Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ། next

དེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ།

དད་ཅིང་གུས་པ་དང་ཡིད་ཆེས་པ་ཉིད་དུ་བྱ་སྟེ། དེ་ལྟར་བྱས་ན་ཕན་ཡོན་ཆེན་པོ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །དེ་ཡང་སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང་ད་ལྟར་དང་མ་འོངས་པ་དང༌། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །[དྲང་སྲོང་]མེ་སྦྱིན་ལྟ་བུར་སྒྲ་སྙན་ཐེག་ཆེན་མདོ་སྡེ་ཀླག །མི་འམ་ཅི་དང་དྲི་ཟའི་རྔ་དང་རྔ་ཕྲན་དང༌། །སིལ་སྙན་དག་གིས་[དོན་དམ་བདེ་གཤེགས་སྙིང་པོ་སྟོན་པའི་]གླེགས་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་མཆོད་བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོར་མོར་མིག་གཅིག་པུ[རྣམས་སུ་སྐྱེ་ལ]། །ཕྱི་དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པ་གསུང༌། །ཞེས་དང༌། ཡང་འཇམ་དཔལ་དེ་བཞིན་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་དུ་ངའི་བསྟན་པ་ལོ་དུ་མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་ཀྱང་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་དང་དེ་བཞིན་གཤེགས་པ་ཐེར་ཟུག་དང༌། དེ་བཞིན་གཤེགས་པ་གཡུང་དྲུང་ངོ༌། །ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། ཞེས་དང༌། འཇམ་དཔལ་ཁྱོད་ལྟ་བུ་ནི་དམ་པའི་ཆོས་ལོ་བརྒྱད་བཅུའི་བར་དུ་གནས་པར་འགྱུར་བའི་ཚེ་དམ་པའི་ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ། བདག་གིས་དམ་པའི་ཆོས་ཕྲག་པར་བཀུར་རོ་སྙམ་ནས་འཛམ་བུའི་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐེར་ཟུག་ཞི་བ་གཡུང་དྲུང་ཡིན་ནོ། །ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་བྱའོ། །སེམས་ཅན་རྣམས་ཡིད་ཆེས་ཀྱང་རུང་མི་ཆེས་ཀྱང་རུང་ངའི་[སྟེ་བདག་རང་གི་]ལུས་བསད་དམ་དུམ་བུར་བྱས་ཀྱང་རུང་གདོད་བདག་གིས་ལུས་རྟག་པའི་སྐུར་འགྱུར་ཏེ། ཁུར་ཁྱེར་བ་རབ་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷོ་ཕྱོགས་ཀྱི་རྒྱུད་ནས་འབྱུང་ངོ༌། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ཏོ། །ཞེས་དང༌། ལྷོ་ཕྱོགས་པའི་རྒྱུད་དུ་ཐེག་པ་ཆེན་པོ་སྟོན་པར་འགྱུར་ཏེ་ནན་ཏན་སྙིང་པོར་བྱེད་པ་དེ་བཞིན་གཤེགས་པའི་སྤྱད་པ་སྤྱོད་པ་དངོས་པོ་ཆེན་པོ་བརྒྱད་དང་བྲལ་བ་དེ་བཞིན་གཤེགས་པ་རྟག་པ་དང་ཐེར་ཟུག་དང་ཞི་བ་དང་དེ་བཞིན་གཤེགས་པའི་སྙིང་པོ་བརྟན་པའོ་ཞེས་སྟོན་པར་འགྱུར་རོ། །ངའི་ཉན་ཐོས་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་[ཆོས་དེ་ལ་]ནན་ཏན་སྙིང་པོར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ཁུར་དུ་ཐོགས་པར་འགྱུར་རོ། །ཞེས་སོགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང་[གཞན་གྱིས་]གཙེ་བ་[སྟེ་གཙེས་པ་]མེད་པ་དང་ཚེ་རིང་བ་དང་འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་གཡུང་དྲུང་ཐེར་ཟུག་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་དང༌། ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་དང་ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི། དཔེར་ན་གདོལ་པ་ལ་རྒྱལ་པོའི་བ་ལང་ལྟ་བུར་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། མྱང་འདས་ཆེན་པོར་ཡང༌། དེ་བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་[རང་བཞིན་གཉུག་མའི་]སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་ལྟའོ། །འཇམ་དཔལ་མུ་སྟེགས་ཅན་ངན་པར་ལྟ་བ་ནི་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲའི། ཚུལ་ཁྲིམས་སྲུང་བའི་དགེ་སློང་དག་ནི་དེ་ལྟར་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་པ་ཡིན་པར་མི་ལྟའོ། །ཇི་སྟེ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན་དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་པར་བྱ་བ་ནི། ཇི་ལྟར་གང་ཟག་བདག་[རང་]གི་ཁྱིམ་ན་གནས་པ་བཞིན་[དམྱལ་བར་གནས་པ་ཡིན་]ནོ། །འཇམ་དཔལ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས། འདུས་བྱས་ཞེས་བརྗོད་པར་མི་བྱའོ། །འཇམ་དཔལ་དེང་སླན་ཆད་འཁོར་བར་འཁོར་བ་ན་[གཤིས་ལུགས་]ཤེས་པ་མེད་པ་སྤངས་ཏེ་[གཤིས་ལུགས་]ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ་གང་ཞིག་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཙུན་དཱ་ལ་སྨྲས་པ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཚེ་རིང་བར་འགྱུར་བའི་རྒྱུ་མངོན་སུམ་དུ་གྱུར་ཏེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་འདུས་མ་བྱས་པའི་ཆོས་སུ་རྟོགས་པ་ལེགས་སོ། །ཁྱོད་ཀྱིས་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པ་ལེགས་སོ། །ཇི་ལྟར་མེས་ཚིག་པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས། གོས་ཀྱིས་ལུས་གཡོགས་པ་དང༌། བསམ་པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས། ཚངས་པའི་རྒྱལ་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་བོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི་ངན་སོང་དུ་མ་སྐྱེས་སོ། །དེ་བཞིན་དུ་ཁྱོད་ཀྱང་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པས་ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། མ་འདྲེས་པའི་[སངས་རྒྱས་ཀྱི་]ཆོས་བཅོ་བརྒྱད་དང༌། ཚེ་ཚད་མེད་པ་དང༌། འཁོར་བར་མི་གནས་པ་དང༌། རབ་ཏུ་བདེ་བ་དང༌། རིང་པོར་མི་ཐོགས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་ཝ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ། །ཞེས་དང༌། དེ་ལ་སེང་གེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་བདག་མེད་པ་ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་བདེ་བ་བདག་དང་ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་དང༌། [རྒྱན་སྟུག་པོའི་མདོར་ཡང༌། ཆོས་འདི་འཛིན་ཅིང་སྨྲ་བ་དེ་མཐོང་ངམ་རེག་གམ་མཆོད་དམ། དེའི་དུར་རམ་རོའམ་རོ་བམ་པོ་མཐོང་ངམ་དེའི་ཤ་ཟོས་པས་ཀྱང་མཚམས་མེད་པ་རྣམས་བྱང་ཞིང་ངན་སོང་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དང༌། རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་བ་ལ་སོགས་པ་ཕན་ཡོན་དཔག་མེད་གསུངས་པས་རྒྱས་པར་མདོ་དེ་ཉིད་བལྟ་བར་བྱའོ།།]སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མའི་འགྲེལ་པ་ཤེས་རབ་སྒྲོན་མར། མྱང་འདས་ཆེན་པོ་ཤེས་བྱེད་དུ་དྲངས་པ་ཡང༌། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི། སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང་སྐུར་བ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་གསུངས་སོ། །[དེས་ན་སློབ་དཔོན་འདི་ཡང་བདེ་གཤེགས་སྙིང་པོ་ངེས་དོན་དུ་བཞེད་པར་གསལ་ལོ།།]དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་[སྔ་མ་]དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་དང༌། [རབ་ཞི་རྣམ་ངེས་ཀྱི་མདོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པའོ། །གཡུང་དྲུང་ངོ་ཞེས་ཚིག་ཏུ་སྨྲ་ན་ཡང་བསྐལ་པ་བྱེ་བར་དགེ་འདུན་དཔག་ཡས་ལ་ཅི་འདོད་པ་ཕུལ་བ་བས་ཀྱང་བསོད་ནམས་ཆེས་ལྷག་པར་གསུངས་སོ།།]སྤྲིན་ཆེན་པོའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མདོ་གང་དང་ལྡན་ན་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་བ་དང༌། ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་བ་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་རྟག་པ་དང་ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང༌།[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་བ་དང་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་རྟག་པ་དང་ཐེག་ཟུག་པ་དང་བརྟན་པ་དང་ཞི་བའོ། །ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་བ་དང༌། ཞེས་དང༌། མི་རྟག་པ་དང་སྟོང་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དང་བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང༌། ཆོས་ནུབ་པར་འགྱུར་བར་སྨྲ་བའི་སེམས་ཅན་ལ་[རང་བཞིན་གཉུག་མའི་]དམ་པའི་ཆོས་བརྟན་པའི་རང་བཞིན་གྱི་མིག་རྣམ་པར་སྦྱང་བའི་དོན་དང༌། ཞེས་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་དང་ཡི་གེ་སྤེལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དམ་པའི་ཆོས་བསྟན་པའི་གཏེར་དང་ཁྱོད་དང་འདྲ་བ་དག་གི་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང༌། དམ་པའི་ཆོས་བསྟན་པའི་གཏེར་དང༌། སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་ཏེ་སེམས་ཅན་ཐམས་ཅད་ཀྱི་[ཆོས་ཉིད་རིན་པོ་ཆེའི་]གཏེར་བརྟན་པར་བཞག་པ་ངས་བཤད་པར་བྱའོ། །ཞེས་དང༌། [རང་བཞིན་གཉུག་མའི་]སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུ་ཡང་སྟོན་པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཡང༌། །འབྱུང་བར་འགྱུར་བ་ཡོང་མེད་དེ། །རུས་པ་ཁྲག་དང་ཤ་མེད་ལ། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པ་མཛད། ། [རང་བཞིན་གཉུག་མའི་]བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །[རང་བཞིན་གཉུག་མའི་]བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །[རང་བཞིན་གཉུག་མའི་]ཆོས་བསྟན་པ་ཡང་དེ་འདྲ་སྟེ། །[ཞེས་སོགས་དང༌། གསེར་འོད་དམ་པ་ལ་སོགས་སུ་ཡང༌། སངས་རྒྱས་མྱ་ངན་ཡོང་མྀ་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །]ཞེས་སོགས་དང༌། རྒྱུད་བླ་མར་ཡང༌། སངས་རྒྱས་ཁམས་[ཏེ་དབྱིངས་]དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་[ཀྱི་]ཆོས་[ཡོན་ཏན་]དང་སངས་རྒྱས་[ཀྱི་]འཕྲིན་ལས་ཏེ། །[རྡོ་རྗེའི་གནས་བདུན་པོ་བསམ་གྱིས་མྀ་ཁྱབ་པས་]དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། ། སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་[དུ་]མེད་[པའི་]ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་[གྱྀ་]ཞིང་[ཁམས་]ནོར་བུས་སྤྲས་པ་ནི། །སངས་རྒྱས་[ཀྱི་]ཞིང་རྡུལ་[དང་]མཉམ་པ་ཉིན་རེ་[བཞིན་]ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི།།སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང༌། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇོམས་བསམ་གཏན་ནི། །ལྷ[འི་གནས་པ་བསམ་གཏན་བཞི་]དང་ཚངས་[པའི་]གནས་[པ་ཚད་མེད་པ་བཞི་ནི་ཡོན་ཏན་གྱི་]མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་[ཐོབ་པའི་]ཐབས་[སུ་]བསྒོམས་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །[དེ་ཙམ་དུ་ཁྱད་ཞུགས་པའི་རྒྱུ་མཚན་ནི་]གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་[ཐོབ་ཅིང་བསམ་གཏན་བཞི་སོགས་]བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །[གཤིས་ལུགས་རྟོགས་པའི་]ཤེས་རབ་[དང་ཅིར་ཡང་མི་རྟོག་པའི་ཤེས་རབ་ཀྱིས་]ཉོན་མོངས་[པའི་སྒྲིབ་པ་དང་]ཤེས་བྱ[འི་སྒྲིབ་པ་]ཀུན་སྤོང་དེ་ཡི་ཕྱིར། །[ཤེས་རབ་]འདི་མཆོག་ཉིད་དེ་[ཤེས་རབ་]དེ་ཡི་རྒྱུ་ནི་[བདེ་གཤེགས་སྙིང་པོ་]འདི་ཐོས་[པ་]ཡིན[པས་སོ]། །ཞེས་གསུངས་ལ། སྔོན་གྱི་དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་གཏོང་ཞེས་བྱ་བས་གདན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་འདི་དཔེ་འབུམ་ཕྲག་དུ་མས་བསྟན་པ་ན་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚེགས་ཆུང་ངུས་གོ་བར་གྱུར་ཅིང་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཐོས་པ་དེ་དག་ཐམས་ཅད་ཀྱང་རིམ་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་རྒྱས་ཐོབ་པར་གསུངས་ཤིང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དང་འཇམ་དཔལ་དང་རྡོ་རྗེའི་བློ་གྲོས་ཏེ་བཞི་ནི་མ་གཏོགས་སོ། །ཞེས་པའི་དོན་འདི་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་གསལ་ཞིང་རྒྱས་པར་གསུངས་ནས། ཡང་དེ་ཉིད་དུ། ང་ཡང་སྔོན་ནི་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་མཆོག་འདི་ནི་གཟུང་བར་བྱ། །ཞེས་[དང༌། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པར་ཡང༌། ང་ནི་འདས་ནས་གཤེགས་ཕྱི་ན། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། ཞེས་]པ་ལ་སོགས་པས་བདེ་གཤེགས་སྙིང་པོ་ལ་དད་ཅིང་གུས་པ་ལ་སོགས་པའི་ཕན་ཡོན་རླབས་ཆེན་པོ་བཀའ་སྩལ་ཏོ། །


previousདེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ། next