Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ། next

དེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ།

དེ་ལྟ་མ་ཡིན་ན་ཉེས་དམིགས་ཆེན་པོ་དཔག་ཏུ་མེད་པ་འབྱུང་བར་བཀའ་སྩལ་པའི་ཕྱིར་ཏེ། སོར་ཕྲེང་གི་མདོར། གང་སྔོན་ཕྱུགས་སུ་གྱུར་ཏེ་རང་གི་མ་ལ་བརྒལ་ཞིང་[ལོག་པར་ཞུགས་ནས་]རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་[ཟབ་མོ་མཐར་ཐུག་གི་]ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནྀ་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པ་[རྣམས་སུ་སྐྱེ་བ]འོ། །སྔོན་ཕུག་རོན་དུ་སྐྱེས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་གཟུགས་འདོད་ཅིང་གཡེམ་པའི་དབང་དུ་སོང་སྟེ་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་དྲག་ཤུལ་གྱིས་ལས་[ངན་པ་]བྱེད་དོ། །མ་འོངས་པ་ན་ཡང་སེམས་ཅན་གང་གཡེམ་པའི་དབང་དུ་སོང་བ་དག་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་[པར་འགྱུར་]ཏེ་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། ཕུག་རོན་དུ་གྱུར་པ་ཡུན་རིང་པོ་ནས་ཉོན་མོངས་པ་ལ་གོམས་པ་གང་ཡིན་པ[རྣམས་སུ་སྐྱེ་བ]འོ། །གང་སྔོན་ངོ་ཚ་མེད་པའི་ཁྭར་གྱུར་པ་ཤིན་ཏུ་བྱས་པ་མི་བཟོ་བ་མི་གཙང་བ་ཟ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དབུལ་ཞིང་ངོ་ཚ་བ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕན་པར་སྟོན་པའི་དྲུང་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་[མུ་སྟེགས་གསལ་བྱེད་པ་ལྟར་]རྒོད་དེ་[ཁྲེལ་བ་ལྟར་བྱས་ནས་]འགྲོའོ། །བདག་གི་དབྱིངས་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ་དེ་ནི་ངོ་ཚ་བ་མེད་པ་མི་གཙང་བ་ཟ་བའི་ཁྭ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སྔཽན་སྤྲེའུ་མི་སྡུག་པར་གྱུར་ཏེ། ཡིད་རྒྱ་མཚོ་སྣ་ཚོགས་རྣམ་པར་བཀྲ་བའི་རླབས་ལྟ་བུར་གཡོ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་འཁྲུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སེམས་འཁྲུག་ཅིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་སྤྲེའུ་ལྟ་བུར་[སེམས་]རྒོད་པ་[བློ་]དམའ་བ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སེམས་ཅན་གང་སྔོན་འུག་པར་གྱུར་པ་ཉིན་པར་ཤིན་ཏུ་མི་མཐོང་ཞིང་མཚན་མོ་མཐོང་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ད་དུང་ཡང་འཇིག་རྟེན་ན་[བདེ་གཤེགས་སྙིང་པོ་སྟོན་པའི་]བླ་མ་མཐོང་ན་ལྟ་ཡང་མི་འདོད་དོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དག་ཕན་པར་སྟོན་པའི་དྲུང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ལ་སངས་རྒྱས་ཀྱི་ལུང་བསྟན་པ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བཙུན་པ་གང་པོ་གང་འུག་པར་གྱུར་པ་ཡིད་མི་ཆེས་པ་[རྣམས་སུ་སྐྱེ་བ་]ཡིན་ཏེ། མོ་མཁན་[ཅལ་ཅོལ་ཤབ་ཤོབ་ཅན་]གྱི་ཚིག་བཞིན་ནོ། །བཙུན་པ་གང་པོ་གང་སྔོན་གྲམ་ཁྲོད་དུ་སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་གིས་གོས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་མི་ཤེས་པས་[བདག་གི་དབྱིངས་ལ་སྐྲག་པའི་]སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་ཤིན་ཏུ་དོན་མེད་པའི་གཞུང་ལ་ཆགས་པའི་[དབང་གིས་བདག་མེད་པ་]ལྡེམ་པོ་ངག་ཏུ་གསུངས་པ་མི་ཤེས་པ་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་[རྣམས་སུ་སྐྱེ་བ་]ཡིན་ནོ། །གང་སྔོན་སྒོ་གང་ཡང་རུང་བ་ན་འདུག་ཅིང་རྐུན་པོ་དམའ་བའི་སེམས་ཅན་དེ་དག་ནི་ཁྱི་ལྟ་བུ་ཞེས་བྱ་སྟེ། མ་འོངས་པའི་དུས་ན་ཡང་སེམས་ཅན་གང་གཞན་གྱི་ཁྱིམ་རྒྱུ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་དག་ནི་ཁྱི་དང་འདྲ་བར་དམའ་བ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཤ་ལ་ཆགས་ཤིང་སྲོག་གཅོད་པའི་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ་གཞན་གྱི་སྲོག་གཅོད་ཅིང༌། ཤ་ཟ་བ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ[རྣམས་སུ་སྐྱེ་བ]འོ། །གང་བྱི་བ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱི་བ་དང་མ་ནིང་དུ་གྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཆང་འཐུང་ཞིང་མ་ནིང་ལྟ་བུ་དམའ་བ་དེ་དག་ནི་འཇིག་རྟེན་པའི་[འདོད་ཡོན་གྱི་]རོས་ངོམས་པས་དེ་བཞིན་གཤེགས་པའི་སྙིང་པོ་མི་འདོད་དེ་དེ་དག་ནི་གཞན་མ་ཡིན་གྱི་མ་ནིང་དང་བྱི་བ་གང་ཡིན་པ་དེ་དག་ཏུ་[སྐྱེ་བར་]བལྟའོ། །གང་ལྕེ་སྤྱང་དུ་གྱུར་པའི་སེམས་ཅན་ཁྲེལ་མེད་ཅིང་གཡོ་ངན་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་[ལ་དགོངས་ནས་བདག་མེད་གསུངས་པ་བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་ཏུ་བཤད་པ་[ཡིན་པར་]མི་ཤེས་ཤིང་སེམས་ཅན་གཡོ་ཅན་ལྕེ་སྤྱང་ལྟ་བུར་གྱུར་ཏེ། མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་[ལ་དགོངས་ནས་བདག་མེད་གསུངས་པ་བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པ་[བདག་མེད་གསུངས་པ་]འདི་ལྟར་སྣང་ངོ་ཞེས་[བདག་གི་དབྱིངས་ལ་]ལོག་པར་རྟོག་པ་དེ་དག་ནི་ངེས་པར་ལྕེ་སྤྱང་དུ་གྱུར་པ[རྣམས་སུ་སྐྱེ་བ]འོ། །སྔོན་སེམས་ཅན་གང་སྲིན་བུ་མི་སྡུག་པ་སྡིག་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་[ཉོན་མོངས་ཀྱི་མེ་]རབ་ཏུ་འབར་ཏེ། སྙིང་ཞེ་སྡང་བར་གྱུར་པ་དེ་ནི་ངེས་པར་སྡིག་པ་དང་མཚུངས་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སངས་རྒྱས་ཀྱི་བཤད་པ་མ་ཡིན་ནོ། །ཞེས་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་ངེས་པར་སྡིག་པ་ལྟ་བུ་ཚ་བའི་ལས་བྱེད་པ[རྣམས་སུ་སྐྱེ་བ]འོ། །གང་སྔོན་སྦྲུལ་གདུག་པ་མི་བཟད་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་བསྔགས་པར་སྨྲ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ང་རྒྱལ་ཆེ་ཞིང་འཇིགས་པའི་གཟུགས་སྦྲུལ་གདུག་པ་མི་བཟད་པ[རྣམས་སུ་སྐྱེ་བ]ར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པར་བསྟན་པ་ལ་མི་བསྔགས་པར་སྨྲ་ཞིང་སྡིག་པ་སྤྱོད་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་སྦྲུལ་གདུག་པ་མི་བཟད་པ[རྣམས་སུ་སྐྱེ་བ]འོ། །སྔོན་སེམས་ཅན་གང་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རུ་ཆུང་བ་ཡོན་ཏན་མི་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་[དབང་]བཙན་པར་མི་བྱེད་ཅིང་[འཁོར་ལོ་ཐ་མའི་]མདོ་སྡེ་ལ་[སེམས་ཙམ་གྱི་གཞུང་ཡིན་ཞེས་]སྨོད་པ་དེ་དག་ད་དུང་ཡང་[འཁོར་ལོ་ཐ་མའི་]མདོ་སྡེ་ལ་[སེམས་ཙམ་གྱི་གཞུང་ཡིན་ཞེས་]སྨོད་དེ་སེམས་ཅན་དེ་དག་ནི་ངེས་པར་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རུ་ཆུང་བ་ཡིན་ཏེ། མ་འོངས་པ་ན་ཡང་སེམས་ཅན་གང་གཉིད་ཆེ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པ་དེ་དག་ནི་གཞན་མ་ཡིན་ཏེ་ངེས་པར་ཁོ་རུ་ཆུང་ཞིང་ཞན་པ[རྣམས་སུ་སྐྱེ་བ]འོ། །སྔོན་མ་ཧེ་ཁོ་རུ་ཆུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ངེས་པར་ཞན་ཞིང་བརྐམ་སྟེ་[དུག་གསུམ་གྱི་]ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་ལྟ་བུའོ། །མ་འོངས་པ་ན་ཡང་བརྐམ་ཞིང་ཁྲོ་ལ་ཞན་ཞིང་ཁོ་རུ་ཆུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་[དུག་གསུམ་གྱི་]ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་[རྣམས་སུ་སྐྱེ་བ]འོ། །སེམས་ཅན་གང་སྔོན་དོམ་དུ་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་ད་དུང་ཡང་ཡིད་དུ་མི་འོང་བ་སྒྲོགས་ཏེ་ངེས་པར་དོམ་དང་ལྕེ་སྤྱང་ལྟ་བུའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་དུ་མི་འོང་བ་སྒྲོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དོམ་དང་ལྕེ་སྤྱང་ལྟ་བུ[རྣམས་སུ་སྐྱེ་བ]འོ། །གང་སྔོན་བྱ་ཀ་ལན་ད་ཀར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། ད་དུང་ཡང་སེམས་ཅན་གང་མིག་རྟུལ་བ་དེ་དག་ནི་ངེས་པར་བྱ་ཀ་ལན་ད་ཀར་གྱུར་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་འཆབ་ཅིང་མ་རུངས་པ་སྡིག་པའི་ལས་བྱེད་པ་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་མི་སྟོན་པ་དེ་ནི་ངེས་པར་མིག་རྟུལ་བའི་བྱ་ཀ་ལན་ད་ཀ་[རྣམས་སུ་སྐྱེ་བ་]ཡིན་ནོ། །གང་སྔོན་བོང་བུར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་དགོས་པར་སེམས་བསྐྱེད་པ་དེ་དག་ནི་ད་དུང་ཡང་དབུལ་ཞིང་བོང་བུ་ལྟ་བུར་ཟས་རྩུབ་པོ་ཟ་བར་འགྱུར་རོ། །མ་འོངས་པ་ན་ཡང་དབུལ་པོ་གཞན་གྱིས་མངག་པའི་རིགས་ངན་པར་སྐྱེའོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་[བདག་གི་དབྱིངས་]ལ་ཡིད་མི་ཆེས་ཤིང་བདག་མེད་པ་[ཙམ་]ལ་[ཡིད་ཆེས་ནས་]སྒོམ་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་འདོད་ལྡན་དང་གདོལ་པ་དང་བྱ་བ་བོང་བུ་ལྟ་བུ[རྣམས་སུ་སྐྱེ་བ]འོ། །གང་སྔོན་ལྷ་མ་ཡིན་ལུས་ཐུང་ངུར་གྱུར་ཅིང་མཆེ་བ་རིང་བ་མི་སྡུག་པ་ཁོག་པ་ལྟ་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་ད་དུང་ཡང་ལུས་ཐུང་ཞིང་ཁོག་པ་ལྟ་བུར་གྱུར་ཏེ་དེ་དག་ནི་ངེས་པར་ལྷ་མ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཁོག་པ་ལྟ་བུ་ཐུང་ཞིང་མཆེ་བ་རིང་བ་གཏུམ་པོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ལྷ་མ་ཡིན་གྱི་རིགས་སུ་གཏོགས་པའི་སེམས་ཅན་[རྣམས་སུ་སྐྱེ་བ]ཡིན་ནོ། །གང་སྔོན་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་མཆུ་དང་རྐན་སྐམ་ཞིང་ཡི་དྭགས་རིད་པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་ལུས་ཤིན་ཏུ་རིད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བ་དེ་དག་ནི་བཙུན་པ་གང་པོ་གཞན་མ་ཡིན་ཏེ་ངེས་པར་ཡི་དྭགས་ཁ་ནས་མེ་འབྱུང་བ་ཉམ་ཆུང་བ་[རྣམས་སུ་སྐྱེ་བ་]ཡིན་ནོ།།ཞེས་སོགས་དང༌། སྤྲིན་ཆེན་པོར་ཡང༌། སྤྲིན་ཆེན་སྙིང་པོ་སེམས་ཡོངས་སུ་རྨོངས་ཤིང་རྣམ་པར་འཁྲུལ་བ་རྣམས་དེ་བཞིན་གཤེགས་པ་མི་རྟག་ཅིང་ཐེར་ཟུག་པ་མ་ཡིན་ལ་མི་བརྟན་ཞིང་ནུབ་པར་འགྱུར་རོ། །ཞེས་ལོག་པར་སྨྲ་བ་རྣམས་འཁྲིས་པས་བརྒྱལ་ཞིང་དུག་གི་ཟུག་རྔུས་རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉལ་ནས་གཉིད་ལོག་སྟེ། རྨི་ལམ་མི་བཟད་པའི་ལྟ་བས་བསྲེགས་ནས་མྱོས་ཤིང་རྨིས་ཏེ་སྐྲག་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བ་རྒན་གྲུམ་མོ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་དེ་ཁོ་ན་རིག་པའི་སྙིང་པོ་རབ་ཏུ་འབར་པར་གྱིས་ཤིག །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རྟག་པ[འི་དབྱིངས་གསལ་བར་བྱེད་པ་]མར་མེ་[ལྟ་བུའི་ཆོས་མཆོག་]ལ་འཇུག་པ་སྤངས་ནས་ཤཱཀྱའི་རིགས་ལ་[བདེ་གཤེགས་སྙིང་པོ་དྲང་དོན་ཡིན། གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད་པས། དོན་དམ་ཡང་དོན་དམ་གྱིས་སྟོང༌། ཆོས་སྐུ་ཡང་ཆོས་སྐུས་སྟོང༌། དེས་ན་གཤིས་ལ་རྣམ་གཅོད་ཙམ་མ་གཏོགས་པ། ཡོངས་གཅོད་དུ་གྲུབ་པའི་ཆོས་འགའ་ཡང་མེད་པས་སངས་རྒྱས་ཀྱང་མེད། ཅེས་སོགས་ཀྱིས་]བསྔགས་པ་མ་ཡིན་པར་བརྗོད་པའི་སེམས་ཅན་[གནས་ལུགས་]མི་ཤེས་པའི་ལྟ་བ་མང་བ་དེ་དག་ལ་[གནས་ལུགས་]དེ་ཁོ་ན་ཤེས་པའི་ཀ་ཏ་ཀའི་འབྲས་བུའི་མིག་སྨན་གྱིས་ཕྱི་བར་གྱིས་ཤིག །དེ་བཞིན་གཤེགས་པའི་[རང་བཞིན་གྱི་]རིགས་ཀྱི་ཆེ་བ་[སྤངས་རྟོགས་རང་བཞིན་པ་གདོད་ནས་ཚང་ཞིང༌། ཚོགས་གཉིས་རང་བཞིན་པ་གདོད་ནས་རྫོགས་པ་]ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་ལ། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་[བདེ་གཤེགས་སྙིང་པོ་ལ་]ཉེས་པ་རྗོད་པར་བྱེད་པ་དེ་དག་གི་ལྕེ་ཆོད་དེ་འོང་ཅིག །དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་དེ་དག་ལ་ལྟ་བ་ཐམས་ཅད་ལ་རྣམ་པར་འཕྲུལ་བ་[བདེན་ལུགས་གཉིས་དང༌། སྣང་ལུགས་གཉིས་དང༌། སྟོང་ལུགས་གཉིས་དང༌། ཡོད་ལུགས་གཉིས་དང༌། མེད་ལུགས་གཉིས་དང༌། འཁོར་འདས་དབྱེར་ཡོད་དབྱེར་མེད། བདེན་གཉིས་དབྱེར་ཡོད་དབྱེར་མེད། བདེན་བཞི་དབྱེར་ཡོད་དབྱེར་མེད། འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་པར་ལེགས་པར་ཕྱེ་བ་]འདི་གཏད་པར་གྱིས་ཤིག །ཅེས་པ་ལ་སོགས་པ་དང༌། སོར་ཕྲེང་ལ་ཕན་པར་ཡང༌། སྔོན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་གྱུར་ཏེ། ད་དུང་ཡང་སེམས་ཅན་གང་ཞན་ཅིང་མཛེ་ན་བར་གྱུར་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ལ་[མི་རྟག་གོ་ཞེས་]སྨོད་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་མཛེ་ན་བར་གྱུར་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་[མི་རྟག་གོ་ཞེས་]སྨོད་པ་ཡིན་ནོ། །ཞེས་དང༌། གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ། ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་བལྟ་བ་ཡིན་ནོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་སྟེ། བཙུན་པ་གང་པོ་དེ་དག་ནི་ངེས་པར་གཞན་མ་ཡིན་གྱི་དེ་བཞིན་གཤེགས་པའི་[འོད་]གསལ་བའི་སྐུ་[འོད་]མི་གསལ་བའོ་ཞེས་སུན་འབྱིན་པའོ། །སྔོན་གང་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་ཡང་སེམས་ཅན་གང་ལ་ལ་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་དང་[རང་བཞིན་འོད་]གསལ་བ་ལ་སྨོད་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་སྐུ་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ་དེ་དག་[ནི་]གཞན་མ་ཡིན་གྱི་ངེས་པར་དེ་བཞིན་གཤེགས་པ་ཐེར་ཟུག་གི་སྐུ་ལ་སྨོད་པའོ། །ཞེས་དང༌། རྔ་བོ་ཆེའི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་[དྲང་དོན་ཡིན་ཞེས་]སྨོད་པས་སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལ་རང་བཞིན་དེ་ཁོ་ན་ཉིད་ཀྱི་སངས་རྒྱས་སྐད་ཅིག་ལས་འདས་པའི་དོན་གྱིས་རང་བཞིན་[གྱིས་]རྟག་པར་གྲུབ་ན་བདེ་གཤེགས་སྙིང་པོ་གྲུབ་པ་ཡིན་ཏེ། སྔར་མེད་གསར་དུ་སྐྱེ་བའི་སངས་རྒྱས་ནི་བདེ་གཤེགས་སྙིང་པོར་མི་རུང་བའི་ཕྱིར་རོ། །དེ་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐད་ཅིག་ལས་འདས་པར་གསུངས་པ་དང༌། རྒྱལ་བ་བྱམས་མགོན་གྱི་ཞལ་སྔ་ནས་ཀྱང༌། [མདོ་སྡེའི་རྒྱན་དུ།]རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པར་འདོད། །ཅེས་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་[གྱིས་]རྟག་པར་གསུངས་པ་དང༌། [རྒྱུད་བླ་མར།]འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པས་མཐར་ཐུག་གི་སངས་རྒྱས་འདུས་མ་བྱས་སུ་གསུངས་པ་ཡང་སྐད་ཅིག་དང་བྲལ་བ་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་གང་དག་ཆོས་སྐུ་འམ་ཡེ་ཤེས་རྟག་པར་གསུངས་པ་ཐམས་ཅད་རྒྱུན་རྟག་པ་ལ་དགོངས་ཀྱི་སྐད་ཅིག་གིས་ནི་མི་རྟག་གོ །ཞེས་འདོད་པ་དང༌། སངས་རྒྱས་སམ་ཡེ་ཤེས་འདུས་མ་བྱས་སུ་གསུངས་པ་ཐམས་ཅད་ལས་དང་ཉོན་མོངས་པས་འདུས་མ་བྱས་པ་ཙམ་ལ་དགོངས་པ་ཡིན་ནོ། །ཞེས་འདོད་པ་དེ་དག་གིས་ནི་དགོངས་པ་ཆེན་པོའི་དོན་འདི་དག་མ་རྟོགས་པ་ཉིད་དུ་ཟད་ཅིང༌། ལུང་ཟབ་མོ་འདི་དག་ཀྱང་མ་མཐོང་བ་ཉིད་དུ་བས་[ལ་མདོ་སྔགས་ཀྱི་གསང་ཚིག་ཟབ་མོའི་ཁུངས་ཀྱང་མ་ཆོད་པ་ཉིད་དུ་བས་]སོ། །དེ་བཞིན་དུ་ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ[འི་]བདག་མེད་པར་བསྒོམས་ཤིང་གཏན་དུ་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་རྐྱེན་གྱི་ཕྱིར་ཏེ། ཞེས་དང༌། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ། །ཞེས་ཟེར་[བ་]བས་ནི། མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་དག་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་རྣམས་ནི་རང་གི་ཁྱིམ་[དུ་འགྲོ་བ་]དང་འདྲ་བར་སེམས་ཅན་དམྱལ་བར་[ཚམ་ཚོམ་མེད་པར་]འགྲོ་བར་འགྱུར་རོ། །བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་འདྲ་བར་[མི་རྟག་པར་]མ་ལྟ་ཞིག །ད་ཕྱིན་ཆད་འཁོར་བར་རྒྱུ་བ་ན་མི་ཤེས་པ་ལས་བཟླས་ཏེ་བཅོམ་ལྡན་འདས་ནི་འདུས་མ་བྱས་པའོ་སྙམ་པའི་ཤེས་པ་འབའ་ཞིག་རྟོགས་པར་གྱིས་ཤིག །དེ་ལྟར་བྱས་ཀྱང་[སྟེ་བྱས་ན་]སྒོམ་པ་དེའི་འབྲས་བུས་ཁྱོད་མྱུར་བ་ཁོ་ནར་དེ་བཞིན་གཤེགས་པ་བཞིན་དུ་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ། །ཞེས་སོགས་དང༌། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི། རྒྱུ་གཉིས་ཀྱིས་བདག་ལ་རྨ་འབྱིན་ཏེ་ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉྀས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས་རྗེས་སུ་ཡི་རང་བར་མི་བྱེད་ཀྱི་སྟེང་དུ། འདི་སྟོན་པར་གྱུར་ཀྱང་འདི་ལྟ་བུ་བདག་ཅག་གིས་སྔོན་མ་ཐོས་ན་ད་གང་ནས་འོངས་ཞེས་སྤོང་བར་བྱེད་པ་དང༌། རིགས་ཀྱི་བུ་གང་མདོ་སྡེ་ཟབ་མོ་འཛིན་པ་དང༌། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང༌། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་བསྟེན་མི་འགྲོགས་བསྙེན་བཀུར་མི་བྱེད་ཅིང་དེ་དག་ལ་སྟི་སྟང་མི་བྱེད་པར་འགྱུར་ཏེ། བར་བར་དུ་དེ་དག་ལ་མི་སྙན་པ་ཡང་བརྗོད་པའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། དག་པའི་བདག་དང༌། བདག་གི་དེ་ཁོ་ན་ཉིད་དང༌། སངས་རྒྱས་ཀྱི་རང་བཞིན་དང༌། རང་བཞིན་པའི་སྐུ་ལ་སོགས་པ་རྣམས་དང་དོན་གཅིག་པའི་བདེ་གཤེགས་སྙིང་པོ་ལ་ཡིད་མི་ཆེས་པ་དང་མ་གུས་པ་དང་སུན་འབྱིན་པ་ལ་སོགས་པ་བྱེད་ན་ཉེས་པ་ཆེན་པོ་འབྱུང་བར་བསྟན་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ་གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུ[དོན་གཅིག་པ]འོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་དང༌། རང་གི་གྲུབ་པའི་མཐའ་དང་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །དེའི་ཕྱིར་རྒྱུད་[གཞན་དང་]གཞན་ལ་སྔ་མ་དང་ཕྱི་མར་[མིང་དུ་མའི་དོན་གཅིག་ཏུ་]འབྲེལ་བར་ཤེས་ནས་[དུ་མ་རོ་གཅིག་ཤེས་པའི་]ཡོན་ཏན་དང་[མི་ཤེས་པའི་]སྐྱོན་རྟོགས་པར་བྱའོ།།རྣམ་པ་གཞན་དུ་ན་གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་[རྟོགས་པ་]ལས་ཕྱི་རོལ་ཏུ་གྱུར་པ་[ཕུང་པོ་ལྔ་རྒྱལ་བ་ལྔ་ཡིན་པས་མཆོད་པ་དོན་ཆེ་ཞེས་]ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱཽད་པ་ལ་ཆགས་ཤིང་བརྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་པ་ལ་སོགས་པས་མཐར་ཐུག་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དོན་དེ་བཞིན་ཉིད་དུ་གཅིག་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་དང་ཤེར་ཕྱིན་ལ་སོགས་པའི་རྣམ་གྲངས་སུ་མ་ཤེས་པར་དེ་དག་ཕན་ཚུན་ཐ་དད་དུ་བཟུང་སྟེ་རྩོད་ཅིང་སྨོད་པར་བྱེད་ན་སྔགས་ལ་ཞུགས་པ་རྣམས་ལ་རྩ་བའི་ལྟུང་བར་འགྱུར་ཞིང་དོན་གཅིག་ལ་རྣམ་གྲངས་མང་པོ་ཡོད་པ་མ་མཐོང་བའི་རྒྱུས་སྐྱོན་མེད་པ་ལ་སྐྱོན་བཟུང་ན་མནར་མེད་པར་འགྲོ་བར་བསྟན་ལ། དེ་བཞིན་དུ། ཡུམ་རྒྱས་པ་ལས་ཀྱང༌། བཙུན་པ་ཤ་ར་དྭ་ཏིའི་བུ། གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་ན་ཉེས་པ་ཅིར་འགྱུར། ཤ་ར་དྭ་ཏིའི་བུས་སྨྲས་པ། ཀེའུ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ན་དེ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འཇིགས་པར་འགྱུར། དངངས་པར་འགྱུར། སྐྲག་པར་འགྱུར་ཏེ། ཕྱིར་ཟློག་པར་འགྱུར་རོ། །སྤོང་བར་འགྱུར་རོ། །དེ་ནི་མོས་པར་ཡང་མི་འགྱུར་ཏེ། ཀེའུ་ཤི་ཀ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་སྤངས་པའི་ཕྱིར་དེ་ལོག་པར་ལྟུང་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་ཅིང༌། སྩོགས་པ་དང༌། ལས་བྱས་པ་དང་བརྩགས་པ་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུའི་གནས་ཡོད་དོ། །ཞེས་སོགས་རབ་ཏུ་རྒྱས་ཤིང༌། ཡུམ་པར་མ་དང༌། བསྡུས་པ་ལས་ཀྱང༌། རྒྱ་ཆེར་གསུངས་ལ། ཡོན་ཏན་རིན་ཆེན་སྡུད་པར་ཡང༌། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌། །[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་པ་ལ་སོགས་པས་ཤེར་ཕྱིན་ལ་སྐྲག་ཅིང་སྤོང་བ་དང་ཡིད་མི་ཆེས་ཤིང་མ་གུས་པ་ལ་སོགས་པའི་ཉེས་དམིགས་ཇི་སྙེད་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོ་དང་དག་པའི་བདག་ལ་སོགས་པའི་སྒྲ་ཙམ་གྱིས་སྐྲག་ནས་སྤོང་བ་དང༌། ཡིད་མི་ཆེས་པ་ལ་སོགས་པའི་ཉེས་དམིགས་སུ་འགྱུར་ཏེ་དེ་དང་དེ་དག་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དཔེར་ན་བའི་འོ་མ་ཞིམ་པ་བཞིན་དུ་མདོ་འདིའི་རོ་ཡང་དེ་དང་འདྲའོ། །མདོ་སྡེ་འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་བཟོ་བ་བདག་གིས་བདག་བསད་པར་སེམས་པ་དེ་དག་མཆོག་ཏུ་མྱ་ངན་དུ་བྱ་བ་[ཡིན་པ་]དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས་བདག་མེད་པ་ཙམ་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་མཆོག་ཏུ་མྱ་ངན་དུ་བྱ་བ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་དང༌། དག་པའི་བདག་ལ་སོགས་པ་སྤོང་བ་དང་དེ་དག་ལ་ཡིད་མི་ཆེས་པའི་ཉེས་སྐྱོན་རྒྱ་ཆེར་གསུངས་པ་རྣམས་ཀྱང་ཤེར་ཕྱིན་ཟབ་མོ་སྤངས་པ་ལ་སོགས་པའི་ཉེས་སྐྱོན་དུ་འགྱུར་ཏེ་དེ་དང་དེ་དག་དོན་གཅིག་པ་ཉིད་ཀྱིས་སོ། །དེ་བཞིན་དུ། རྒྱུད་བླ་མར་ཡང༌། ཉོན་མོངས་[ཤིང་]རྨོངས་[པའི་]བདག་[ཉིད་]རྣམས་ཀྱིས་འཕགས་[པ་]ལ་སྐུར་བ་དང༌། །དེས་གསུངས་ཆོས་ལ་བརྙས་[པ་]གང་[ཡིན་པ་]དེ་ཀུན་[ལོག་པ་ལ་ཡང་དག་ཏུ་]ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་[བཟང་པོ་]མིན[པ་བཞིན་ནོ]། །[ཆོས་སྤོང་བའི་རྒྱུ་བཅུ་ནི་]བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་[ཀྱིས་]ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་[པ་]ལ་བརྐམ་ཕྱིར་ལྟ་བ[ངན་པ]འི་དབང་[དུ་སོང་བའི་]ཕྱིར་ཆོས་སུན་འབྱིན་པ་བསྟེན་ཕྱིར་དང༌།།ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་[ཆེན་པོ་]རྣམས་ཀྱི་ཆོས་སྤོང་བྱེད། །[དེས་ན་ཆོས་སྤོང་གི་ལས་སྤོང་བ་ལ་གཞན་གང་བས་ཀྱང་གལ་ཆེ་བར་བྱ་དགོས་ཏེ།]ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར[ལ་ཆོས་སྤོང་གིས་ནི་དེར་འགྲོ་བར་འགྱུར་བས་སོ]། །[གཞན་ཡང་]གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་[ལ་]ངན་སེམས་ལྡན་གྱུར་དང༌། །ཕ་མ་[དང་]དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་[མཐུན་པའི་དགེ་འདུན་]འབྱེད་པའི་མི། །དེ་ཡང་ཆོས་ཉིད་[བདེ་གཤེགས་སྙིང་པོ་]ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་[དོན་དམ་གཞན་སྟོང་གི་]ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། འགྲོ་བ་[གང་དག་སྐྲག་པ་]དེའི་གནས་མིན་[ས་བདག་ཞེས་པ་ཙམ་དང༌། རྟག་པ་དང་ཐེར་ཟུག་དང་གཡུང་དྲུང་དང་བདེན་པ་དང་ཡང་དག་པ་དང་ཡོད་པ་དང་མི་སྟོང་བ་ཞེས་པ་ལ་སོགས་པའི་མིང་ཙམ་]ལ་སྐྲག་པ་[རྣམས་སྡུག་བསྔལ་གྱིས་]གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་[པའི་]ཕུང་[པོ་]ཆེན་[པོ་]བསགས་བྱས་ཡུན་རིང་དུ། །[ཆོས་ཟབ་མོས་སྐྲག་པའི་རྒྱུ་བཞི་ནི་རྒྱས་པའི་]རིགས་[སད་པ་]མེད་[པ་དང་]གྲོགས་ངན་[དང་འགྲོགས་པ་དང་]སྔཽན་དགེ་[བ་]མ་བསགས་[པ་དང་ཐེག་ཆེན་མཐར་ཐུག་ལ་]བློ་མ་སྦྱངས[པ་སྟེ་དེ་རྣམས]། །[སྟོང་གཞི་དོན་དམ་གྱི་]ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌། །ཞེས་དང༌། བདག་གིས་མི་ཤེས་[པ་དང་]སངས་རྒྱས་[ཀྱིས་]ཟབ་མོ་མཁྱེན་མ་ཡིན [ཞེས་པ་དང་]། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན[ཞེས་པ་དང་]། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་[རྒྱུ་མཚན་ལྟར་སྣང་བཞི་པོ་]དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། ཞེས་དང༌། [དོན་གཅིག་པོ་]དེ་ལས་གཞན་དང་གཞན་[ཐ་དད་དུ་སོང་བ་]མེད་[ལ་]ཤིན་ཏུ་ཟབ་ཅིང་[ཀུན་ལ་]རྗེས་སོང་ཕྱིར། །[གཤིས་ལུགས་ཟབ་མོ་གཅིག་ཉིད་རྣམ་པ་]སྣ་ཚོགས་[ཀྱིས་]སྟོན་ཅིང་[མིང་ཚིག་ཡི་གེ་]མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན[ཡང་]། །[སྟོང་ཉིད་བདག་མེད་ལ་སོགས་]ཇི་སྐད་བཤད་བཞིན་དོན་མིན་[སྟོང་གཞི་དང་བདག་མེད་པའི་གཞི་ལ་དགོངས་པ་ལ་སོགས་]བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་[མེད་པ་དང་མེད་པའི་གཞི་གང་ཡིན་ཞེས་སོགས་སུ་]ཚུལ་བཞིན་བརྟགས་ན་[དོན་དམ་གཞན་སྟོང་གི་]ཆོས་འདིར་སྐྲག་མི་འགྱུར[ཡང་ན་འགྲེལ་པ་ལྟར་བཤད་དོ]། །ཞེས་དང༌། དོན་[ལ་]སྒྲ་ཇི་བཞིན་ཡོངས་རྟོག་ན། །[རང་སྟོང་གང་ཡིན་དོན་དམ་དང་ཆོས་སྐུ་ལ་སོགས་པ་ཡིན་ཞིང༌། རང་སྟོང་མ་ཡིན་པ་འགལ་ཡང་མེད་པས་གང་ཤར་ཐམས་ཅད་ཆོས་སྐུ་ཡིན་པའི་ཕྱིར་འབྲས་བུ་ཕྱི་དུས་ལ་མ་ལུས་པར་ད་ལྟ་ཉིད་དུ་ཐོབ་ཟིན་པས་ཉམས་རེ་དགའ་ཞེས་སོགས་སུ་]བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །[སྟོང་ཙམ་དང་སྟོང་གཞི་ལ་སོགས་པའི་ཁྱད་པར་]ལེགས་པར་གསུངས་པའང་སྤངས་པས་ན། །བརླག་[པར་]འགྱུར་[བས་]ཆོས་ལ་ཁོང་ཁྲོ་[ནི་]སྒྲིབ[པ་ཆེ]། །ཅེས་[པའི་བཤད་པ་འདི་དག་བྱ་རྒོད་ཀྱི་ལྟ་ལུགས་ལྟར་གནམ་འཕང་བཅད་དེ་མཐོ་ས་ནས་བལྟས་པ་ཡིན་པས་འགའ་ཞིག་ལ་སྔར་གྲགས་པ་དང་མི་མཐུན་ཡང་སྐྱོན་མེད་པ་]དང༌། དབུ་མའི་ཆོས་མངོན་པར་ཡང༌། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་རྒྱ་ཆེ་བ་དང་ཟབ་པར་མི་མོས་ཤིང་སྐྲག་པར་འགྱུར་ཞེ་ན། ཆོས་ཉིད་[ཇི་ལྟར་རྟོགས་པའི་ཤེས་རབ་]དང་བྲལ་བ་དང༌། དགེ་བའི་རྩ་བ་མ་བསྐྱེད་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཞེས་དང༌། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། [བདག་མེད་ཐར་པ་མེད་ཆོས་ཐམས་ཅད་སྟོང་ཞེས་སོགས་]དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་གང་ཞེ་ན། [ཐམས་ཅད་མེད་པ་ལ་སོགས་པར་ཞེན་པའི་]མཚན་མར་ལྟ་བ་དང༌། བཏགས་པ་[ཀུན་བརྟགས་]ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་[གཞན་དབང་]ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་[ཆོས་ཉིད་ཡོངས་གྲུབ་]སྐུར་བ་འདེབས་པའི་ལྟ་བ་དང༌། [དེ་ལྟར་ཐམས་ཅད་མེད་པར་སྒྲུབ་པ་ལ་རིགས་པ་ལྟར་སྣང་]ཡོངས་སུ་འཛིན་པའི་ལྟ་བ་དང༌། [སྟོང་གཞི་སྟོན་པའི་ལུང་རྣམས་ཀྱང་ཆད་ལྟ་དེ་དང་མཐུན་པར་]སྒྱུར་བའི་ལྟ་བ་དང༌། [དེ་ལྟར་ཐམས་ཅད་རང་སྟོང་དུ་རྟོགས་ན་སྡིག་པ་བྱས་ཀྱང་]ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། [དེས་སྔོན་གྱི་སྒྲིབ་པ་ལས་]ངེས་པར་འབྱུང་བར་ལྟ་བ་དང༌། [ལྟ་བ་དེ་ལས་བཟློག་པ་ལ་ཁྱད་གསོད་བྱེད་པས་]དབང་ཟ་བའི་ལྟ་བ་དང༌། [ལྟ་བ་དེ་ལ་མི་མོས་པ་ལ་]རབ་ཏུ་འཁྲུག་པའི་ལྟ་བ་དང༌། [ལྟ་བ་དེ་དག་གསུང་རབ་དང་མི་མཐུན་ཡང་མཐུན་ནོ་སྙམ་པ་]ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། [ལྟ་བ་དེ་ལྟ་བུ་ལ་བཀོད་ན་བསོད་ནམས་]འཕེལ་[སྙམ་]བའི་ལྟ་བ་དང༌། [གཞན་གྱིས་དྲིས་ན་ངེད་ལ་ཁས་ལེན་མེད་ཅེས་སོགས་]ཁས་མི་ལེན་པའི་ལྟ་བ་དང༌། [ཚིག་དོར་དང་ལྟག་གཅོད་ཀྱིས་གཞན་ལ་ཅོ་འདྲི་བ་]ངན་གཡོའི་ལྟ་བ་དང༌། [དེ་ལྟར་སྒྲུབ་ན་སངས་རྒྱས་ལ་]བཀུར་སྟིའི་[མཆོག་ཏུ་འགྱུར་སྙམ་དུ་]ལྟ་བ་དང༌། [ཤེས་བྱེད་ཡང་དག་གི་ལྟ་ངན་དེ་བཟློག་ཀྱང་མི་བཟློགས་པ་ནི་]རྨོངས་པ་བརྟན་བའི་ལྟ་བ་དང༌། [ལྟ་ངན་དེ་དག་གི་གནས་ངན་ལེན་ནི་]རྩ་བའི་ལྟ་བ་དང༌། [སྔར་བསྟན་པའི་མཚན་མར་ལྟ་བ་ནི་]ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། [ངོ་བོ་ཉིད་གསུམ་ལ་སྐུར་བ་འདེབས་པ་ནི་]སྦྱོར་བ་སེལ་བའི་ལྟ་བ་དང༌། [ཡོངས་སུ་འཛིན་པའི་ལྟ་བ་དང་བསྒྱུར་བའི་ལྟ་བ་ནི་]ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་དང༌། [ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་ངེས་པར་འབྱུང་བར་ལྟ་བ་ནི་]སྒྲིབ་པ་སྩོགས་པའི་ལྟ་བ་དང༌། [དབང་ཟ་བའི་ལྟ་བ་དང་རབ་ཏུ་འཁྲུག་པའི་ལྟ་བ་ནི་]བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང༌། [ཕྱིན་ཅི་ལོག་ཏུ་ལྟ་བ་དང་འཕེལ་བའི་ལྟ་བ་ནི་]འབྲས་བུ་མེད་པའི་ལྟ་བ་དང༌། [ཁས་མི་ལེན་པའི་ལྟ་བ་དང་ངན་གཡོའི་ལྟ་བ་ནི་]ཆད་པས་བཅད་པའི་ལྟ་བ་དང༌། [བཀུར་བསྟིའི་ལྟ་བ་ནི་]སྐུར་བ་འདེབས་པའི་ལྟ་བ་དང༌། [རྨོངས་པ་བརྟན་པའི་ལྟ་བ་ནི་]བསྙད་པ་མ་ཡིན་པའི་ལྟ་བ་[སྟེ་དེ་དང་འབེལ་གཏམ་བྱ་བ་བཀག་པའི་ཕྱིར་]དང༌། [རྩ་བའི་ལྟ་བ་ནི་]ལྟ་བ་ཆེན་པོ་[སྟེ་དེ་ལས་ལྟ་ངན་ཐམས་ཅད་རྒྱས་པར་འགྱུར་བའི་ཕྱིར་]དང༌། [དེ་ལྟར་ལྟ་ངན་ཉེར་བདུན་པོ་ཐམས་ཅད་ནི་]མངོན་པའི་ང་རྒྱལ་གྱི་ལྟ་བའོ། །[ཡང་མདོ་དེ་ཉིད་ལས། འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། །བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ།།]ཞེས་གསུངས་[ཤིང་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོར་ཡང་འདི་དང་མཐུན་པ་ཞིབ་བཤད་བཅས་པ་བཀའ་སྩལ་]པས་འགའ་ཞིག་ཏུ་སྒྲ་ཇི་བཞིན་པར་བཟུང་བ་དང༌། དགོངས་པའི་དོན་ནམ་དགོངས་ཏེ་གསུངས་པའི་དོན་མ་ཤེས་པ་དང་ཟབ་མོའི་དོན་གཅིག་ཉིད་རྣམ་གྲངས་མང་པོས་བཀའ་སྩལ་པར་མ་རྟོགས་པ་ལས། བདེ་གཤེགས་སྙིང་པོ་དག་པའི་བདག་ཉིད་སྤོང་བ་ལ་སོགས་པ་ཆོས་སྤོང་གི་ལས་རླབས་པོ་ཆེར་འགྱུར་བ་དགག་པའི་དོན་དུ། མྱང་འདས་ཆེན་པོ་ལ་སོགས་པ་འཁོར་ལོ་ཐ་མའི་མདོ་སྡེ་ཟབ་མོ་རྣམས་དང༌། སེམས་འགྲེལ་གྱིས་གསལ་བར་བྱས་པའི་རྒྱུད་སྡེ་ཟབ་མོ་རྣམས་ཀྱི་མན་ངག་ལས་བདེ་གཤེགས་སྙིང་པོ་དག་པའི་བདག་ལ་དགོངས་ཏེ། སྟོང་ཉིད་དང་བདག་མེད་ལ་སོགས་པར་གསུངས་པ་དང༌། སྟོང་ཞིང་བདག་མེད་པའི་གཞི་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་དང་ཆོས་ཉིད་ཀྱི་བདག་ལ་སོགས་པར་གསུངས་པ་རྣམས་ཀྱི་དགོངས་པ་མི་འགལ་ཞིང་དོན་གཅིག་པ་ཉིད་དུ་རྟོགས་དགོས་སོ། །


previousདེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ། next