Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ། next

འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ།

འཁོར་ལོ་གསུམ་ལ་དྲང་དོན་དང་ངེས་དོན་གང་ཡིན་པ་དང༌། ལེགས་པར་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ནི། དགོངས་པ་ངེས་པར་འགྲེལ་པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་[བར་]སྐབས་[སམ་བར་ལགས་]མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་[བར་]སྐབས་[སམ་བར་ལགས་]མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་[བར་]སྐབས་[སམ་བར་ལགས་]མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་[འཁོར་ལོ་གསུམ་པ་]འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང༌། ཡི་གེ་འདྲིར་རྩོལ་བ་དང༌། ཡི་གེ་བྲིས་ནས་ཀྱང་འཆང་བ་དང་ཀློག་པ་དང༌། མཆོད་པ་དང་[གཞན་དག་ལ་]ཡང་དག་པར་འགྱེད་པ་དང་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་སེམས་པ་དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་བསྐྱེད་དེ་དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་དག་ནི་ས་[བྱིན་པོ་]ལ་གནས་པའི་སའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའི་ཚེ་རྟོག་པ་ཐམས་ཅད་དང་བྲལ་དགོས་པས་ཡུལ་ཅན་འཛིན་པ་འགོག་པའི་དོན་དུ་ཡུལ་ཐམས་ཅད་དགག་པའི་ཕྱིར་ཐམས་ཅད་མེད་པ་དང་མ་གྲུབ་པ་དང་དབེན་པ་ལ་སོགས་པ་རྣམ་པ་མང་པོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ལྷུར་མཛད་ཀྱི་ཡོད་མེད་ལ་སོགས་པར་རྣམ་པར་ཕྱེ་བ་ལྷུར་མཛད་པ་ནི་མ་ཡིན་པའི་ཕྱིར་འཁོར་ལོ་གཉིས་པ་ནི་སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱས་པས་ཞི་གནས་ལྷག་མཐོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེས་པ་ན་ཡོད་མེད་དང་སྟོང་མི་སྟོང་ལ་སོགས་པར་ཕྱེ་ནས་བསྟན་ཅིང་ཇི་ལྟར་གནས་པ་དང་ཇི་ལྟར་ཡིན་པ་བཞིན་དུ་ངོ་སྤྲོད་པ་དགོས་ཏེ། [དེའི་རྒྱུ་མཚན་]ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་སོགས་པར་གནས་པ་མ་ཡིན་གྱི་མེད་ཅིང་སྟོང་པ་དང་དེ་དག་གི་གཞི་[གང་ཡིན་]ལ་སོགས་པ་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང༌། རྣམ་གཅོད་ཀྱི་གཞི་ལ་ཡོངས་གཅོད་བཞུགས་པའི་ཕྱིར་དང༌། སྐྱོན་ཐམས་ཅད་རང་བཞིན་གྱིས་སྤངས་པའི་གཞི་ལ། མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཚང་བའི་རྟོགས་པ་ལྷུན་གྲུབ་ཏུ་བཞུགས་པའི་ཕྱིར་རོ། །དེ་བས་ན་འཁོར་ལོ་གསུམ་པ་ནི་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་སོ། །དེ་བཞིན་དུ་འཁོར་ལོ་གཉིས་པར་དགོས་པའི་དབང་གིས་རང་སྟོང་མ་ཡིན་པ་རྣམས་ཀྱང་རང་སྟོང་དུ་སྟོན་པ་ལ་སོགས་པ་དང་ལེགས་པར་ཕྱེ་སྟེ་ནང་འགལ་མེད་པར་མ་བྱས་པ་ལ་སོགས་པའི་རྒྱུ་མཚན་འགའ་ཞིག་གིས། བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་ཞེས་གསུངས་ལ། འཁོར་ལོ་གསུམ་པར་ནི་དེ་དག་ལས་བཟློག་ནས་དོན་ཇི་ལྟ་བ་བཞིན་ལེགས་པར་ཕྱེ་བ་ལ་སོགས་པའི་རྒྱུ་མཚན་གྱིས་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་པ་མ་ལགས་ཞེས་པའོ། །


previousའཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ། next