རོ། །ཞེས་དང༌། གཞན་ཡང་ཤེས་ལ་མི་མཐོང་བ་ཡོད་དོ། །དེ་ལ་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ནི་[ལུང་རིགས་རྣམ་དག་གིས་]ཤེས་ན[འང་]ཉོན་མོངས་པས་ཟིལ་གྱིས་ནོན་ཏེ་བསྒྲིབས་ནས་མི་མཐོང་བས་ན་དེ་ནི་ཤེས་ལ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་ཤེས་ལ་ཅུང་ཟད་མཐོང་བ་ཡོད་དོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ཀྱང་གསལ་བར་མི་མཐོང་པ་ནི་ཟླ་བ་ཉིན་མོ་[མཚན་མོའི་ཟླ་འོད་]མི་གསལ་བ་དང་འདྲའོ། །གཞན་ཡང་མཐོང་ཡང་མཐོང་ལ་ཤེས་ཀྱང་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ནི་གཟིགས་པ་དང་མཁྱེན་པ་ཞེས་བྱའོ། །ཞེས་དང༌། མྱ་ངན་ལས་འདས་པ་[ཆེན་པོ་]ཉིད་ནི་ཐོག་མ་མེད་ལ། ད་ལྟར་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་ཉིད་ཐོག་མ་མེད་ལ་ད་ལྟར་ཡོད་ན་[འདུས་བྱས་སུ་འགྱུར་བས་]ཟག་པ་མེད་པ་རྟག་ཏུ་གནས་པའི་ཆོས་མ་ཡིན་པར་འགྱུར་རོ། །[ཀུན་རྫོབ་ཀྱི་]སངས་རྒྱས་རྣམས་ནི་བྱུང་ཡང་རུང༌། [ཀུན་རྫོབ་ཀྱི་]སངས་རྒྱས་རྣམས་ནི་མ་བྱུང་ཡང་རུང༌། རང་བཞིན་[གཉུག་མ་]དང་[སྟོང་གཞི་དོན་དམ་གྱི་]མཚན་ཉིད་ནི་རྟག་ཏུ་གནས་ཏེ་སེམས་ཅན་དག་ཉོན་མོངས་པས་བསྒྲིབས་པས་མྱ་ངན་ལས་འདས་པ་མི་མཐོང་བའི་ཕྱིར་མེད་དོ་སྙམ་[དུ་ལོག་པར་]སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་གོམས་པ་དག་ནི་ཉོན་མོངས་པ་བཅད་ནས་[བདེ་གཤེགས་སྙིང་པོ་]མཐོང་བར་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་[ཆེན་པོ་]ནི་[སྐད་ཅིག་ལས་འདས་པའི་དབྱིངས་ཡིན་པས་]རྟག་ཏུ་གནས་པའི་ཆོས་ཅན་ཏེ། སྔོན་མེད་པ་ལ་ད་ལྟར་ཡོད་པ་མ་ཡིན་པར་[ནམ་ཡང་བཞུགས་པ་འདུས་མ་བྱས་སུ་]རིག་པས་དེ་བས་ན་རྟག་པ་ཞེས་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ་ཉོན་མོངས་པས་ཡོངས་སུ་ཁེབས་པས་མི་མཐོང་ངོ་ཞེས་སོགས་དང༌། རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། འོད་སྲུང་བཞི་པོ་འདི་དག་ནི་སེམས་ཅན་གྱི་ཁམས་ན་སྒྲིབ་པའི་རྒྱུ་དང་གཏན་ཚིགས་ཀྱི་དཔེ་ཡིན་ཏེ་བཞི་གང་ཞེ་ན། མིག་ལིང་ཏོག་སེར་པོའམ་སྔོན་པོས་རབ་རིབ་ཏུ་གྱུར་པ་ལྟ་བུ་དང༌། ཟླ་བ་སྤྲིན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་པ་རྐོ་བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མ་ལྟ་བུའོ། །འོད་སྲུང་བཞི་པོ་འདི་དག་ནི་[བདེ་གཤེགས་]སྙིང་པོ་ཡོད་དོ་ཞེས་བྱ་བའི་རྒྱུ་དང་གཏན་ཚིགས་ཡིན་ཏེ། རྒྱུ་དང་གཏན་ཚིགས་དེ་དག་གིས་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་[ཏེ་དབྱིངས་]ཡོད་དེ་[དོན་དམ་གྱི་]མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་[མཉམ་བཞག་རིགས་པའི་ཤེས་པ་ལ་]སྣང་བར་འགྱུར་ཞིང༌། ཁམས་དེ[མཐོང་ཞིང་རྟོགས་ནས་ཐོབ་པ]ས་སེམས་ཅན་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ནི་ལིང་ཏོག་སེར་པོ་དང་སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་བཅོས་སུ་རུང་བ་ནི་ཇི་སྲིད་དུ་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང༌། སྨན་པ་རྙེད་ན་ཡང་མྱུར་དུ་མཐོང་བར་འགྱུར་རོ། ། སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཀྱིས་ཁེབས་པའི་ཁམས་[ཏེ་དབྱིངས་]འདི་ཇི་སྲིད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་[ཀྱི་ཐེག་པ་]ལ་དགའ་བར་བྱེད་པ་དེ་སྲིད་དུ་[དོན་དམ་གྱི་]བདག་[བཞུགས་པ་]ནི་[དོན་དམ་གྱི་]བདག་[བཞུགས་པ་]མ་ཡིན་པ[ལྟ]ར་འགྱུར་ཞིང༌། [ཆོས་ཀྱི་]བདག་གི་བདག་ཏུ་[འཛིན་པ་དང་བཅས་པར་]འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་གྱུར་པ་དེའི་ཚེ་[དོན་དམ་གྱི་]བདག་[རྟོགས་རུང་]ཏུ་འགྱུར་ཞིང་དེའི་འོག་ཏུ་[སངས་རྒྱས་]སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །[སྔར་དཔེར་བཀོད་པའི་]མི་དེའི་མིག་ནད་ལིང་ཏོག་སེར་པོ་དང་སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་མིག་བཞིན་དུ་ངེས་པར་ཡོད་དོ། །ཟླ་བ་སྤྲིན་གྱིས་ཁེབས་པ་ཞེས་བྱ་བ་ནི་ཇི་ལྟར་སྤྲིན་སྟུག་པོས་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ་ཉོན་མོངས་པའི་སྦུབས་ཀྱིས་ཁེབས་པའི་ཁམས་[ཏེ་དབྱིངས་]མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ཚོགས་སྤྲིན་[སངས་པ་]བཞིན་དུ་བྲལ་བར་གྱུར་ན་དེའི་འོག་ཏུ་ཟླ་བ་ཉ་བ་བཞིན་དུ་ཁམས་[ཏེ་དབྱིངས་མཉམ་གཞག་རིགས་པའི་ཤེས་པ་ལ་]སྣང་བར་འགྱུར་རོ། །དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི་དཔེར་ན་མི་ཞིག་ཁྲོན་པ་རྐོ་ཞིང་རྐོ་བ་ན་ཇི་ཙམ་ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན་འདི་ནས་ཆུ་རིང་ངོ་སྙམ་དུ་སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་དེས་ན་འདི་ནས་ཆུ་ཉེའོ་ཞེས་ཤེས་པར་འགྱུར་རོ། །གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ་རྐོ་བའི་མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་ཅིང་ལེགས་པར་སྤྱད་པ་སྤྱོད་པ་བརྟེན་པས་ཉོན་མོངས་པ་རྐོ་བར་བྱེད་དེ་བརྐོས་ནས་[ཁྲོན་པའི་]ཆུ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །བུམ་པའི་ནང་གི་སྒྲོན་མ་ཞེས་བྱ་བ་ནི་ཇི་ལྟར་བུམ་པའི་ནང་ན་སྒྲོན་མ་ཡོད་པའི་འོད་ལམ་མེར་མ་ཡིན་ལྷན་ནེར་མ་ཡིན་ཞིང་སེམས་ཅན་རྣམས་ལ་[གསལ་བའི་བྱ་བ་]ཅི་ཡང་མི་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་[དོན་དམ་གྱི་]མཚན་དང་དཔེ་བྱད་མཐའ་ཡས་པ་དང་ལྡན་པར་གསུངས་པ་ཡང་སེམས་ཅན་རྣམས་ཀྱི་དོན་མི་བྱེད་དོ། །གང་གི་ཚེ་ཡང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས། སྲོག་ཆགས་རྣམས་ཀྱི་དོན་བྱེད་པར་གྱུར་པ་དེ་བཞིན་དུ། ཉོན་མོངས་པ་བྱེ་བའི་སྦུབས་ཅན་འཁོར་བའི་བུམ་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་གནས་པ་སྒྲོན་མ་བཞིན་རབ་ཏུ་འབར་བས། འཁོར་བའི་ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །གཏན་ཚིགས་བཞི་པོ་འདི་དག་གིས་ཇི་ལྟར་ང་ལ་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཡོད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་ཡོད་པར་རིག་པར་བྱའོ། །ཞེས་སོགས་དང་འགའ་ཞིག་བདག་ལྟ་བར་འདོད་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་རེ་ཞིག་བདག་གིས་ཉོན་མོངས་པ་རྣམས་དང་བདག་གི་དང་པོ་དང་ཐ་མ་བཙལ་ལོ་སྙམ་ན་ཅི་རྙེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མི་འགྱུར་ལགས་སོ། །གལ་ཏེ་ཉོན་མོངས་པ་སྦྱང་བ་བྱས་ན་དེའི་འོག་ཏུ་[ཆོས་ཉིད་ཀྱི་]བདག་རྙེད་པར་འགྱུར་རོ། །ཞེས་པ་ལ་སོགས་པས་ངེས་དོན་གྱི་མདོ་སྡེ་ཟབ་མོ་ཆེས་མང་བ་རྣམས་སུ་སེམས་ཅན་ཐམས་ཅད་ལ་རང་བཞིན་རྣམ་དག་བདེ་གཤེགས་སྙིང་པོ་རྟག་ཏུ་བཞུགས་ཀྱང་གློ་བུར་དྲི་མ་དང་མ་བྲལ་ན་མི་མཐོང་ཞིང་མི་ཐོབ་པའི་དཔེ་དང་རྒྱུ་མཚན་མང་པོ་གསུངས་སོ། །དཔལ་ལྡན་རྒྱུད་དུ་ཡང༌། [ཀུན་འགྲོ་ཡེ་ཤེས་སེམས་དཔའ་དོན་དམ་དེ་]ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་[རྣམ་ཤེས་ཀྱིས་]གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་གསུམ་དག་ཏུ་[ཡེ་ཤེས་ལས་]གཞན་གྱི་གཟུང་བྱ་[མིན་པ་]དང་ནི་མཐའ་དག་འགྲོ་བའི་དབང་པོ[ཉི་ཚེ་བ]འི་སྒོ་ཡིས་རྟོགས་བྱ་མིན། །ཞེས་དང༌། སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་[ཆོས་སྐུ་]དང་ནི་ཡིད་བཞིན་ནོར་བུ་ལ་ཡང་[རྟོག་པའི་]བསམ་པ་མེད། །སེམས་ལ་གནས་པ་[ཆོས་སྐུ་ཡིད་བཞིན་ནོར་བུ་]དེ་ནི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང༌། །[ཡང་དེ་]ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང༌། [དོན་དམ་ཆོས་སྐུ་ནི་]རྣམ་པ་ཀུན་ལྡན་ཡིན་ཡང་[རྣམ་ཤེས་ཀྱིས་]མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་[རྣམ་ཤེས་རྒྱུ་བས་]སོ། །ཞེས་དང༌། དེའི་འགྲེལ་པར། རྣམ་པ་ཀུན་ལྡན་[ཆོས་སྐུ་བྱིས་པ་རྣམས་ལ་བཞུགས་པ་]ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་མཐོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ། གཡོན་པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་[རྣམ་ཤེས་རྒྱུ་བས་]སོ། ། ཞེས་པ་ངེས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་གློ་བུར་དྲི་མ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་ལ་དེའི་བཞོན་པའམ་རྩ་བ་ནི་གཡོན་དང་གཡས་ལ་དབུགས་རྒྱུ་བ་སྟེ་[རིམ་པ་ལྟར་]ཉོན་མོངས་པ་དང་བདུད་ཀྱི་རླུང་ངོ༌། །དེའི་ཕྱིར་དེ་མ་འགགས་ན་གློ་བུར་དྲི་མ་མི་འགག་ཅིང་དེ་མ་འགགས་ན་བདེ་གཤེགས་སྙིང་པོ་མངོན་དུ་འགྱུར་བའམ་ཐོབ་པར་མི་ནུས་པ་ནི་ངེས་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དབུགས་ཀྱི་ལྷག་མ་ཡོད་པ་ཉིད་ཀྱིས་བདེ་གཤེགས་སྙིང་པོ་ཡོངས་སུ་རྫོགས་པར་མངོན་དུ་གྱུར་པའམ་ཐོབ་པ་མེད་ན་སེམས་ཅན་གཞན་དག་ལྟ་ཅི་སྨོས། དེ་ཡང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར། སྨན་པས་ལོང་བ་མང་པོའི་མིག་ཕྱེ་ནས་སོར་མོ་ལན་གཉིས་ལན་གསུམ་གྱི་བར་དུ་བསྟན་ཡང་དེའུ་མ་མཐོང་བ་ལས་མཐར་མཐོང་བ་དཔེར་མཛད་ནས་གསུངས་པ། དེ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ཡོངས་སུ་སྦྱང་བ་བྱས་ཀྱང་མི་དེ་དག་དང་འདྲ་བར་བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས་ལན་གསུམ་གྱི་བར་དུ་ངས་བསྟན་པ་དང༌། དེའུ་མ་མཐོང་སྟེ་མཐོང་ནས་འདི་སྐད་ཅེས་ཟེར་ཏེ་བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མེད་པའི་འཁོར་ལོ་གཅིག་པུས་ཡོངས་སུ་བསྐོར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་མཐོང་རེ་སྐན། ཞེས་ཟེར་ཏེ་རིགས་ཀྱི་བུ་དེ་ལྟར་ན་ངའི་ཁམས་[ཏེ་དབྱིངས་]ཀྱི་བསྟན་བཅོས་ལ་འཇུག་པ་ནི་མཐོང་བར་དཀའ་བ་ཡིན་ནོ། །ཞེས་དང༌། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བདག་ཅག་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་སྤྱིར་མཐོང་ངོ་སྙམ་དུ་སེམས་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལྟ་མཐོང་རེ་སྐན། དཔེར་ན་མི་ལ་ལ་ལམ་དུ་ཞུགས་པ་ལས་འཁྲིས་པ་འཁྲུགས་ཏེ་ཕྱོགས་སླད་ནས་ལེགས་པར་བརྟགས་ན་ལམ་དང་གཟུགས་འོལ་སྤྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང༌། ལེགས་པར་བརྟགས་ན་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་པའི་ཁམས་

[ཏེ་དབྱིངས་]ཡོད་པར་འོལ་སྤྱིར་མཐོང་བར་ཟད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་མཐར་ཡང༌། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་[རྣམ་ཤེས་ཀྱིས་]མཐོང་བར་ཤིན་ཏུ་དཀའ་སྟེ[མཐོང་མི་སྲིད་དོ]། [དེས་ན་]དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་ངའི་བསྟན་པ་ནི་མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ། །ཞེས་སོགས་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། [རང་བྱུང་]ཡེ་ཤེས་འདི་ནི་ལྷན་ཅིག་སྐྱེས་པ་དང་ཆོས་དང་[དོན་དམ་གྱི་]ལོངས་སྤྱོད་རྫོགས་པ་དང༌། [དོན་དམ་གྱི་]སྤྲུལ་པའི་བདག་ཉིད་[དོན་དམ་གྱི་]ཡེ་ཤེས་དང་[དོན་དམ་གྱི་]ཐུགས་དང་[དོན་དམ་གྱི་]གསུང་དང་[དོན་དམ་གྱི་]སྐུ་[གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་བདེ་གཤེགས་སྙིང་པོ་ནི་]འཇིག་རྟེན་གསུམ་[ལ་ཁྱབ་པར་བཞུགས་ཏེ་]མཐོ་རིས་དང་ས་སྟེང་དང་ས་འོག་རྣམས་སུ་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པ[ཡིན་ཡང་]། བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་བའོ། །ཞེས་སྐུ་བཞི་རྡོ་རྗེ་བཞིའི་བདག་ཉིད་རང་བྱུང་ཡེ་ཤེས་བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་པར་བཞུགས་ཀྱང་བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་བར་གསུངས་ལ། དེ་བཞིན་དུ། ལྷ་མོ་དཔལ་ཕྲེང་གི་མདོར་ཡང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ལགས་སེམས་ཅན་མ་ལགས་སྲོག་མ་ལགས་གང་ཟག་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་འཇིག་ཚོགས་ལ་ལྟ་བ[བདག་དང་བདག་གི་བ]ར་ལྷུང་བ་དག་དང་[གཙང་བདག་བདེ་དང་རྟག་པ་ལས་]ཕྱིན་ཅི་ལོག་[ཏུ་རྟོགས་པ་དག་]གིས་ཉམས་པར་གྱུར་པ་དག་དང༌། སྟོང་པ་ཉིད་ལ་སེམས་གཡེངས་[ནས་མི་རྟོག་ཡེ་ཤེས་མ་སྐྱེས་]པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །[རང་བཞིན་གྱིས་]འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མ་མོངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་བསམ་གྱིས་མི་ཁྱབ་པོ་སྙམ་དུ་བདག་བགྱིད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་བདེ་གཤེགས་སྙིང་པོ་ཡོད་ཀྱང་སེམས་ཅན་གྱིས་མི་མཐོང་བ་ནི་སེམས་ཅན་གྱི་སྐྱོན་གྱིས་བསྒྲིབས་པ་ཡིན་ནོ། །


previousདེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ། next